TTDL-ZABTER-17-TSA-003: Difference between revisions

From Dudjom Wiki
TTDL-ZABTER-17-TSA-003
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 17: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༧
|volyigtib=ཙ
|volumenumber=17
|volumenumber=17
|volumeLetter=TSA
|volumeLetter=TSA

Revision as of 12:47, 1 August 2024

Wylie title TTDL-ZABTER-17-TSA-003.pdf
Location bdud 'joms gling pa zab gter
Volume 17, Text 3, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 17: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
བརྡ་ཡིག་༠༠༠༠༠༦༠༩༔ དག་སྣང་ཡེ་ཤེས་དྲ་བ་ལས༔ ཀ་དག་ཀུན་ཏུ་བཟང་མོའི་དབྱིངས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་མཛོད༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད༔ གསང་ཆེན་སྔགས་ཀྱི་ཡང་བཅུད་བཞུགས༔ བརྡ་ཡིག་༠༠༠༠༠༦༡༠༔ རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག༔ བདེ་གཤེགས་སྙིང་པོར་མི་ཕྱེད་དད་པས་འདུད༔ འཁོར་འདས་ལམ་གསུམ་མཉམ་པ་ཉིད་ཀྱི་ངང་༔ སྟོང་ཁྱབ་ནམ་མཁའ་རྣམ་པར་དག་པ་རུ༔ སྤྲོས་བྲལ་ཆོས་སྐུའི་རྣལ་འབྱོར་ཆེན་པོ་ངས༔ ཡེ་ཤེས་སྒྱུ་འཕྲུལ་རྩལ་དུ་ཤར་བའི་ཚུལ༔ གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་ཉིད༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་ཡེ་སངས་རྒྱས༔ ལྷུན་གྲུབ་རོལ་པ་སྐུ་གསུམ་མཉམ་སྦྱོར་དབྱིངས༔ སྟོན་འཁོར་དགོངས་པ་དབྱེར་མེད་རོལ་པ་རུ༔ བདག་དང་སྐལ་པ་མཉམ་པའི་སྐྱེས་བུ་འགའི༔ ལས་སྨོན་བསོད་ནམས་བཟང་པོའི་དཔལ་དུ་ཤར༔ ལམ་འདིར་ལས་འཕྲོ་མེད་པའི་སྐྱེ་བོ་ཡིས༔ རི་མོའི་ཟས་ནོར་བཞིན་དུ་ཐོབ་ལེན་མེད༔ སྐལ་བཟང་སྐྱེས་བུ་དག་གི་སྤྱོད་ཡུལ་དུ༔ ཆོས་ཉིད་ནམ་མཁའ་མཛོད་འདི་ཕ་ཕོག་ཕེབས༔ སྟོན་མཆོག་ཀུན་བཟང་ཁྱབ་བདག་རྡོ་རྗེ་ཡིས༔ སྒྱུ་འཕྲུལ་རོལ་པའི་འཁོར་དུ་ངོམས་པ་ལ༔ ཉོན་ཅིག་གཉིས་མེད་རོལ་པའི་རང་རྩལ་འཁོར༔ ཀུན་བྱེད་རྒྱལ་པོ་སྒོ་གསུམ་གཙོ་ལ་བརྟག༔ ངོས་བཟུང་ཀུན་བྱེད་རྒྱལ་པོའི་གཟུགས་ཁ་དོག༔ བྱུང་གནས་འགྲོ་གསུམ་ཡུལ་མེད་ཟང་ཐལ་ངང་༔ ཁྲེགས་ཆོད་ལམ་གྱི་ངོ་བོར་ལྷུན་གྱིས་གྲུབ༔ གཅིག་ཅར་གཞི་མེད་རྩ་བྲལ་ལམ་དུ་ཚུད༔ གཞན་དག་ནམ་མཁའ་དག་ལ་བབས་ཀྱིས་བཞག༔ བདུན་ཕྲག་གསུམ་གྱིས་ངེས་གསང་ལམ་དུ་འཛུད༔ དབང་པོ་དམན་པའི་རིགས་ཅན་དག་ལ་ཡང་༔ གནས་དང་འགྱུ་བ་གཉིས་སུ་ངོ་སྤྲད་ནས༔ སེམས་ལ་ལམ་བྱས་རིག་པའི་དབྱིངས་སུ་སྐྱེལ༔ དང་པོ་གཉིས་ནས་གཅིག་གྱུར་རྩེ་གཅིག་དང་༔ མ་བལྟས་བཞག་པས་རང་རྩལ་མངོན་གྱུར་དང་༔ སྟོང་པ་ཧར་སང་དྲན་སྟོང་ཡན་པ་དང་༔ སྟོང་གསལ་ངང་གནས་རང་གསལ་དྲན་པ་ཞེས༔ སྔ་མ་གཉིས་ཀྱིས་གང་ཤར་མངོན་དུ་བྱེད༔ ཕྱི་མ་གཉིས་ནི་འཛིན་སྟངས་ཁོ་ན་ལས༔ རྣམ་པར་རྟོག་པ་འགགས་པས་མི་རྟོག་པ༔ ཀུན་ལ་བདེ་དང་སྟོང་པ་གསལ་སྣང་ཚོགས༔ ཞེན་དང་ཆགས་པའི་ཡུལ་དུ་གྱུར་པ་དང་༔ ལུས་ངག་ཡིད་ལ་ན་ཚ་མི་བདེའི་ཉམས༔ སོ་ཟིན་མེད་པར་རིམ་པ་བཞིན་དུ་འབྱུང་༔ བཟང་པོར་རེ་རློམ་མངོན་ཞེན་སྐྱེས་པ་དང་༔ ངན་པར་དོགས་དང་གནོད་བྱེད་རང་རྒྱུད་པར༔ བལྟས་ཚད་གོལ་ཤོར་ནོར་བའི་འཕྲང་ལ་ཐོགས༔ ཀུན་གྱི་སྤྱི་ཆིངས་ལམ་གྱི་གནད་གཅིག་པུ༔ བདེ་སྡུག་བར་གསུམ་མྱོང་ཚོར་ཐམས་ཅད་ཀུན༔ བདེན་མེད་ཉམས་ཀྱི་རྫུན་རིས་ངེས་པ་རུ༔ ཤེས་ཏེ་དགག་སྒྲུབ་མེད་པར་བཞག་པས་ན༔ གོལ་ཤོར་ཚར་གཅོད་ཤེས་རབ་མིག་གཅིག་ཡིན༔ འགའ་ཞིག་བཤེས་གཉེན་དམ་པ་རིང་གྱུར་ནས༔ ས་བཅད་ལྔ་པོ་ལམ་གྱི་དམ་པར་བཟུང་༔ རྩེ་གཅིག་ཉམས་སུ་ལེན་ལ་བརྩོན་དྲག་ན༔ སེམས་ཀྱི་རྩལ་ཉམས་དྲན་པའི་ངང་བརྟན་ནས༔ མི་ཡི་ལུས་ལ་དུད་འགྲོའི་སེམས་སུ་འགྱུར༔ འགའ་ཞིག་སྨྱོ་འབོགས་དག་ཏུ་འཕྱན་པར་འགྱུར༔ དེ་ཕྱིར་དགེ་བའི་བཤེས་གཉེན་འབྲལ་མེད་བསྟེན༔ མདོར་ན་འདི་དག་སེམས་ལ་ལམ་བྱེད་སྐབས༔ ཐར་དང་རྣམ་མཁྱེན་ལམ་ལ་སྤུ་ཙམ་ཡང་༔ ཉེ་བ་མ་ཡིན་ཕྱིར་ན་ཡུན་རིང་པོར༔ བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ན་ཡང་༔ མི་ཚེ་སྟོང་ཟད་ཆུད་དུ་ཟ་བར་ངེས༔ ཤེས་པར་གྱིས་ཤིག་སྐལ་བཟང་སྐྱེས་བུ་རྣམས༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ མ་དག་པ་སེམས་ལ་ལམ་བྱེད་པའི་སྐབས་ཏེ་དང་པོའོ༔ ཤེས་རབ་རྡོ་རྗེ་རྣོན་པོ་མངོན་གྱུར་ནས༔ རིག་པ་ལུང་མ་བསྟན་གྱི་གཞི་ལས་འཕགས༔ ཅི་ཡང་མ་ཡིན་སྨྲ་བསམ་བརྗོད་ལས་འདས༔ བསྒོམ་བཅོས་དགག་སྒྲུབ་མེད་པར་རང་ཡན་པ༔ ཤེས་རབ་རྡོ་རྗེ་རྣོན་པོར་ལྷུན་གྱིས་གྲུབ༔ ལྟ་སྒོམ་སྤྱོད་པ་གཞི་ལམ་འབྲས་བུའི་ཆོས༔ སྐྱབས་སེམས་ཕར་ཕྱིན་དྲུག་དང་ལྷ་སྔགས་དལ༔ མ་ལུས་རྡོ་རྗེ་རྣོན་པོར་གཅིག་དྲིལ་རྫོགས༔ མ་རིག་ཉོན་མོངས་བདུད་ཀྱི་དབང་གྱུར་པའི༔ སེམས་ཅན་གང་དག་སྐད་ཅིག་བྱེ་བྲག་ཕྱེད༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་མངོན་དུ་བྱེད༔ ལྷར་བཅས་སྐྱེ་རྒུའི་བསོད་ནམས་ཞིང་སར་འགྱུར༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ ལྷག་མཐོང་རྡོ་རྗེ་རྣོན་པོའི་རང་ཞལ་མངོན་དུ་བྱེད་པའི་སྐབས་ཏེ་གཉིས་པའོ༔ སོར་རྟོག་ཤེས་རབ་རྡོ་རྗེ་རྣོན་པོ་ཡིས༔ བདག་རྟོག་འཁོར་བའི་རི་བོ་བཅོམ་པར་བྱེད༔ འཁོར་བའི་རྩ་བ་ང་རུ་འཛིན་པ་ཡི༔ བྱུང་གནས་འགྲོ་གསུམ་མིང་དང་དངོས་པོར་གཞིག༔ ཡུལ་མེད་སྟོང་པ་ཉིད་དུ་ཐག་ཆོད་པ༔ གང་ཟག་བདག་མེད་གཏན་ལ་ཕེབས་པའོ༔ བདག་དང་ཡུལ་གྱི་མིང་གི་གདག་གཞི་བཙལ༔ ཡུལ་མེད་སྟོང་པ་ཉིད་དུ་ཐག་ཆོད་ནས༔ དངོས་པོ་ཐམས་ཅད་རྡུལ་ཕྲན་ཆ་མེད་ནས༔ རང་བཞིན་མེད་པར་སྟོང་པའི་ངང་ཚུལ་བརྟག༔ འདི་སྣང་ཕྱི་སྣང་རྨི་ལམ་སྣང་སྲིད་ཆོས༔ ཡུལ་མེད་སྟོང་པའི་དབྱིངས་སུ་ཐག་ཆོད་བྱ༔ ལས་འབྲས་དགེ་སྡིག་ལྷ་འདྲེས་ཕན་གནོད་པ༔ ཡུལ་མེད་ཟང་ཐལ་ངང་དུ་ཐག་ཀྱང་གཅོད༔ སངས་རྒྱས་དང་ནི་སངས་རྒྱས་ཞིང་བཀོད་པ༔ ཁམས་གསུམ་འཁོར་བའི་སྣང་སེམས་ཡུལ་དང་བཅས༔ བྱུང་གནས་འགྲོ་གསུམ་གཞི་དང་རྩ་བ་བཅད༔ ཐམས་ཅད་ཡུལ་མེད་སྟོང་པ་ཉིད་ཀྱི་ངང་༔ ཁ་ཙམ་མིན་པར་དོན་གྱིས་ཤེས་པར་གྱིས༔ སྟོང་ཆེན་ནམ་མཁའ་འཁོར་བའི་སྣང་གཞིར་གྲུབ༔ ཐམས་ཅད་ཡུལ་མེད་ནམ་མཁའི་ཁོར་ཡུག་ཏུ༔ ཐག་བཅད་ནམ་མཁའ་ཀུན་གྱི་གཞི་རུ་གྲུབ༔ ནམ་མཁའ་རྣམ་པར་དག་པ་སངས་རྒྱས་ཏེ༔ གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་ལགས༔ དེས་ན་ཐམས་ཅད་སྟོང་པ་ཉིད་དུ་རྟོགས༔ བདག་མེད་ཤེས་རིག་རྡོ་རྗེ་རྣོན་པོ་ཉིད༔ མངོན་གྱུར་གཞིར་གནས་རིག་པ་ཚད་དུ་ཕེབས༔ དེ་མཐར་རེ་དོགས་འཛིན་ཞེན་ཕུག་རྡིབ་ཕྱིར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་བཏབ་ནས༔ ཆིངས་ཆེན་གསུམ་གྱི་མན་ངག་གནད་ལྡན་པས༔ གཉན་ཁྲོད་ངེས་མེད་དག་ཏུ་རྒྱུ་བྱས་ནས༔ གཅེས་འཛིན་ལུས་ཀྱི་མཆོད་སྦྱིན་མཆོག་ཏུ་བྱ༔ དེ་ཡིས་རེ་དང་དོགས་པའི་རྫུན་ཕུག་རྡིབ༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ གཞི་ཡི་ཆོས་སྐུ་མངོན་དུ་བྱེད་པའི་སྐབས་ཏེ་གསུམ་པའོ༔ སྣང་སྲིད་ཀུན་གྱི་ངོ་བོ་སྟོང་པ་ཉིད༔ སྟོང་ཆེན་ལམ་གྱི་ངོ་བོར་ལྷུན་གྱིས་གྲུབ༔ ངོ་བོ་ཆོས་སྐུ་བདེ་གཤེགས་སྙིང་པོ་ནི༔ འཁོར་འདས་གཉིས་ཀྱིས་བཅོས་དང་བསྒྱུར་དུ་མེད༔ སྤྲོས་པའི་མཐའ་བྲལ་རྣམ་ཐར་སྒོ་གསུམ་ལྡན༔ སྐུ་ལྔ་རིགས་ལྔ་ཡེ་ཤེས་རྣམ་ལྔ་དང་༔ ཞིང་ལྔ་ཡབ་ལྔ་ཡུམ་ལྔ་དཀོན་མཆོག་གསུམ༔ རྩ་གསུམ་རིགས་དང་དཀྱིལ་འཁོར་དབང་བསྙེན་པ༔ མ་ཧཱ་ཡོ་གའི་ངོ་བོར་ལྷུན་གྱིས་གྲུབ༔ ལུས་ཀྱི་ནང་གནས་བཀོད་པ་ལྔ་ལྡན་དང་༔ རྩ་རླུང་ཐིག་ལེ་སྦྱང་བསྒྱུར་འབར་འཛག་ལམ༔ དབང་དང་དགའ་བཞིར་བཅས་པ་ཐམས་ཅད་ཀུན༔ བདེ་གཤེགས་སྙིང་པོའི་ལྷུན་གྲུབ་ཆ་ལས་འཕྲུལ༔ མདོར་ན་ཆོས་སྐུ་མཚན་མ་བྲལ་བའི་དབྱིངས༔ འཁོར་བའི་སྒོ་བསྟུན་མིང་ཚུལ་མཚན་མས་བཅིངས༔ གདུལ་བྱ་རྟག་འཛིན་ཅན་རྣམས་ཁ་དྲངས་ཕྱིར༔ མངོན་པར་ཞེན་པ་དྲུག་ལས་ལྡོག་པའི་ཕྱིར༔ གསལ་དག་སྟོང་པ་གསུམ་གྱིས་རུ་བཟློག་བྱེད༔ དེ་ཕྱིར་ཀུན་རྫོབ་བཅོས་མའི་ཆོས་དེ་དག༔ དཔེར་ན་རྒྱ་མཚོར་ཆུ་ཕྲན་སྤྲོ་བསྡུ་བཞིན༔ བདེ་གཤེགས་སྙིང་པོར་ཐེག་ཀུན་སྤྲོ་བསྡུ་བྱེད༔ དེ་ཕྱིར་གཞི་ཡི་རྫོགས་པ་ཆེན་པོར་གྲགས༔ རྟག་ཆད་མཐར་ཞེན་མུ་སྟེགས་ལམ་ཚོལ་བ༔ སྣང་སེམས་མངོན་ཞེན་འཐས་པས་རྒྱུད་འཁྲུལ་འཁོར༔ གང་ཟག་བདག་མེད་ལམ་བྱེད་ཉན་ཐོས་པ༔ རྟེན་འབྲེལ་ལུགས་ལྡོག་སྟོང་འཛིན་རང་རྒྱལ་ལམ༔ སྣང་སྲིད་སེམས་སུ་ལྟ་བའི་སེམས་ཙམ་པ༔ ཐམས་ཅད་སྟོང་པར་འཛིན་པའི་དབུ་མ་པ༔ གཙང་སྦྲ་གཙོར་སྟོན་ཡུལ་ཞེན་ཀྲི་ཡ་པ༔ ལྟ་སྤྱོད་གོང་འོག་འདྲེས་པའི་ཨུ་པ་ཡ༔ དམ་ཡེ་ཐ་དད་རང་རྒྱུད་ཡོ་ག་པ༔ ཡུལ་གོལ་རང་རྒྱུད་ལྟ་བའི་མ་ཧཱ་དང་༔ དབྱིངས་ཡེ་རྒྱུ་འབྲས་མངོན་རློམས་ཨ་ནུའི་ལམ༔ དེ་དག་རྣམས་ཀྱི་ས་ལམ་ཉམས་རྟོགས་ཀུན༔ རྫོགས་པ་ཆེན་པོའི་ལྷུན་གྲུབ་ཉག་ཕྲན་རེ༔ རྒྱ་མཚོའི་ཆུ་བླངས་རྒྱ་མཚོར་འཛིན་པ་བཞིན༔ འདི་དོན་རྟོགས་པས་ཐེག་ཀུན་ཉམ་རེ་ཐག༔ ཤེས་རབ་ཡེ་ཤེས་མངོན་གྱུར་རིག་པའི་དབྱིངས༔ སྤངས་ཐོབ་བྲལ་བའི་སངས་རྒྱས་ཀུན་ཏུ་བཟང་༔ འཁོར་འདས་ལམ་གྱི་ངོ་བོ་རྫོགས་པ་ཆེ༔ ཡིན་ཕྱིར་ལམ་གྱི་རྫོགས་པ་ཆེན་པོར་གྲགས༔ རྒྱུ་ཡི་ཐེག་ཀུན་འབྲས་བུ་རློམས་པའི་ས༔ བདེ་གཤེགས་སྙིང་པོ་མངོན་གྱུར་ཀུན་བཟང་ཉིད༔ འཁོར་བའི་སྣང་སེམས་སྐུ་དང་ཡེ་ཤེས་སུ༔ མ་སྤངས་རང་གྲོལ་རྒྱལ་ཀུན་བཀའ་ཚད་མ༔ དེ་ལས་འབྲས་བུ་རློམས་པ་ཨ་ཐང་ཆད༔ དེ་ཕྱིར་ཆོས་རྣམས་ཀུན་གྱི་འབྲས་བུར་གྱུར༔ འབྲས་བུའི་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ༔ སྲིད་དང་ཞི་བའི་མཐའ་རུ་མ་ལྷུང་བར༔ མཁྱེན་དང་གཟིགས་པའི་ཡེ་ཤེས་རྩལ་ཆེན་འབར༔ མིང་གི་འཇུག་སྒོ་ཐ་དད་མ་གྲུབ་ཀྱང་༔ གདུལ་བྱའི་དོན་དུ་མིང་གི་ཐ་སྙད་གདགས༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ གཞི་རང་གི་མཚན་ཉིད་དང་ཡོན་ཏན་གཏན་ལ་དབབ་པའི་སྐབས་ཏེ་བཞི་པའོ༔ དེ་ཕྱིར་ཀ་དག་ཆེན་པོའི་རོལ་པ་ལས༔ མ་དག་འཁོར་བའི་སྣང་སེམས་མཆེད་པ་ནི༔ བདག་རྟོག་ཕྲ་བས་ཤེས་རབ་ཡེ་ཤེས་བསྒྲིབ༔ གཞི་ཡི་མདངས་གདངས་ལྷུམས་སུ་ནུབ་པ་ལས༔ ཕྱི་གདངས་འཁོར་བའི་ཀུན་གཞི་ལུང་མ་བསྟན༔ བེམ་སྟོང་མཁའ་ལས་གསལ་བའི་ཆ་མངོན་ཅིང་༔ ངར་འཛིན་ཤེས་པ་སྣང་སེམས་མཆེད་གཞིར་ལངས༔ ཡིད་ཉིད་གཅིག་པུ་འཆར་རུང་གཞིར་གྲུབ་ནས༔ རྣམ་པར་ཤེས་པ་དྲུག་གི་གཡོ་སྒྱུ་ལས༔ མ་ངེས་སྣང་ཡུལ་སྒྱུ་མའི་འཕྲུལ་བཞིན་སྣང་༔ སོ་ཟིན་མེད་པར་སྤུ་རྩེ་རླུང་བསྐྱོད་བཞིན༔ འཕྲུལ་གཡོ་འབྱེད་སྡུད་བསྒྱུར་བྱེད་རླུང་ལྔ་ཡིས༔ མ་དག་བསྐལ་པ་ཆགས་གནས་འཇིག་སྟོང་བྱེད༔ སྒོ་ལྔའི་རྣམ་ཤེས་གཟུང་བ་ཡུལ་དུ་མཆེད༔ ཡིད་ཤེས་ཕྲ་བའི་འགྱུ་རྟོག་འཛིན་པར་ལངས༔ ཉིན་གཅིག་ཕྲ་བའི་བསྐལ་པ་གྲངས་མེད་ནུབ༔ ཡིད་ཀྱི་ཁམས་སུ་ཡོ་ལོག་ཉིན་སྣང་དང་༔ ཀུན་གཞིའི་ཁམས་སུ་ཡོ་ལོག་མཚན་སྣང་ཤར༔ གཉིད་དུ་ཕྱོགས་ཚེ་བསྐལ་པ་དབྱིངས་སུ་ཞིག༔ ཀུན་གཞི་གཟུགས་མེད་ཉོན་ཡིད་གཟུགས་ཀྱི་ཁམས༔ ཡིད་ཉིད་འདོད་པའི་ཁམས་སུ་ལྷུན་གྱིས་གྲུབ༔ ཁམས་གསུམ་ཕྱི་རུ་རྡུལ་ཙམ་སྲིད་མ་ཡིན༔ བདག་ལྟའི་རཱུ་ཏྲ་འཁོར་བའི་མ་ཏྲཾ་ཀ༔ ཁྱོད་ལུས་འདོད་ཁམས་ངག་ཀྱང་གཟུགས་ཀྱི་ཁམས༔ ཡིད་ནི་གཟུགས་མེད་སྐྱེ་མཆེད་མུ་བཞིར་གནས༔ ཤ་ཁྲག་དྲོད་དབུགས་དཀར་དམར་ཐིག་ལེ་དབྱིངས༔ འབྱུང་བཞི་ཉི་ཟླ་སྒྲ་གཅན་དང་བཅས་གྲུབ༔ བདག་མེད་ཤེས་རིག་རྡོ་རྗེ་རྣོན་པོ་ཡི༔ ཤུགས་དང་རླབས་ཀྱིས་བསྒྲལ་ནས་དག་དབྱིངས་སུ༔ དྭངས་མ་སྐུ་དང་ཡེ་ཤེས་ཆེན་པོར་མངོན༔ འཁོར་བ་མ་སྤངས་སངས་རྒྱས་ཉིད་དུ་གྲོལ༔ བདག་ལྟ་མ་སྤངས་ལྷུན་གྲུབ་རོལ་པར་ཞི༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ གསང་བའི་གཟུང་འཛིན་གཏན་ལ་དབབ་ཅིང་རང་གྲོལ་གྱི་ཚུལ་བསྟན་པའི་སྐབས་ཏེ་ལྔ་པའོ༔ གཞི་དབྱིངས་དོན་གྱི་སངས་རྒྱས་དཔང་བཙུག་སྟེ༔ སྨོན་ལམ་རྣམ་པར་དག་པའི་སྟོབས་བསྐྱེད་ནས༔ རྣམ་མཁྱེན་སངས་རྒྱས་ས་རུ་དམ་བཅའ་བཞག༔ དུས་ཀུན་འཆི་སྦྱང་དང་ནི་སྦ་བསྡུ་ཡི༔ མན་ངག་གནད་ལ་བསླབ་པ་མཆོག་ཏུ་གཅེས༔ ཀུན་གཞི་དབྱིངས་གྱུར་ཆོས་སྐུ་ཀུན་ཏུ་བཟང་༔ ཡིད་ཤེས་དབྱིངས་གྱུར་ཤེས་རབ་ཆེན་པོ་ཉིད༔ སེམས་ཉིད་མངོན་གྱུར་རིག་པ་ལམ་གྱི་མཆོག༔ རྣམ་ཤེས་མངོན་གྱུར་ཡེ་ཤེས་རྩལ་དུ་འབར༔ སེམས་ཅན་ངོ་བོ་མངོན་གྱུར་སངས་རྒྱས་ཉིད༔ མ་དག་སྣང་སེམས་ཟད་པ་གྲོལ་བ་དངོས༔ གོ་བ་གཤིས་ཐོག་ཕེབས་པ་རྟོགས་པར་ངེས༔ དེ་ལྟར་ཤན་འབྱེད་གནད་ལ་མ་རྨོངས་པར༔ ཉམས་ལེན་གནད་དུ་བསྣུན་པ་མཆོག་ཏུ་གལ༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ ཉམས་ལེན་གྱི་གནད་དང་ཤན་འབྱེད་ཀྱི་འཕྱོང་བསྟན་པའི་སྐབས་ཏེ་དྲུག་པའོ༔ དེ་ལྟར་གནས་ལུགས་མངོན་གྱུར་རྫོགས་པ་ཆེའི༔ ཡིན་ལུགས་ཚུལ་བཞིན་རྟོགས་པའི་ཤེས་རབ་ཀྱིས༔ ལྟ་སྒོམ་སྤྱོད་པ་གཅིག་དྲིལ་གནད་ལྡན་བྱ༔ ལམ་གྱི་ལམ་མཆོག་མྱུར་ལམ་སྙིང་པོའི་ཆོས༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི༔ བདག་ཉིད་འཕོ་བ་ཆེན་པོའི་གྲོང་འཇུག་པའི༔ ཐོད་རྒལ་ལམ་ལ་བསྟེན་པས་མྱུར་དུ་གྲོལ༔ ཤེས་པ་དང་པོ་ཡུལ་དུ་མཆེད་པ་ཡི༔ སྙིགས་མའི་སྣང་བ་བཙན་ཐབས་ཉིད་དུ་ནི༔ དྭངས་མའི་དབྱིངས་སུ་འཕོ་བའི་གདམས་པ་སྟེ༔ ཤེས་པ་དང་པོ་འོད་གསལ་སྣང་བ་རུ༔ མཆེད་དེ་ཤེས་རབ་མིག་ལ་ལྟད་མོར་མངོན༔ སྣང་བ་འོད་གསལ་ཆེན་པོར་མཆེད་དེ་འཕེལ༔ རིག་པ་བཅུད་དུ་སྨིན་པའི་ཕྱག་རྒྱར་ངོམས༔ སྣང་སེམས་ཟད་པས་ཆོས་ཉིད་དབྱིངས་སུ་བརྒལ༔ འཕོ་ཆེན་གཞོན་ནུ་བུམ་སྐུར་སངས་རྒྱས་ཏེ༔ རྟགས་ཀྱང་མཁའ་ལ་མཁའ་ཐིམ་ཇི་བཞིན་དུ༔ ཚེ་དང་དུས་ལས་ཚད་ཐོག་མཐར་མི་ཐུག༔ འཇའ་ལུས་དྭངས་མར་གྲོལ་བ་རྣམ་གསུམ་འབྱུང་༔ ཉམས་སྣང་བཟང་ངན་མ་ངེས་སྣ་ཚོགས་ཀྱིས༔ བདེ་དང་སྡུག་བསྔལ་རིམ་པ་བཞིན་དུ་འབྱུང་༔ ཐམས་ཅད་རེ་དོགས་མེད་པའི་དབྱིངས་སུ་བསྐྱལ༔ དེ་ལྟར་ལམ་མཐར་མ་ཕྱིན་སྐྱེས་བུ་དག༔ ལྟ་སྒོམ་གནད་རྟོགས་ཐི་བྱ་ཚང་འཇུག་དང་༔ འཆི་སྲིད་ངོས་ཟིན་སྒེག་མོས་བརྙན་བལྟ་དང་༔ གནས་ལུགས་ངོས་ཟིན་སྔར་འདྲིས་མི་འཕྲད་དང་༔ འོད་གསལ་དབྱིངས་ཞུགས་མ་པང་བུ་འཇུག་དང་༔ གདམས་པའི་འཕྲོ་མཐུད་འདྲེན་ཆུར་ཝ་འཛུག་དང་༔ མངལ་གྱི་སྒོ་འགག་ཉེས་ཅན་བཙོན་ཐར་སོགས༔ དཔེ་དྲུག་གནད་དང་ལྡན་པ་མཆོག་ཏུ་ཤེས༔ དེ་ཡིས་གྲོལ་སྲིད་ཡང་ན་དབུགས་འབྱིན་འགྱུར༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ འོད་གསལ་ཐོད་རྒལ་ཆེན་པོའི་ལམ་ཉམས་སུ་ལེན་པའི་ཚུལ་བསྟན་པའི་སྐབས་ཏེ་བདུན་པའོ༔ མཐར་ཐུག་རྣམ་པར་གྲོལ་བའི་འབྲས་བུ་ལ༔ གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་ཉིད༔ ཆོས་སྐུ་གདོད་མའི་མགོན་པོར་ལྷུན་གྱིས་གྲུབ༔ འཐོབ་བྱ་གཞོན་ནུ་བུམ་པའི་སྐུ་ཉིད་དེ༔ དབང་པོ་རབ་ཀྱིས་ཚེ་གཅིག་མངོན་དུ་འགྱུར༔ འབྲིང་དང་ཐ་མས་སྐུ་དང་ཡོན་ཏན་དཔལ༔ རྣམ་དག་དབུགས་འབྱིན་ཞིང་ལྔའི་གཞི་རུ་བཞུགས༔ རྣམ་པ་ཀུན་ཏུ་གདུལ་བྱའི་དཔལ་མགོན་པོར༔ ཟླ་བ་ཆུ་ཟླ་ལྟ་བུར་ཅིར་ཡང་སྣང་༔ གདངས་ཀྱི་འཁོར་བ་དབྱིངས་སུ་མ་ཞིག་བར༔ དབྱིངས་ཀྱི་ཡེ་ཤེས་རོལ་གར་རྒྱུན་མི་འཆད༔ ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ལས༔ གཞི་ཡི་བཞུགས་ཚུལ་བསྟན་པའི་སྐབས་ཏེ་བརྒྱད་པའི་བདག་ཉིད་ཅན་གྱིས་རྫོགས་སོ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་དཔའ་བོའི་ཡེ་ཤེས་སྒྱུ་མར་རོལ་པའི་སྣང་ཉམས་སུ་ཤར་བ་ལས༔ རེ་ཞིག་གི་དུས་སློབ་བུ་བྱ་བྲལ་བ་པདྨ་བཀྲ་ཤིས་དང་།ཨོ་རྒྱན་རྡོ་རྗེ།རིག་པའི་མྱུ་གུ།བློ་གྲོས་དབང་པོ་རྣམས་ཀྱིས་ནན་དུ་བསྐུལ་བ་དོན་ཡོད་པའི་ཕྱིར་གཏན་ལ་ཕབ་པའི་དགེ་བས་ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།