TTDL-ZABTER-05-CA-040: Difference between revisions

From Dudjom Wiki
TTDL-ZABTER-05-CA-040
No edit summary
Line 20: Line 20:
|volumenumber=05
|volumenumber=05
|volumeLetter=CA
|volumeLetter=CA
|textnuminvol=039
|textnuminvol=040
|pdflink=File:TTDL-ZABTER-05-CA-039.pdf
|pdflink=File:TTDL-ZABTER-05-CA-040.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA
}}
}}

Revision as of 08:37, 8 August 2024

Wylie title TTDL-ZABTER-05-CA-040.pdf
Location bdud 'joms gling pa zab gter
Volume 5, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity rdo rje phur pa
[edit]
༠༠༠༠བརྡ་ཡིག༣༧༣དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཡེ་ཤེས་ཁྲོ་བོ་བཅུ་ཡི་རྡོ་རྗེའི་གར་གྱི་འཁྲུལ་འཁོར་བཞུགས་སོ༔ ༠༠༠༠བརྡ་ཡིག༣༧༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༧༤རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྩ་རླུང་ཐིག་ལེ་དག་སྦྱོར་ཕྱིར༔ རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་ལ༔ རང་ཉིད་ཧཱུྃ་མཛད་མཐིང་ནག་བསྒོམ༔ དང་པོ་ཁུ་ཚུར་སྐོར་རྒྱང་གིས༔ སྡིགས་མཛུབ་ནམ་མཁར་འཕང་ནས་སུ༔ ཧཱུྃ་ཞེས་རླུང་ནི་ལྟེ་འོག་མནན༔ སྡིགས་མཛུབ་སྦུབས་ཏེ་སར་གཏད་ཅིང་༔ ཧུ་ཞེས་སྟོང་འདྲེན་དང་བཅས་པའི༔ སྡིགས་མཛུབ་ནམ་མཁར་ལན་གསུམ་འཕེན༔ ཤེད་བསྐྱེད་མདའ་གཞུ་འགེངས་ཚུལ་བྱ༔ བསྒྲད་ཆེན་གསུམ་གྱི་རྫོགས་པར་བྱ༔ ༈གཉིས་པ་ལངས་ཏེ་ཁུ་ཚུར་གཉིས༔ སྦུབས་རྒྱང་ལན་གསུམ་འཕང་ནས་སུ༔ རང་ཉིད་རྣམ་རྒྱལ་དཀར་པོ་བསྒོམ༔ ཏྲི་ཤུལ་ཕྱག་རྒྱ་ཐུགས་ཀར་བསྣོལ༔ ལན་གསུམ་བསྐྱར་ཏེ་འབེབས་ཆེན་གསུམ༔ ༈གསུམ་པ་ཁུ་ཚུར་སྐོར་རྒྱང་གིས༔ མཆན་ཚག་བརྡབ་ཅིང་ནམ་མཁར་འཕེན༔ རང་ཉིད་དབྱུག་པ་སྔོན་པོར་བསྒོམ༔ རྐང་པ་གྱད་ཀྱི་འདོར་སྟབས་ལ༔ སྡིགས་མཛུབ་གཡས་གཡོན་མཁར་རུ་འཕེན༔ ལུས་ཀྱི་སྟ་ཟུར་གཡས་གཡོན་ནས༔ ཤེད་བསྐྱེད་ལན་གསུམ་གྱེན་དུ་ཤད༔ ཁུ་ཚུར་སྟེང་གི་ནམ་མཁར་འཕང་༔ བསྒྲད་ཆུང་གསུམ་བརྡབ་ཕཊ་གསུམ་བརྗོད༔ ༈བཞི་པ་རྐང་བའི་བྲང་པ་ནས༔ ཤད་དེ་ཁུ་ཚུར་ལན་གསུམ་འཕེན༔ སྡིགས་མཛུབ་སྤྱི་བོར་བསྣོལ་བྱས་ཏེ༔ གཡས་གཡོན་སེ་གོལ་ལན་གསུམ་གཏོགས༔ སྡིགས་མཛུབ་གཡས་པ་ནམ་མཁར་བསྒྲེངས༔ གཡོན་པ་ས་རུ་གཟིར་བྱས་ཏེ༔ རྐང་པ་གཡོན་བརྐྱང་འགྱིང་སྟབས་ཀྱིས༔ ལྟ་སྟངས་གཡོན་གྱི་ཕྱོགས་སུ་གཟིར༔ ཁྲོ་ཆེན་གཤིན་རྗེ་མཐིང་སེར་གསལ༔ གཤིན་རྗེའི་འཁྲུལ་འཁོར་བཤིགས་པར་བསམ༔ རྒུར་འབེབས་གསུམ་གྱིས་རྫོགས་པའོ༔ ༈ལྔ་པ་ཁུ་ཚུར་སྦུབས་རྒྱང་གིས༔ ལག་གཉིས་སྟ་ཟུར་གཡས་གཡོན་བརྐྱང་༔ དེ་ལྟར་ལན་གསུམ་བསྐྱར་ནས་མཐར༔ རང་ཉིད་མི་གཡོ་ལྗང་ནག་གསལ༔ ལག་གཡས་སྡིགས་མཛུབ་བསྒྲེང་བ་དང་༔ ལྷན་ཅིག་རྐང་གཡས་པུས་མོ་ནི༔ སར་བཙུག་རྐང་གཡོན་མདུན་དུ་བརྐྱང་༔ སྡིགས་མཛུབ་གཡས་གཡོན་མཁར་རུ་འཕང་༔ དེ་ལྟར་ལན་གསུམ་བསྐྱར་ནས་སུ༔ བར་འབེབས་གསུམ་གྱིས་རྫོགས་པའོ༔ ༈དྲུག་པ་ལངས་ཏེ་ཁུ་ཚུར་གཉིས༔ སྟ་ཟུར་དུ་འཕང་མདུན་རྒྱབ་ཏུ༔ དགྱེ་རྒུ་ལན་གསུམ་སྤེལ་བའི་མཐར༔ མགོ་བོ་གཡས་སུ་ལན་གསུམ་བསྐོར༔ དེ་བཞིན་གཡོན་དུ་སྤེལ་བྱས་ཏེ༔ ཁུ་ཚུར་མཆན་རྡེབ་མདུན་མཁར་འཕེན༔ རྟ་རྒྱ་སྤྱི་བོར་བཞག་བྱས་ཏེ༔ རང་ཉིད་རྟ་མགྲིན་དམར་སེར་བསྒོམ༔ ཨི་ཧིའི་སྒྲ་སྐད་དྲག་པོ་བསྒྲག༔ རྒལ་འབེབས་གསུམ་གྱིས་རྫོགས་པའོ༔ ༈བདུན་པ་ལངས་ཏེ་ལུས་བསྲངས་ཤིང་༔ རང་ཉིད་འདོད་རྒྱལ་དམར་པོར་བསྒོམ༔ ཁུ་ཚུར་མདུན་རྒྱབ་ལན་གསུམ་འཕེན༔ རྐང་པ་འདོར་སྟབས་བྱས་ནས་སུ༔ སྡིགས་མཛུབ་དཔུང་མགོ་གཡོན་པ་ནས༔ བསྐོར་ཏེ་རྒྱབ་ཀྱི་ཕྱོགས་སུ་གཟིར༔ འཕར་སྟངས་དང་བཅས་རྐག་ལག་གཡོན༔ གོང་བཞིན་ལན་གསུམ་བསྐྱར་བྱས་ཏེ༔ ཁུ་ཚུར་སྐོར་རྒྱང་འབེབས་ཆེན་གསུམ༔ ༈བརྒྱད་པ་ལངས་ཏེ་ལུས་བསྲངས་ཤིང་༔ ཁུ་ཚུར་གདོང་རྒྱང་ནམ་མཁར་འཕང་༔ རང་ཉིད་མཐར་བྱེད་ལྗང་ནག་བསྒོམ༔ རྐང་གཡས་བརླ་གཡོན་སྟེང་དུ་བསྣོལ༔ ལག་གཉིས་རྡོ་རྗེ་རྒྱ་བསྣོལ་ཏེ༔ ལག་གཡོན་རྒྱབ་ཏུ་ཤུགས་ཀྱིས་བརྐྱང་༔ དེ་ལྟར་ལན་གསུམ་བསྐྱར་བའི་མཐར༔ རྡོར་འབེབས་གསུམ་གྱིས་རྫོགས་པའོ༔ ༈དགུ་པ་ལངས་བཞིན་གདོང་རྒྱང་གིས༔ ལངས་འདུག་ལན་གསུམ་སྤེལ་བའི་མཐར༔ རང་ཉིད་ཁམས་གསུམ་རྣམ་རྒྱལ་བསྒོམ༔ སྡིགས་མཛུབ་སྟེང་དུ་འཕེན་པ་དང་༔ ཆབ་གཅིག་སྟན་ལས་འཕར་སྟངས་བྱ༔ སྡིགས་མཛུབ་བར་སྣང་འཕེན་པ་དང་༔ ཆབ་གཅིག་གྱད་ཀྱི་འདོར་སྟབས་བསྒྲད༔ སྡིགས་མཛུབ་ཐུར་དུ་འཕེན་པ་དང་༔ ཆབ་གཅིག་ལུས་ཀུན་ཤུགས་ཀྱིས་འཐེན༔ དེ་མཐར་འབེབས་ཆེན་ལན་གསུམ་བརྡབ༔ ༈རང་ཉིད་སྟོབས་ཆེན་ནག་པོར་གསལ༔ བཅུ་པ་རྐང་པ་སྐྱིལ་ཀྲུང་གི༔ གཡོན་དུ་སྡིགས་མཛུབ་འཕེན་བཞིན་དུ༔ ལྟ་སྟངས་ཀྱིས་ནི་གཟིར་བར་བྱ༔ དེ་བཞིན་གོ་ལྡོག་གཡས་ཕྱོགས་སུ༔ སྡིགས་མཛུབ་འཕེན་དང་ལྟ་སྟངས་གཟིར༔ ཁུ་ཚུར་པུས་སྟེང་བཞག་བྱས་ཏེ༔ མདུན་དུ་སྟོང་འདྲེན་དྲག་པོ་ཡིས༔ ལྟེ་བའི་རླུང་ནི་ཤུགས་ཀྱིས་འཐེན༔ སྟེང་གི་ནམ་མཁར་ལྟ་སྟངས་བྱ༔ དེ་ལྟར་ལན་གསུམ་བསྐྱར་ནས་སུ༔ ཐལ་མོ་གཡས་ཀྱིས་ས་ལ་བརྡབ༔ དེ་བཞིན་གཡོན་དུ་ལན་གསུམ་བརྡབ༔ འབེབས་ཆུང་གསུམ་དང་བར་འབེབས་གསུམ༔ འབེབས་ཆེན་གསུམ་གྱིས་རྫོགས་པའོ༔ ༈བཅུ་གཅིག་ལངས་བཞིན་སྐོར་རྒྱང་ལས༔ རང་ཉིད་རྡོ་རྗེ་ཕག་མོར་བསྒོམ༔ ཁམས་གསུམ་སྣང་ཞིང་སྲིད་པ་ཀུན༔ འཇའ་ཚོན་མཁའ་རུ་སྡུད་པ་བཞིན༔ ཐུགས་གསང་ཆོས་ཉིད་ཆེན་པོ་རུ༔ འུབ་ཀྱིས་འདུས་ཤིང་ཞིག་པར་བསྒོམ༔ རྐང་པ་གོམས་སྟབས་དོར་བྱས་ཏེ༔ གྲི་གུག་ཐོད་འཛིན་ཕྱག་རྒྱ་བྱ༔ ཡང་གཅིག་སྡིགས་མཛུབ་སྐོར་བྱས་ཏེ༔ མདུན་དུ་ལན་གསུམ་འཕེན་ཅིང་སྡུད༔ ཐོད་འཛིན་ཕྱག་རྒྱ་དཔུང་མགོ་ནས༔ མདུན་ཕྱོགས་སྐོར་ཞིང་གཡོན་དུ་བཟེད༔ རྩིབ་ལོགས་གཡོན་དུ་གཏུགས་ནས་སུ༔ རྐང་ལག་གཡས་གཡོན་ས་རུ་བརྡབ༔ གཡས་དང་གཡོན་དུ་རྒུ་བ་དང་༔ ཕག་ཞལ་རྒྱ་དང་ཕག་སྐད་བསྒྲག༔ དགྱེ་རྒུ་བྱ་ཞིང་འཐེན་སྟངས་བྱ༔ བགྲད་ཆུང་གསུམ་གྱིས་རྫོགས་པའོ༔ དེ་ལྟར་ལུས་ཀྱི་འཁྲུལ་འཁོར་ལ༔ རྩ་ཡི་འཆུན་བཙལ་རླུང་མནན་ཅིང་༔ དམིགས་པའི་རྒྱ་ཡིས་གདབ་པར་བྱ༔ འདི་ནི་གནད་ཀྱི་དམ་པ་སྟེ༔ ཚུལ་བཞིན་གནད་དང་ལྡན་གྱུར་ན༔ རླུང་ལོག་རང་མལ་གསོད་པ་དང་༔ རྩ་ཡི་མདུད་རྒྱ་ཀུན་གྲོལ་ཞིང་༔ ཉམས་རྟོགས་ཡོན་ཏན་གོང་དུ་འཕེལ༔ བདེ་དྲོད་རྒྱས་ཤིང་འབྱུང་བ་ཡི༔ བཅུད་ལོན་ལུས་ཀྱི་སྟོབས་རྩལ་རྒྱས༔ ཟས་དང་གོས་ཀྱི་སྲེད་ལེན་ཞིག༔ གྲུབ་པ་བརྒྱད་ལ་མངའ་དབང་འབྱོར༔ མཐར་ཐུག་ཡེ་ཤེས་རྩེ་མོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་འགྱུར༔ མཁའ་འགྲོ་ལས་ཀྱི་དབང་མོ་ཡི༔ ཐུགས་ཀྱི་ཡང་བཅུད་དམ་པ་འདི༔ བཀའ་སྲུང་གཟའ་བཙན་མ་མོས་སྲུངས༔ སྣོད་མིན་ལག་ཏུ་ཤོར་ར་རེ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཉིད་ཟླ་རྒྱུད་ཕྱོགས་ཀྱི་བླ་མ་རིག་དགའ་ཞེས་བྱ་བས་ནན་དུ་བསྐུལ་ངོར༔ རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།