DJYD-KABUM-08-NYA-004: Difference between revisions

From Dudjom Wiki
DJYD-KABUM-08-NYA-004
No edit summary
No edit summary
Line 29: Line 29:
|versonotes=bdud 'dul thugs chen
|versonotes=bdud 'dul thugs chen
|colophontib=།དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་འདི་ནི།  འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་ཆ་རྐྱེན་ཏུ་ཡང་དག་པར་དམིགས་ནས།  ཟབ་གཏེར་རྩ་བའི་ཕྱི་མོ་དགོངས་པ་ཡོངས་འདུས་ཀྱི་པྲ་ཁྲིད་ཉིད་གཞིར་བཟུང་ཞིང་སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ།  རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པས་ཕོ་སྟག་གི་ལོ་རྒྱལ་གྱི་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ།  གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་གྱི་སྤ་གྲོ་སྟག་ཚང་སེང་ཕུག་གི་ཉེ་འདབ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་ལས།  ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རིག་བྱེད་སྨྲ་བ་དགེ་སྦྱོར་པདྨ་བཀྲ་ཤིས་ཀྱིས་དགྱིས་པའོ།  །འདིས་ཀྱང་འགྲོ་བ་ཐམས་ཅད་རིགས་འདུས་ནམ་མཁའི་རྒྱལ་པོའི་གོ་འཕང་མཆོག་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།
|colophontib=།དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་འདི་ནི།  འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་ཆ་རྐྱེན་ཏུ་ཡང་དག་པར་དམིགས་ནས།  ཟབ་གཏེར་རྩ་བའི་ཕྱི་མོ་དགོངས་པ་ཡོངས་འདུས་ཀྱི་པྲ་ཁྲིད་ཉིད་གཞིར་བཟུང་ཞིང་སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ།  རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པས་ཕོ་སྟག་གི་ལོ་རྒྱལ་གྱི་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ།  གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་གྱི་སྤ་གྲོ་སྟག་ཚང་སེང་ཕུག་གི་ཉེ་འདབ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་ལས།  ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རིག་བྱེད་སྨྲ་བ་དགེ་སྦྱོར་པདྨ་བཀྲ་ཤིས་ཀྱིས་དགྱིས་པའོ།  །འདིས་ཀྱང་འགྲོ་བ་ཐམས་ཅད་རིགས་འདུས་ནམ་མཁའི་རྒྱལ་པོའི་གོ་འཕང་མཆོག་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།
|colophonwylie=/de ltar 'phags mchog nam mkha'i rgyal po'i sgrub chen gyi khog dbub phan bde'i chu gter zhes bya ba 'di ni/___'gro 'dul 'khor ba dong sprugs kyi phrin las mkha' khyab tu brdal ba'i cha rkyen tu yang dag par dmigs nas/___zab gter rtsa ba'i phyi mo dgongs pa yongs 'dus kyi pra khrid nyid gzhir bzung zhing skabs su babs pa'i gsal byed ji ltar rigs pas kyang mi 'gal bar brgyan te/___rje rigs kyi sngags ban 'jigs bral ye shes rdo rjes rang lo sum cu rtsa lngar son pas pho stag gi lo rgyal gyi nya ba'i yar ngo'i tshes brgyad la/___gangs can gru 'dzin gyi ri bo'i lho phyogs mon gyi spa gro stag tshang seng phug gi nye 'dab rin chen spungs kyi skyed mos tshal nyams dga' ba'i gnas su legs par sbyar ba las/___thog ma'i glegs bam du 'bebs pa po ni rig byed smra ba dge sbyor pad+ma bkra shis kyis dgyis pa'o/___/'dis kyang 'gro ba thams cad rigs 'dus nam mkha'i rgyal po'i go 'phang mchog la myur du dbugs 'byin pa'i rgyur gyur cig___/sarba dA mang+ga laM//
|colophonwylie=de ltar 'phags mchog nam mkha'i rgyal po'i sgrub chen gyi khog dbub phan bde'i chu gter zhes bya ba 'di ni/___'gro 'dul 'khor ba dong sprugs kyi phrin las mkha' khyab tu brdal ba'i cha rkyen tu yang dag par dmigs nas/___zab gter rtsa ba'i phyi mo dgongs pa yongs 'dus kyi pra khrid nyid gzhir bzung zhing skabs su babs pa'i gsal byed ji ltar rigs pas kyang mi 'gal bar brgyan te/___rje rigs kyi sngags ban 'jigs bral ye shes rdo rjes rang lo sum cu rtsa lngar son pas pho stag gi lo rgyal gyi nya ba'i yar ngo'i tshes brgyad la/___gangs can gru 'dzin gyi ri bo'i lho phyogs mon gyi spa gro stag tshang seng phug gi nye 'dab rin chen spungs kyi skyed mos tshal nyams dga' ba'i gnas su legs par sbyar ba las/___thog ma'i glegs bam du 'bebs pa po ni rig byed smra ba dge sbyor pad+ma bkra shis kyis dgyis pa'o/___/'dis kyang 'gro ba thams cad rigs 'dus nam mkha'i rgyal po'i go 'phang mchog la myur du dbugs 'byin pa'i rgyur gyur cig___/sarba dA mang+ga laM//
|pdflink=File:DJYD-KABUM-08-NYA-004.pdf
|pdflink=File:DJYD-KABUM-08-NYA-004.pdf
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་

Revision as of 12:05, 11 August 2025

Wylie title dam chos sprul sku'i snying thig las 'phags mchog nam mkha'i rgyal po'i sgrub chen gyi khog dbub phan bde'i chu gter DJYD-KABUM-08-NYA-004.pdf
Location bdud 'joms rin po che bka' 'bum
Volume 8, Text 4, Pages 71-149 (Folios 1a1 to 40a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos sprul sku'i snying thig las 'phags mchog nam mkha'i rgyal po'i sgrub chen gyi khog dbub phan bde'i chu gter . In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 71-149. Kalimpong: Dupjung Lama, 1979-1985.
Side notes Recto: khog dbub   Verso: bdud 'dul thugs chen
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Structural Arrangement for Ritual Practice - sgrub khog
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity thugs rje chen po, nam mkha' rgyal po
Colophon

།དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་འདི་ནི། འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་ཆ་རྐྱེན་ཏུ་ཡང་དག་པར་དམིགས་ནས། ཟབ་གཏེར་རྩ་བའི་ཕྱི་མོ་དགོངས་པ་ཡོངས་འདུས་ཀྱི་པྲ་ཁྲིད་ཉིད་གཞིར་བཟུང་ཞིང་སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ། རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པས་ཕོ་སྟག་གི་ལོ་རྒྱལ་གྱི་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ། གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་གྱི་སྤ་གྲོ་སྟག་ཚང་སེང་ཕུག་གི་ཉེ་འདབ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རིག་བྱེད་སྨྲ་བ་དགེ་སྦྱོར་པདྨ་བཀྲ་ཤིས་ཀྱིས་དགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་རིགས་འདུས་ནམ་མཁའི་རྒྱལ་པོའི་གོ་འཕང་མཆོག་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

de ltar 'phags mchog nam mkha'i rgyal po'i sgrub chen gyi khog dbub phan bde'i chu gter zhes bya ba 'di ni/___'gro 'dul 'khor ba dong sprugs kyi phrin las mkha' khyab tu brdal ba'i cha rkyen tu yang dag par dmigs nas/___zab gter rtsa ba'i phyi mo dgongs pa yongs 'dus kyi pra khrid nyid gzhir bzung zhing skabs su babs pa'i gsal byed ji ltar rigs pas kyang mi 'gal bar brgyan te/___rje rigs kyi sngags ban 'jigs bral ye shes rdo rjes rang lo sum cu rtsa lngar son pas pho stag gi lo rgyal gyi nya ba'i yar ngo'i tshes brgyad la/___gangs can gru 'dzin gyi ri bo'i lho phyogs mon gyi spa gro stag tshang seng phug gi nye 'dab rin chen spungs kyi skyed mos tshal nyams dga' ba'i gnas su legs par sbyar ba las/___thog ma'i glegs bam du 'bebs pa po ni rig byed smra ba dge sbyor pad+ma bkra shis kyis dgyis pa'o/___/'dis kyang 'gro ba thams cad rigs 'dus nam mkha'i rgyal po'i go 'phang mchog la myur du dbugs 'byin pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།། །།


༄༅། །འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷཾ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྟོན་ཟླའི་མདངས། །སྲིད་པའི་མུན་ཁང་འཐུག་པོར་རྟག་འཆར་བས། །སྡུག་བསྔལ་ཚ་གདུང་གཞིལ་བའི་འཛུམ་ཟེར་ཅན། །མགོན་མཆོག་ནམ་མཁའི་རྒྱལ་པོས་དགེ་བར་སྲུངས། །མ་ལུས་ཕན་བདེའི་དངོས་ཀུན་འཇོ་བའི་དཔྱིད། །སྒྲུབ་ཐབས་འོ་མའི་ཆུ་གཏེར་ལས་ཐོན་པའི། །སྙིང་བཅུད་བདུད་རྩིའི་གང་བུ་བཟང་པོ་ཉིད། །ཚོགས་སུ་སྒྲུབ་པའི་ཁོག་དབུབ་འདི་ན་སྤྲོ། ། དེ་ཡང་སྒྲུབ་ [2a] གཞི་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཁྱབ་བདག་པདྨ་གར་གྱི་དབང་ཕྱུག་ནམ་མཁའི་རྒྱལ་པོ་ཞེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་མ་སྙིང་པོའི་ཚུལ་དུ་བཞུགས་པ་དེ་ཉིད། སྒྲུབ་བྱེད་ཐུན་མོང་གི་ཚུལ་ལས་ཁྱད་པར་དུ་མས་འཕགས་པ་བླ་མེད་རྡོ་རྗེ་ཐེག་པའི་ལམ་ཟབ་ཡོ་ག་རྣམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་དྲིལ་བའི་ཚོམ་བུ་ཚོགས་སྒྲུབ་ཀྱི་མྱུར་ལམ་ལས། གྲུབ་པའི་འབྲས་བུ་ཚེ་འདིའམ་རིང་པོར་མི་ཐོག་པར་སྐུ་ལྔའི་བདག་ཉིད་ཅན་གྱི་གདོད་མའི་མགོན་པོའི་ས་ལ་ལྷུན་གྱིས་རྫོགས་པར་འགྱུར་བ་ཡིན་པའི་ཕྱིར། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་སློབ་དཔོན་ཀཱ་རས་སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར་རྗེས་འཇུག་གདུལ་བྱ་འདུལ་བའི་ཐབས་ལ་མཁས་ [2b] པས་རྒྱུད་ལུང་མན་ངག་ཀུན་གྱི་གནད་ལག་ལེན་དུ་དྲིལ་ཏེ་སྤྲོས་བཅས་གྲོལ་བ་བཞི་ལྡན་དུ་བསྟན་པ་འདི་ཉིད་མོས་སློབ་ཙམ་གྱིས་འབྲེལ་བས་ཀྱང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པ་མངའ་བ་ཡིན་ནོ། །དེས་ན་དེའི་ཚུལ་གསལ་བར་བྱེད་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཁྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། ཇི་སྐད་དུ། སྟོན་པ་གནས་དང་འཁོར་དང་དུས། །ཡོ་བྱད་ལ་སོགས་གཞིར་ལྡན་ནས། ཞེས་གསུངས་པ་ལྟར། སྒྲུབ་པའི་སྟོན་པ་ལྟ་སྒོམ་གྱིས་རང་རྒྱུད་གྲོལ་ཞིང་སྤྱོད་པས་གདུལ་བྱ་འདུལ་བ་ལ་མཁས་པ། སྒྲུབ་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའམ་ཕྲིན་ལས་བཞི་དང་ལྷུན་གྲུབ་ཀྱི་རྟགས་མཚན་ཚང་བ། སྒྲུབ་པའི་གྲོགས་འཁོར་དད་བརྩོན་ཤེས་རབ་ཆེ་ཞིང་རྒྱུད་འཇམ་བློ་གསལ་གསང་ཐུབ་དམ་ཚིག་དང་ལྡན་པ། སྒྲུབ་པའི་དུས་ས་ཟླའི་སྟོད་གཟའ་སྐར་འཕྲོད་སྦྱོར་གྲུབ་པའི་ཉི་མ་སོགས་བཟང་ཞིང་བྱེ་བྲག་ལས་བཞིའི་དུས་དང་མཐུན་པ། སྒྲུབ་པའི་ཡོ་བྱད་སྐུ་གསུང་ཐུགས་ཀྱི་རྟེན། ཕྱི་ནང་གསང་བའི་མཆོད་རྫས། ཚེ་གལ་ལ་སོགས་དངོས་གྲུབ་ཀྱི་རྫས། འཚོ་བ་ཟས། རྐྱེན་ཟློག་གོ་མཚོན་སྨན་སྔགས་སྲུང་འཁོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཅིས་ཀྱང་མ་ཤོལ་བའོ། །གཉིས་པ་གཉིས། སྔོན་དུ་འགྲོ་བའི་ལས་རིམ་དང་། དངོས་གཞི་ [3a] གཞུང་བསྲང་བའོ། །དང་པོ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ནི། སྒྲུབ་པ་ལ་འཇུག་པའི་སྔ་ལོགས་སུ་འགལ་རྐྱེན་ཞི་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་སྒོ་གསུམ་གྱི་སྒྲིབ་སྦྱོང་ཅི་ནུས་དང་། མགྲོན་བཞི་ལ་མཆོད་སྦྱིན། དགེ་འདུན་ལ་བསྙེན་བཀུར། རྩ་བ་གསུམ་གྱི་ཚོགས་སྐོང་། སཱཙྪ་གདབ་ཅིང་སྲོག་བསླུ། ལམ་འཕྲང་འཆོས་པ་སོགས་དང་། ཁྱད་པར་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་གཤེགས། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲ་ལྔ་བཀླག་པ་སོགས་དགེ་བའི་དཔུང་རྒྱ་ཆེར་བསྐྱེད་དོ། །གཉིས་པ་ལ་ལྔ། སའི་ཆོ་ག །ལྷག་པར་གནས་པ། མཚམས་བཅད་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། ཕྲིན་ལས་ལ་འཇུག་པའི་ཡན་ལག་གོ ། དང་པོ་ལའང་ལྔ་ལས། ཐོག་མར་སའི་མཚན་ཉིད་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྨོས་ཤིང་ཤེས་པར་འདོད་ན་གཞན་དུ་བལྟའོ། །གཉིས་པ་ས་བསླང་བ་ནི། སྣང་བ་མི་ལས་རང་དབང་དུ་གྱུར་པ་གཞིར་བྱས་ཏེ། མི་སྣང་བ་ལས་བསླང་བ་ལ། སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཕུག་ལོགས་སུ་སྟེགས་བུ་གཙང་མར་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་བཤམ། དེའི་མདུན་ཕྱོགས་སོགས་གང་དུ་བྱ་བའི་དཀྱིལ་ [3b] འཁོར་གྱི་གཞི་དེར་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་ཐེབ་རིལ་གྱིས་མཚན་པ་དང་། ཞིང་སྐྱོང་སྤྱིའི་དཀར་གཏོར་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔས་གཡས་སུ་བསྐོར། ཕྱོགས་གང་བདེར་ལས་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་བཅས་པ་དང་། ཉེ་ལོགས་སུ་དུང་ཞལ་དྲི་བཟང་གི་ཆུས་བཀང་བའང་བཞག །གཞན་ཡང་ས་བཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། ལས་བྱང་རྒྱུན་གྱི་རྣལ་འབྱོར་ལྟ་བུའི་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གསལ་བ། བུམ་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྙིང་པོར་པདྨ་དམར་པོ་འདབ་མ་བརྒྱད་རབ་ཏུ་གྱེས་པའི་སྟེང་དུ་ཉི་མའི་གནད་ལ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་སྐུ་མདོག་དམར་ནག་གཡས་ཐོད་དབྱུག་དང་གཡོན་སྡིགས་མཛུབ་ཅན་དུར་ཁྲོད་ཀྱི་ཆས་དང་ལྡན་ [4a] པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཞབས་གཉིས་འདོར་སྟབས་ཀྱིས་དགྲ་བགེགས་བརྫིས་པ། གཏུམ་རྔམས་བཟོད་པར་དཀའ་བའི་སྐུ་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་དབྱེར་མེད་དུ་བསྟིམས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཤཔྡའི་བར་སྦྱར་བས་མཆོད། ཧཱུྃ་ཧྲཱིཿ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ འཇིགས་རྔམས་གཏུམ་པས་ལོག་འདྲེན་འབྱུང་པོ་འདུལ༔ ཐབས་མཁས་རོལ་པ་འབར་བའི་ཆ་ལུགས་ཅན༔ ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཐུགས་ཀར་ཧྲཱིཿ དམར་པོའི་མཐའ་སྐོར་དུ་སྔགས་ཀྱིས་གཡས་བསྐོར་དུ་འཁོར་ཞིང་སྔགས་འབྲུ་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་ མོས་ལ། གཟུངས་ཐག་བླངས་ཏེ། ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ཙམ་བཟླས་མཐར། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་ [4b] དུ་གསོལ། ཅེས་ཕྲིན་ལས་བཅོལ། ལྷ་འོད་དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་འདྲེས་པས་ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་ཏེ་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་ མོས་ཤིང་། ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་དེས་བྱའོ། །དེ་ནས་མཆོད་གཏོར་རྣམས་ལས་སྔགས་ཀྱིས་བསང་། སྭབྷཱ་ཝ ས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ཝི་དྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བརླབས། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱིས་མདོག་ཅན་རཏྣའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་གཏེར་བུམ་བསྣམས་པ། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བ་ལ། འཁོར་ས་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་ [5a] བ་ སྤྱན་དྲངས་པར་བསམ་ལ། ཧཱུྃ་ཧྲཱིཿ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ མཁའ་ཁྱབ་སེམས་ཅན་དོན་གྱི་ཕྱིར༔ བདག་ནི་རྣལ་འབྱོར་རྡོ་རྗེ་འཛིན༔ བྱང་ཆུབ་སེམས་ནི་ངེས་བསྒྲུབ་པས༔ མཆོད་འབུལ་འདི་བཞེས་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་སྡོམ་པའི་ལྷ་དགུ་དང་༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ས་གླུད་མཆོད་གཏོར་འདི་བཞེས་ལ༔ རིན་ཆེན་ས་འདི་བདག་ལ་སྩོལ༔ འབྱུང་བ་ས་ཡི་བདག་པོ་རྣམས༔ གནས་རྟེན་གཞན་དུ་སྤོས་མཛོད་ལ༔ ས་འདི་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷུ་ཏ་པཱུ་ཛ་གྲྀ་ཧྞ་ཁཱ་ཧི༔ ལན་གསུམ། ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ༔ ཞེས་དང་། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཉོན་མོངས་པའི་བདུད་བཏུལ་ནས་སངས་རྒྱས་ཏེ༔ བཀའ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་ཆེན་གྱི་སྟེང་དུ་མཛད་ཅིང་༔ སའི་ལྷ་མོ་ཁྱོད་ཀྱིས་བྱིན་པར་མཛད་པ་ཡིན་པས༔ དེ་བཞིན་བདག་རྡོ་རྗེ་འཛིན་པས་ཀྱང་རྒྱུ་ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་བར་བྱ་བའི་ཕྱིར༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ [5b] ཕོ་བྲང་གནས་འདིར་འདེབས་པར་འཚལ་བས༔ ས་འདིའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་ས་གླུད་མཆོད་པ་འདི་བཞེས་ལ༔ གནས་འདི་བརྟན་ཅིང་བཀྲ་ཤིས་བྱིན་ཆགས་ནས་ཆེ་བཙན་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད་ཅིག༔ ཅེས་བདེན་པ་བརྡར་བས། ལྷ་མོས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་བསམ་ཞིང་། མཆོད་གཏོར་ཕྱི་རོལ་དུ་འབུལ། སླར་ཡང་ཁྱད་པར་གྱི་ཞིང་སྐྱོང་གཞི་བདག་རྣམས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐའ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ བྷུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ [6a] ནས་རང་གནས་སུ་གཤེགས་པར་ བསམ་ལ། གཏོར་མ་གསེར་སྐྱེམས་ཕྱི་རོལ་དུ་འབུལ་ཞིང་མཆོད་པ་རྣམས་བསྡུ། དེ་ནས་ས་གཞིར་ཉེས་པའི་ཚོགས་རྣམས་ཞི་ཞིང་བཀྲ་ཤིས་པའི་རྟེན་འབྲེལ་དུ་རིན་པོ་ཆེའམ་རྫའི་བུམ་པར་ལྔ་ཚན་ལྔ་དང་འབྲུ་སྣ་རིན་ཆེན་ཆོས་སྨན་གྱིས་གཏམས་པ་ཐོགས་ལ། ཏྲཱཾ་ལས་རིན་པོ་མཆོད་སྡོང་དགོས་འདོད་ཐམས་ཅད་འབྱུང་བར་གྱུར་ པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ ལན་བདུན་གྱིས་བྱིན་བརླབས། ས་ཡི་ལྷ་མོ་འཁོར་དང་བཅས༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས༔ བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི༔ དཀྱིལ་འཁོར་བྲི་ཕྱིར་གཏེར་དུ་འབུལ༔ ཞེས་སྟེགས་བུའི་དབུས་སུ་གཞུ་ཅིང་ཤིས་པ་བརྗོད་དོ། །གསུམ་པ་ས་བཟུང་བ་ནི། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་བཟུང་ནས་སྟེགས་བུའི་མདུན་དུ་འཁོད་ལ། རང་ཉིད་རིགས་འདུས་ནམ་མཁའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུར་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར་ པར་བསམ་ཞིང་། ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲྰྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ [6b] ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། དེ་ལས་འོད་ཟེར་འཕྲོས་ས་གཞི་ལ་ཁྱབ་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་ བསམ་མོ། །བཞི་པ་ས་སྦྱོང་བ་ནི། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་ གསལ་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨ༔ སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག་པར་བྱའོ། །ལྔ་པ་ས་སྲུང་པ་ནི། ལས་བྱང་ལྟར་བགེགས་ལ་གཏོར་མ་སྦྱིན་ཅིང་བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་རྒྱང་རིང་དུ་བསྐྲད་མཐར། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་པར་ མོས་ཏེ། ལས་ཕུར་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་དྷྭ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ [7a] ལན་གསུམ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཐམས་ཅད་ཁེངས་པར་ བསམ་མོ། །གཉིས་པ་ལྷག་པར་གནས་པ་ནི། ལྷ་དང་བུམ་པ་སློབ་མ་རྣམས་སྟ་གོན་དུ་བསྒྲུབ་པ་སྟེ་སྨིན་དབང་གཙོར་འདོན་སྐབས་དབང་ཆོག་བཞིན་ལག་ཏུ་ལེན་ཅིང་། ཚོགས་སྒྲུབ་རྐྱང་པ་ལ་ནི་དེ་དག་མི་དགོས་པས་བཀའ་བརྒྱད་སོགས་ཡོངས་གྲགས་ཕྱག་ལེན་གཞན་ལས་ཀྱང་མི་འབྱུང་བ་བཞིན་འདིར་ཡང་མ་སྨོས་སོ། །གསུམ་པ་མཚམས་བཅད་པ་ལ་གསུམ་གྱི། དང་པོ་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སྡེ་བཞིའི་སྐུ་གཟུགས་སྔགས་བྱང་འདོད་གསོལ་ཅན་རྒྱལ་མཚན་ནམ་བ་དན་ཕྱོགས་མདོག་བཅས་བཙུགས། སོ་སོར་མཆོད་གཏོར་དཀར་ཟླུམ་དང་ཆུ་གཉིས་ཉེར་སྤྱོད་ལྔ་བཤམ། སྒྲུབ་པ་པོ་རྣམས་སྒྲུབ་ཁང་ནས་དོན་ཏེ་ཐོག་མར་ཤར་གྱི་ཐོ་མདུན་དུ་འཁོད་ལ། སྔར་ས་ལྷའི་སྐབས་བཞིན་མཆོད་གཏོར་བྱིན་གྱིས་བརླབས། ཐོ་སྐུ་རྟེན་དང་བཅས་པ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དྷྲྀ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་ཅིང་དྲི་ཟའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་ [7b] རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་རྟེན་ལ་བསྟིམ། ཨོཾ་དྷྲྀཥྚ་རཥྚ་ཡ་སྭྰ྄ཧཱ༔ ལན་བདུན། ཨོཾ་བཛྲ་སརྒྷཾ་ སོགས་ཀྱིས་ཉེར་སྤྱོད་དང་། སྔགས་སྔ་མའི་མཐར། བ་ལིཾ་ཏ་ན་ན་ཁ་དནྟུ་གྲིཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཞི་བའི་ལས་མཛད་མདོག་དཀར་པི་ཝཾ་བསྣམས༔ མཆོད་སྦྱིན་གཏོར་མ་བཟང་པོ་འདི་བཞེས་ལ༔ གནས་འདིར་སྒྲུབ་པ་མཐའ་རུ་མ་ཕྱིན་བར༔ དྲི་ཟའི་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ། རང་སྔགས་དང་། ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡ་སྭཱཧཱ༔ ཞེས་བརྟན་བཞུགས་བྱའོ། །དེ་བཞིན་དུ་ལྷོར་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བཻ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་ཅིང་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་ [8a] བསྟིམ། ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱཧཱ༔ ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར། ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ལས་མཛད་མདོག་སྔོན་རལ་གྲི་བསྣམས༔ མཆོད་སྦྱིན༴ གནས་འདིར༴ གཤིན་རྗེའི་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ ཅེས་དང་། སྔར་ལྟར་བརྟན་བཞུགས་བྱ། ནུབ་ཏུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་སྤྱན་མི་བཟང་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས་བསྣམས་ཤིང་ཀླུའི་ཚོགས་ཀྱིས་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་བི་རུ་པཀྵ་ཡ་སྭཱཧཱ༔ ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར། ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ དབང་གི་ལས་མཛད་མདོག་དམར་སྦྲུལ་ཞགས་བསྣམས༔ [8b] མཆོད་སྦྱིན༴ གནས་འདིར༴ ཀླུ་ཡི་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ ཅེས་དང་། བརྟན་བཞུགས་བྱ། བྱང་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཀུ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ལྗང་ནག་རྒྱལ་མཚན་དང་ནེའུ་ལེ་འཛིན་ཅིང་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱཧཱ༔ ལན་བདུན། ཨོཾ་བཛྲ་ཨརྒྷཾ་ སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར། ཧཱུྃ། བྱང་ཕྱོགས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཡོན་ཏན་རབ་རྫོགས་མདོག་ལྗང་ནེའུ་ལེ་བསྣམས༔ མཆོད་སྦྱིན༴ གནས་འདིར༴ གནོད་སྦྱིན་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ ཅེས་དང་བརྟན་བཞུགས་བྱ་ཞིང་། ཧཱུྃ་ཧྲཱིཿ རྒྱལ་བའི་བཀའ་གཉན་བསྟན་པ་སྲུང་མཛད་པ༔ ཕྱོགས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ གཙང་སྦྱར་མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ མ་དག་ [9a] གདོན་བགེགས་ཚོགས་རྣམས་མཚམས་ཆོད་ཅིག༔ ཅེས་ཐུན་མོང་དུ་ཕྲིན་ལས་བཅོལ། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་ཞིང་ཤིས་པ་བརྗོད་དོ། །གཉིས་པ་བར་མཚམས་བཅད་པ་ལ་གཉིས་ཀྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི་ཡིག་དང་། དེ་མཐར་མགྲིན་པའི་ཐད་ནས་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་དུ། ཡ་མ་དམ་སྲིགཾ་པ་རི་མཱ་ར་ཡ་ཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་དག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར་བ་བྲིས་ལ། སྒྲུབ་ཁང་གི་སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར་གན་རྐྱལ་དུ་བཀོད། གུ་གུལ། ཐུན་རྫས། དུར་རྡོ་ལ་རི་གླིང་དང་རྒྱ་གྲམ་བྲིས་པ། ས་ཆུ་མེ་རླུང་། སཱཙྪ་ནག་པོ་སོགས་འདུ་བྱས་ནས། གསེར་སྐྱེམས་ཐོགས་ལ། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཞེས་ལན་གསུམ་གྱིས་བརླབས་ཏེ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། ། [9b] བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་དབང་དྲག་པདྨའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། ཅེས་གསེར་སྐྱེམས་ཕུལ། ཨོཾ་ཧྲཱིཿཔདྨ་ནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་པས། རང་ཉིད་དབང་ཆེན་རྟ་མགྲིན་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་ པའི་ང་རྒྱལ་བསྐྱེད་དེ། ཨེ་ཡ་ཛྭ་ལ་རྀ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་ གསལ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ [10a] ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་ངོ་བོ་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང། ཁྱད་པར་འཇིག་རྟེན་དབང་ཕྱུག་རིགས་འདུས་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿཞེས་ལན་གསུམ་གྱིས་དགུག་བསྟིམ་བྱས་ལ། དྲག་སྔགས་དང་བཅས་ཕུར་པ་གདབ། ཐུན་རྫས་ཀྱིས་བྲབ་ཅིང་། ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་སྡིག་ཏོ་ཅན༔ དམ་ཉམས་གསང་སྔགས་བསྟན་པའི་རུ་དྲ་ཁྱོད༔ བླ་མ་ལ་བསྡོས་དཀོན་མཆོག་དབུ་འཕང་སྨད༔ བསྟན་ལ་གནོད་ཅིང་མཆེད་ལྕམ་ཡོངས་ལ་འཚེ༔ བཀའ་འདས་ཁྱོད་ཉིད་ནམ་ཡང་མི་བཏང་བས༔ འབར་ [10b] བའི་མཚོན་ཆ་ལྔ་ཡིས་དུམ་བུར་གཏུབ༔ ལས་ཀྱི་གཤིན་རྗེ་ནག་པོའི་ཁ་རུ་བསྟབ༔ གླིང་བཞི་རི་རབ་ཆེན་པོའི་འོག་ཏུ་མནན༔ སྐྱེ་བ་ཇི་སྲིད་བསྐལ་པ་མ་སྟོངས་བར༔ མནན་པ་ཡིན་གྱི་ནམ་ཡང་མ་ལྡངས་ཤིག༔ ཡ་མ་དམ་སྲི་མཱ་ར་ཡ་ནན་ནན༔ ས་སོགས་འབྱུང་རིམ་གྱིས་གཡོགས་ཤིང་རི་གླིང་རྒྱ་གྲམ་གྱིས་རྒྱས་བཏབ་ལ། ཧཱུྃ༔ ཆོས་སྐུ་ཉག་གཅིག་ཐབས་ཤེས་སྐུ་གསུང་ཐུགས༔ ཚད་མེད་བཞི་དང་ཡེ་ཤེས་རྣམ་པ་ལྔ༔ ཕྱིན་དྲུག་ཡན་ལག་བདུན་དང་རྣམ་ཐར་བརྒྱད༔ ཐེག་པ་རིམ་དགུ་ས་བཅུའི་དབང་ཕྱུག་རྒྱལ༔ དོན་རྟོགས་གཉིས་མེད་ཆེན་པོས་རྒྱས་གདབ་བོ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན་ནན༔ ཞེས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་རྒྱལ་འཁོར་བཅས་ཀྱིས་ཕོ་བྲང་བཏབ་པར་བསམ་ཞིང་། མཆེད་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། ཕྱི་སྒོའི་གོང་དུ་ལུག་གི་སོག་པ་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པ་འདོད་གསོལ་ཅན་དང་། རྒྱབ་ཏུ་སྐྱེར་པའི་ཕུར་པ་ལ་སྙིང་པོ་བྲིས་པ་བཅས་གདགས། མཆོད་པ་ཉེར་སྤྱོད་དང་དམར་གཏོར་བཤམས་ལ རཾ་ཡྃ་ཁྃ་གི ས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་ [11a] རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷཉྫ་འབར་བར་གཏོར་རྫས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་ བསམ་ལ། ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བྱིན་བརླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཐོ་བ་འཛིན་པ། དུར་ཁྲོད་ཀྱི་ཆས་ཅན་ཁྲོ་གཏུམ་འཇིགས་པའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོྃ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ སོགས་ཀྱིས་ཉེར་སྤྱོད་དང་། སྙིང་པོའི་ཤམ་དུ། བ་ལིཾ་ཏ་ན་ན་ཁ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ བཅོམ་ལྡན་གཤིན་རྗེའི་གཤེད་པོ་ནི༔ ལས་ཀྱི་ཕོ་ཉ་ཀུན་གྱི་བདག༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་ལ་མི་དབང་གདོན་དང་བགེགས༔ སྡེ་བརྒྱད་ཁྱོད་ཀྱིས་འཁོར་ལགས་པས༔ རྣམ་སྨིན་བྱང་ཆུབ་ཆོས་ཤོད་ལ༔ ས་འདི་ཡན་ཆད་མ་བཏང་ཞིག༔ [11b]ཅེས་ཕྲིན་ལས་བཅོལ། རྩ་སྔགས་དང་། སུ་པྲ་ཏིཥྛ ས་བརྟན་བཞུགས་བྱ། ནང་སྒོར་ར་སོགས་ལ་འཁྱིལ་བའི་སྐུ་བྲིས་པ་དང་སྐྱེར་ཕུར་སྔགས་ལྡན་གདགས། མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་ཞགས་པ་འཛིན་པ། དུར་ཁྲོད་ཀྱི་ཆས་ཅན་ཁྲོ་གཏུམ་འཇིགས་པའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ སོགས་ཀྱིས་ཉེར་སྤྱོད་དང་། སྙིང་པོའི་ཤམ་དུ་གོང་བཞིན་གཏོར་སྔགས་སྦྱར་བ་ལ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཁྱོད༔ འདིར་བཞུགས་གདོན་བགེགས་མཚམས་ཆོད་ཅིག༔ དངོས་གྲུབ་འབྱུང་བའི་གནས་འདི་རུ༔ བདུད་རྩི་སྨན་གྱི་སྲུང་མ་མཛོད༔ དམ་སྲི་ཐལ་བ་རྡུལ་དུ་རློག༔ ཅེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱའོ། །གསུམ་པ་གསང་མཚམས་བཅད་པ་ལ་གཉིས་ཀྱི། །དང་པོ་ཨ་ཏྲཾ་བསྒྲལ་བ་ནི། ཁམ་ས་ལ་མ་ཏྲཾ་གི་གཟུགས་མགོ་གསུམ་ལག་དྲུག་རྐང་པ་བཞི་པ་ཅན་བཅོས་ཏེ་དཀྱིལ་འཁོར་གྱི་གཞི་དེར་མགོ་ལྷོ་ནུབ་ཏུ་བསྟན་ལ་གན་རྐྱལ་དུ་བཞག །སློབ་ [12a] དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་དེར་ཕྱོགས་པས་འཁོད་ལ། རྟ་སྔགས་བརྗོད་པས། བདག་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དྲེགས་པ་ཐམས་ཅད་ཀྱི་རྗེ་བཙན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་ གྱུར་པར་མོས། དཀྱིལ་འཁོར་གྱིས་མི་དམིགས་པ་ལས་མ་ཏྲཾ་རུ་དྲ་མཱ་ར་ཡ་ཛཿཞེས་པས། བདུད་པོ་མ་ཏྲཾ་རུ་མགོ་གསུམ་ལག་དྲུག་ཁ་དོག་ཐལ་སྐྱ་གཟུགས་ཆེ་ལ་མི་སྡུག་པ་འདར་ཞིང་དངངས་པའི་རྣམ་པ་ཅན་དུ་གྱུར་པར་བསམ་ཞིང་། རང་གི་དུག་གསུམ་གྱི་རང་མདངས་རུ་དྲ་སྡེ་གསུམ་དུ་ཤར་བའི་ངེས་པ་བསྐྱེད་པ་ལས་ཕྱི་ནས་འགུགས་བསྟིམ་མི་དགོས་པར་བཞེད། དྲག་སྔགས་སོ་ལྔ་པ་བརྗོད་ལ་ཕུར་བསྐོར་ཚམ་རྔམས་དང་བཅས་ཏེ། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་ལ་བར་བཅད་ཅིང་༔ སངས་རྒྱས་བསྟན་ལ་གནོད་བྱས་པས༔ པདྨ་དབང་གིས་ཁྱོད་བསྒྲལ་ནས༔ ཁོག་པ་གཞལ་ཡས་ཁང་དུ་བརླབས༔ དེ་བཞིན་ཞིང་བཅུའི་རུ་དྲ་ཁྱོད༔ བདག་མེད་རྟོགས་པའི་ཕུར་བུས་བསྒྲལ༔ ཨོཾ་ཏྲི་ཤུ་ཛྙཱ་ན་སྭ་བྷཱ་ཝ་ཨཏྤ་ཀོ྅ཧཾ༔ ཞེས་ཕུར་བུ་བཏབ་ཅིང་གྲིས་ལྷུ་ཕྲལ་ལ། སྟེགས་བུའི་ལྷོ་ནུབ་ཏུ་མགོ ། ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། [12b] བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་རྣམས་ཕྱོགས་མཚམས་མ་འཆོལ་བར་བཀོད་ནས། མ་ཏྲཾ་རུ་དྲ་ཨེ་རཱ་ཙ་མ་དྷ་ལ་བྷྲཱུྃ༔ རང་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར་པར་བསམ་མོ། །གཉིས་པ་ཕུར་བུ་གདབ་པ་ནི། སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་བྱུགས་ཤིང་དར་གྱི་ཅོད་པན་ཅན་བཅུ་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་ཨེ་བཅུ་བཀོད། ཀཱི་ལ་ཡ འི་ཛཔྲ་ལན་གསུམ་བརྗོད་བཞིན་ཕུར་བུ་རྣམས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རཀྟས་བྱུགས་པ་རྣམས་བྱས་ལ། བསང་སྦྱང་། ཕུར་བུ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་བསྟིམ། ཨོཾ་བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿཞེས་དབང་བསྐུར་ཏེ་བྱིན་བརླབས། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་ [13a] བོ་ཊཀྐི་རཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་ བསམ་ཞིང་། སློབ་དཔོན་གྱིས་ལག་གཡས་ཐོ་བ་དང་། གཡོན་པས་ཕུར་བུ་རྣམས་རིམ་པར་ཐོགས་ལ་འབར་བའི་སྟངས་སྟབས་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། དེ་བཞིན་དུ་གོང་འོག་གི་སྔགས་ཚིག་འགྲེས་སྦྱར་ཏེ། བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་ཕྱོགས་བཞི་ཤར་ནས་གཡས་བསྐོར། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཧཱུྃ་ཕཊ༔ ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཅེས་མཚམས་བཞི་བྱང་ཤར་ནས་གཡོན་བསྐོར། མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་ཞིང་ཕུར་བུ་ལས་བྱུང་བའི་འོད་ཟེར་ [13b] སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་མོས་ལ། ལས་བྱང་བཞིན་སྲུང་འཁོར་གསལ་གདབ་བོ། །བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་བཞི་ལས། དང་པོ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་དྲི་བཟང་གི་ཆུ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བ་ཐོགས་ལ། ཧཱུྃ། བཀའ་གསང་རྨད་བྱུང་དཀྱིལ་འཁོར་དུ༔ བདུད་རྩི་ལྔ་ཡིས་ཆག་ཆག་འདེབས༔ བྱུང་དང་འབྱུང་འགྱུར་དཀྱིལ་འཁོར་མཆོག༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་གསལ༔ ཨོཾ་སརྦ་པཉྩ་གུ་ཧྱ་མཎྜ་ལ་ཧཱུྃ༔ ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ །གཉིས་པ་ཐིག་གདབ་པ་ནི། མཚན་ཉིད་དང་ལྡན་པའི་ཐིག་སྐུད་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམ་ཕྲ་སྒོའི་པཉྩ་རེ་ཁཱ་དང་མཉམ་པ་འདུ་བྱ། སློབ་དཔོན་ནུབ་ནས་ཤར་དང་གཟུངས་མའམ་དེར་མོས་པའི་ལས་རྡོར་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་དེ། བདག་དང་གཟུངས་མ་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡབ་ཡུམ་དུ་གསལ་བ་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་ མོས་ལ། ཐིག་སྣེ་ལྟེ་བར་བཟུང་ཞིང་། འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་རྣམས༔ གསང་བ་ཡེ་ཤེས་ཐིག་གདབ་མཛོད༔ མཚན་ལྡན་རིག་མ་ཡིད་འོང་མས༔ [14a] ཡང་གསང་འགྱུར་མེད་ཐིག་གདོབ་ཅིག༔ ཛྙཱ་ན་མ་དྷ་ལ་ཧཱུྃ་བྷཱུྃ༔ ཞེས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྒྲེང་བས་རྒྱལ་བའི་དཀྱིལ་འཁོར་རང་བྱུང་བར་བསམ་ལ། གོང་གི་སྔགས་བརྗོད་བཞིན་དུ་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། གདབ་ཚུལ་རྡོ་རྗེ་དང་བཅས་པས་མཐེ་བོང་དང་གོང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་བཅུས་ཏེ་སེ་གོལ་གྱིས། ཐོག་མར་སློབ་དཔོན་ཏུ་འདུག །སློབ་བུ་ཤར་དུ་གནས་པ་ཡིས། །ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །སློབ་མ་བྱང་གནས་གཉིས་པ་གདབ། །སློབ་དཔོན་མེ་ཡི་མཚམས་སུ་དང་། །སློབ་མ་དབང་ལྡན་གནས་པ་ཡིས། །ཤར་གྱི་ལོགས་ཐིག་གདབ་པར་བྱ། །སློབ་དཔོན་རླུང་དང་སློབ་མ་ནི། །སྲིན་པོར་གནས་པས་ནུབ་ཕྱོགས་གདབ། སློབ་དཔོན་དེ་ཉིད་སློབ་མ་ནི། །དབང་ལྡན་གནས་པས་བྱང་ཕྱོགས་གདབ། །སློབ་དཔོན་མེ་དང་སློབ་མ་ནི། །སྲིན་པོར་གནས་པས་ལྷོ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། །རླུང་གནས་ཟུར་ཐིག་དང་པོ་གདབ། །སློབ་དཔོན་སྲིན་པོ་སློབ་མ་ནི། །དབང་ལྡན་གནས་པས་གཉིས་པ་སྟེ། །ཀུན་ལ་གཡས་བསྐོར་ཁྱད་པར་དུ། །ཚངས་ལོགས་རྒྱབ་འགྲོས་ཚུལ་གྱིས་གདབ། །ཅེས་པ་ལྟར་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ [14b] ཀྱི་དཀྱིལ་འཁོར་གསལ་བར་མོས་ཤིང་སློབ་དཔོན་ནུབ་ཏུ་གནས་པས་སྲད་བུ་བསྡུ། དེ་ནས་ས་ལ་ལས་ཀྱི་ཐིག་གདབ་པ་ནི། ཐིག་སྐུད་སྙིང་གའི་ཐད་དུ་བཟུང་ལ། ནམ་མཁའི་རྒྱལ་པོ་ལྷ་ཡི་ལྷ༔ རིག་འཛིན་དྷཱ་ཀི་འཁོར་དང་བཅས༔ བླ་མེད་དངོས་གྲུབ་དུས་འདིར་ཐོབ༔ ཡེ་ཤེས་རྡོ་རྗེའི་ཐིག་གདབ་མཛོད༔ གསང་བ་ཡུམ་གྱི་བྷ་གའི་ས་གཞི་ལ༔ ཡེ་ཤེས་བོ་དྷི་ཙིཏྟའི་ཐིག་སྤྲོས་པས༔ རིགས་འདུས་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་གསལ༔ བྷཱུྃ་ཛྙཱ་ན་མ་དྷ་ལ་ཧཱུྃ་བྷྲཱུྃ༔ ཞེས་བརྗོད་ཅིང་། ཇི་ལྟར་གདབ་པའི་ཚུལ་ནི། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པ་བརྐྱང་པ་ཡིས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །ངོས་དེར་ཇི་ལྟར་འཚམས་པ་ཡི། །ལོགས་ཐིག་བཞི་བཏབ་མངའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་བཞིར་བགོ ། བཞི་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་བཏབ་རྩ་བའི་ཐིག །མངའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ [15a] ངོ་། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཆ་ཆེན་ཕྱི་མ་ཕྱེད་བགོས་ལ། །ཕྱི་མ་དེ་ཡང་ཕྱེད་དུ་བཅད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །མདའ་ཐིག་ཕྱི་རུ་ཆ་ཆེན་གཉིས། །ནང་མ་ཆ་བཞིར་བགོ་བར་བྱ། །རྟ་བབ་སྣམ་བུ་བཞི་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །དེ་རྗེས་ནང་གི་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །རྩིག་མུན་ཀ་བ་ཀ་རྒྱན་འབྱུང་། །རྟ་བབ་ཕྱི་མཐའི་རིམ་པ་ཡང་། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་རྗེས་གསུམ་པོ་རེ་རེ་ཐུང་། །མིག་གསུམ་སྐོར་ཚུལ་རྟ་བབ་ཀྱི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཅིག་རེ་གཡས་གཡོན་བསྐོར། །སྣ་ཚོགས་རྡོ་རྗེའི་རྭ་སྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲེང་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །མདའ་ཐིག་རྩེ་ནས་ཕྱི་རོལ་དུ། །ཆ་ཆེན་ཕྱེད་དང་གཅིག་པར་ཕྱེད། །གཅིག་བསྐོར་པདྨ་དུར་ཁྲོད་དང་། །རྡོ་ར་མེ་རི་རྣམས་སུ་འགྱུར། །ལྷ་ [15b] གནས་བསྐོར་ཚུལ་ལྟེ་བ་ནས། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་ཕྱིའི་མུ་ཁྱུད། །མུ་ཁྱུད་དེ་ནས་ལྟེ་བའི་བར། །ཆ་མཉམ་དྲུག་བགོ་བསྐོར་བའི་ནང་། །ཆ་ཕྲན་གཅིག་གི་མུ་ཁྱུད་བསྐོར། །ནང་ནས་རིམ་བཞིན་ལྟེ་བ་དང་། །མུ་ཁྱུད་འདབ་བཞི་རིམ་པ་གཉིས། །འདབ་བརྒྱད་རིམ་གཉིས་འདབ་མ་དྲུག །ཕྱི་མཐའི་མུ་ཁྱུད་རྣམས་སུ་འགྱུར། །ཞེས་པ་ལྟར་མ་འཁྲུལ་བར་གདབ་བོ། །གསུམ་པ་ཚོན་དགྱེ་བ་ནི། ཚོན་སྣོད་དབུས་དཀར་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་ཀུ་བཞག་པར་ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་ལྔ་བྲིས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་སྟེ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཁ་དོག་ལྔ་ལྡན་ལ། རྣམ་པ་རིན་པོ་ཆེའི་རྡུལ་ཚོན་འོད་འབར་བར་གྱུར་པར་ བསམ་ལ་འབྲུ་ལྔ་བརྒྱ་རྩ་བརྗོད། ཨེ་ཡྃ་བྃ་ལྃ་རྃ་ཧཱུྃ༔ ཞེས་བརྗོད་ཅིང་དབུས་ཀྱི་ཕུར་ཁུང་རིམ་པས་མཐིང་ལྗང་སེར་དམར་པོ་རྣམས་བླུགས་ལ་བཀང་སྟེ་འབྱུང་བ་རིམ་བརྩེགས་སུ་ཕོ་བྲང་བཞེངས་པར་བསམ། སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་རེ་ཁཱ་གཅིག་དྲངས་ཏེ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ ནམ་མཁའི་རྒྱལ་པོའི་སྐུ་ཐོབ་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ༔ ཞེས་བརྗོད་ལ། ཚོན་ཇི་ལྟར་དགྱེ་བའི་ཚུལ་ནི། །ལྟེ་བ་དཀར་ལ་མུ་ཁྱུད་ལྗང་། །འདབ་བཞི་ཕྱོགས་མདོག་འདབ་བརྒྱད་དང་། །འདབ་དྲུག་མཛེས་ཚོན་མུ་ཁྱུད་མཐིང་། །གྲུ་ཆད་སྒོ་ཁྱམ་ཕྱོགས་ཀྱི་མདོག །རྩིག་པ་ནང་ [16a] ནས་རིམ་པ་བཞིན། །དཀར་མཐིང་སེར་དམར་ལྗང་ཀུའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་ཡབ་དཀར་པོ་པད་འདབ་རིས། །མུན་པ་པ་ཏི་གླང་རྒྱབ་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་ཚོན། །རྟ་བབ་སྣམ་བུ་བཞི་པོ་ལ། །ནང་ནས་དམར་སྔོ་ལྗང་སེར་རམ། །ཡང་ན་སེར་མཐིང་དམར་ལྗང་བྱ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་གསེར་མདོག་གདུགས་དཀར་པོ། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །པདྨ་སྣ་ཚོགས་དུར་ཁྲོད་ཀྱི། །གཞི་མ་ནག་ལ་རྒྱན་མཛེས་ཚོན། །རྡོ་ར་གཞི་ནག་རྡོར་ཕྲེང་སེར། །མེ་རི་སྣ་ཚོགས་ཆོས་འཁོར་རོ། །ལྷ་གནས་རྣམས་སུ་མཚན་མ་ནི། །སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་ནམ། །མ་འགྲུབ་གཙོ་འཁོར་རང་རང་གི །སྐུ་མདོག་དང་མཚུངས་ཚོན་སྤུང་བྱ། །ཚོན་རྩི་མི་མཐུག་མི་སྲབ་ཅིང་། །མ་འདྲེས་ཆད་དང་ཡོ་བ་སོགས། །ཉེས་པའི་སྐྱོན་རྣམས་རབ་སྤངས་ཏེ། །སྒྲིན་པོའི་བློ་ཡིས་ལེགས་པར་བྲི། །ཞེས་པ་ལྟར་མཛེས་ཤིང་ཡིད་དུ་འོང་ལ་དང་བ་འདྲེན་པར་དགྱེའོ། །གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་མི་འགྲུབ་པའི་ཕྱོགས་ལ་གོང་གི་ཆག་ཆག་པ་དང་སྤྲོ་ན་ཡེ་ཐིག་ཙམ་བཏབ་ལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། གང་ལྟར་ཡང་མཐར་སློབ་དཔོན་གྱིས་དཀྱིལ་འཁོར་བསྐོར་ཞིང་དྲིལ་བུ་གསིལ། ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་བཟླས་པས་མེ་ཏོག་འཐོར་ [16b] ལ། ཧྲཱིཿ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ གཟུགས་ཀྱི་སྐུར་བཞེངས་གནས་མཆོག་འདི་ཉིད་དུ༔ འགྲོ་བ་སེམས་ཅན་མ་ལུས་དོན་གྱི་ཕྱིར༔ མཚོན་པ་བརྡ་ཡི་དཀྱིལ་འཁོར་འདི་ཉིད་ལ༔ གཉིས་མེད་བརྟན་པར་བཞུགས་ལ་བྱིན་གྱིས་རློབས༔ ཨོཾ་མ་ཧཱ་གུ་རུ་ཨཱརྱ་ལོ་ཀི་ཤྭ་ར་དྷཱ་ཀི་ནཱི་གཉའ་ནས་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། དེ་རྣམས་ཀྱིས་ཉིན་དང་པོའི་བྱ་བ་གྲུབ་བོ། །བཞི་པ་རྒྱན་འགོད་པ་ནི། ཐོག་མར་དམ་ཚིག་གི་ཡོ་བྱད་རྣམས་ཉེར་བདོག་བྱ་སྟེ། སྐུ་རྟེན་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གསུང་རྟེན་ཀ་པཱ་ལ་མཚན་ལྡན་ཆང་དང་མངར་གསུམ་ཨ་མྲྀ་ཏས་བཀང་བའི་ཁ་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་པ། ཐུགས་རྟེན་མེ་ལོང་སིནྡྷུ་རས་བརྡལ་བར་ཆོས་འབྱུང་ཧྲཱི༔ ཡིག་བྲིས་པ། ཡོན་ཏན་ཕྲིན་ལས་ཡོངས་རྫོགས་སྒྲུབ་གཏོར་ཕྱག་བཞེས་བཞིན་བཞེངས་པ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། ཚེ་འབྲང་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ། བཅུད་ལེན་གྱི་རིལ་བུ། མངར་གསུམ་སྦྱར་བའི་ཚེའི་ཛ་གད། ཚེ་མདའ་རྒོད་སྒྲོ་མ་དར་སྣ་ལྔ་དང་རཏྣས་བརྒྱན་པ། སྒྲུབ་དབང་དང་འབྲེལ་ན་ཙཀླི་སོགས་དབང་རྫས་ཚང་བ། ཁྱད་པར་མྱང་གྲོལ་རིལ་བུའི་བཅས་འོག་ཏུ་སྨོས་པ་ལྟར་ [17a] ཚད་ལྡན་དུ་འདུ་བྱས་པ་དང་། གཞན་ཡང་མཆོད་རྫས་གཏོར་མ། རྒྱན་བཀོད་ཀྱི་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པ་ཚོགས་པར་བྱས་ནས། རྒྱན་བཀོད་དངོས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྒྲུབ་རྫས་རྣམས་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ཛཔྲ་དབྱངས་དང་བཅས་སློབ་དཔོན་གྱིས་སྤོས་འཛིན་པས་སྣ་དྲངས་ཏེ། རྒྱལ་ཚབ་སོགས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་རྣམས་རིམ་པར་ཐོགས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་མདུན་དུ་འཁོད་ལ། ཧཱུྃ༔ ཡང་གསང་བླ་མེད་མཆོག་གི་དཀྱིལ་འཁོར་འདིར༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ བླ་མ་འཕགས་མཆོག་ཡི་དམ་དྷཱ་ཀི་ཡི༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་རྫས༔ ཡོན་ཏན་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་ཡེ་ཤེས་སྐྱེ་བ་མེད་པའི་ངང་༔ ནམ་མཁའི་རྒྱལ་པོ་རྩ་གསུམ་ལྷ་ཡི་ཚོགས༔ ཐུགས་རྗེ་སྤྲུལ་བསྒྱུར་གཙོ་འཁོར་བཅས་རྣམས་ཀྱིས༔ འགྲོ་ཀུན་སྲིད་མཚོ་སྒྲོལ་ཞིང་ཐར་པར་འདྲེན༔ གསང་བའི་རྫས་མཆོག་སྨན་གཏོར་རཀྟ་དང་༔ ཕྱི་ནང་སྣོད་བཅུད་བུམ་པའི་གཞལ་ [17b] ཡས་གསལ༔ སྐུ་གསུང་ཐུགས་ཡོན་ཏན་ལས་རྫོགས་པའི་དཔལ༔ མ་རིག་རྣམ་རྟོག་དྲྭ་བ་གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ཉོན་མོངས་འབིག་པའི་མདའ༔ དྲི་མེད་རྣམ་དག་སྐུ་གསུམ་མེ་ལོང་མཛེས༔ སྐུ་ལྔ་མཚོན་ཕྱིར་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བས་མཚན༔ དར་འཕྱང་གཟུངས་ཐག་འཕན་འཕྱང་ལྡ་ལྡི་དང་༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོ་་ཡོལ་བ་དང་༔ རྒྱན་དྲུག་ཅོད་པན་མི་ནུབ་རྒྱལ་མཚན་དང་༔ རྡོ་རྗེ་དྲིལ་བུ་རྔ་ཆེན་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང་༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ མཚན་ལྡན་རིག་མ་ཡིད་འོང་བདེ་བའི་ལམ༔ བཟླས་པའི་སྒྲ་དང་དག་པ་རབ་འབྱམས་ལྷ༔ གིང་དང་ལས་པ་ཡིད་བཞིན་རེ་སྐོང་སྒྲུབ༔ ཐམས་ཅད་ཡོངས་རྫོགས་བདེ་ཆེན་རོལ་པའི་ངང་༔ སྐུ་གསུང་ཐུགས་ཡོན་མཆོད་རྫས་དཔག་མེད་རྣམས༔ ཕོ་བྲང་གཞལ་ཡས་འདིར་ནི་རྣམ་པར་བཀོད༔ རྣལ་འབྱོར་བདག་ཅག་དངོས་གྲུབ་མཆོག་བརྙེས་ཤིང་༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་སྐེམ་བྱའི་ཕྱིར༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས༔ ཕོ་བྲང་གཞལ་ [18a] ཡས་འདི་ལ་བརྟན་པར་བཞུགས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་རོལ་མོ་དང་བཅས་དཀྱིལ་འཁོར་དབུས་ཀྱི་འཕྲུལ་སྟེགས་སུ་མྱང་གྲོལ་རིལ་བུའི་བུམ་པ་ཉིད་བརྟན་པོར་བཀོད་པའི་ཁར་གཟུངས་ཐག་རྡོ་རྗེ་བཞག །མདུན་དུ་རྣམ་བུམ། གཡས་སུ་གསང་ཐོད་མེ་ལོང་། རྒྱབ་ཏུ་སྒྲུབ་གཏོར། གཡོན་དུ་ཚེ་འབྲང་སོགས་འགོད་ཅིང་། རྡོ་རའི་སྟེང་དུ་སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་དང་། མ་ཏྲཾ་ཡང་སྔར་གྱི་གོ་རིམ་ལས་མ་འཆུག་པར་བཀོད། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཅས་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་དང་བ་དན་བཞི་བཞི། དར་གྱི་ལྔ་ལྡི། རིན་པོ་ཆེའི་དྲྭ་ཕྱེད། སྟེང་ན་གདུགས་དང་བླ་བྲེ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་སོགས་ཕྱག་ལེན་མཐོང་བརྒྱུད་བཞིན་བཀོད་པས་མཛེས་ཤིང་བརྗིད་ཆགས་པར་བཀྲམ། ཕྱི་རོལ་གྱི་ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ། ནུབ་ཏུ་རྩ་བའི་མཆོད་གཏོར་རྒྱན་སྤྲོས་ཅན་དང་། དེའི་གཡས་ནས་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་སྤྱིའི་གཏོར་སྤུངས། ཞིང་སྐྱོང་། ཆད་མདོ། སྨན་ཐོད། གཡོན་ནས་གཡོན་དུ་མོ་རྒྱུད་སྤྱིའི་གཏོར་སྤུངས། གཡུ་སྒྲོན་མ། བརྟན་མ། རཀྟའི་སྣོད་རྣམས་དང་། བྱང་དུ་དྲག་པོའི་ཉེར་སྤྱོད་བཅས་བཤམ། སྤྲོ་ན་དཀྱིལ་འཁོར་ [18b] མཐའི་ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་། མཆོད་པ་སྨན་རཀ་གཏོར་མ་མར་མེ་རྣམས་བརྒྱ་རྩ་སོགས་གང་འབྱོར། མདུན་ཁོ་ནར་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད། ལྷོ་ནུབ་ཏུ་ལྕགས་ཧོམ་ནང་ཉུ་ལེའི་ལིང་ག །ལས་ཕུར། ཐུན་རྫས་སོགས་འགོད། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོ་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར་རྣམས་དང་། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག །ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང་གཏོར་མའི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པ་ལེགས་པར་བཤམས་ལ། མཆོད་རྫས་སྤྱི་ཁྱབ་ཏུ་དམིགས་ཏེ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའི་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །ལྔ་པ་ཕྲིན་ལས་འཇུག་པའི་ཡན་ལག་ལ་ལྔ་ལས། དང་པོ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱི་གཙོ་བོས་འདུས་པའི་གྲལ་གཤམ་ནས་འབྲེལ་ཆགས་པའི་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་པོར་ལེན་ཚུལ་གྱིས། ཀྱཻ་ཧོཿ རྡོ་རྗེ་རྒྱལ་པོ་དཀྱིལ་ [19a] འཁོར་ཀུན་གྱི་གཙོ༔ རྒྱལ་བའི་གདུང་འཚོབ་སྟོན་པ་ཀུན་བཟང་དངོས༔ དངོས་གྲུབ་ཀུན་འབྱུང་ཐར་པའི་གྲོང་ཁྱེར་དུ༔ འགོད་མཛད་མཉམ་མེད་བླ་མ་ཨོ་རྒྱན་རྗེ༔ སྟོན་པའི་བཀའ་བཞིན་མངའ་གསོལ་བརྟན་པར་བཞུགས༔ མཚན་ལྡན་རིག་མ་ཡིད་བཞིན་བདེ་སྟེར་མ༔ རྒྱལ་བའི་ཡུམ་གྱུར་མངའ་གསོལ་བརྟན་པར་བཞུགས༔ དབང་སྒྲུབ་ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཕྱིར༔ སློབ་དཔོན་འོས་རྣམས་མངའ་གསོལ་བརྟན་པར་བཞུགས༔ ཕྱི་ནང་མཚམས་གཅོད་བདུད་དཔུང་ཀུན་འཇོམས་ཕྱིར༔ རྡོ་རྗེ་མཚམས་པར་མངའ་གསོལ༴ མངོན་སྤྱོད་དྲག་པོས་བར་ཆད་ཉུ་ལེ་སྐྲོད༔ རྡོ་རྗེ་གིང་ཆེན་མངའ༴ དངོས་གྲུབ་བར་ཆད་ཡེ་ཤེས་དབྱིངས་སུ་མཁྱེན༔ ཡེ་ཤེས་སྤྱན་ལྡན་མངའ༴ཕུད་དང་གཙང་སྦྲ་མཁས་ཤིང་ལག་ལེན་འབྱེད༔ ཕུད་འདྲེན་ཕྱག་ཚང་མདའ༴ གཡོས་མཁས་ལྷག་ཆད་མེད་ཅིང་རྣམ་གཡེང་སྤངས༔ རྡོ་རྗེ་བྱན་མོར་མངའ༴ ཐབས་མཁས་སྤྱོད་འཛོམ་དག་པ་གསུམ་ལྡན་པ༔ རྡོ་རྗེ་མཆེད་ལྕམ་མངའ༴ ཀུན་གྱི་བརྡ་སྤྲོད་སྤོས་འཛིན་གར་མཁན་མ༔ [19b] རྡུལ་འཕྱག་སྐྱེས་བུར་མངའ༴ ཉོན་མོངས་རབ་སྤོངས་བླ་མེད་མཆོག་སྒྲུབ་པ༔ འཁོར་ལོས་བསྒྱུར་རྒྱལ་མཆེད་དང་ལྕམ་དྲལ་རྣམས༔ ཐམས་ཅད་མངའ་གསོལ་གནས་འདིར་བརྟན་པར་བཞུགས༔ ཞེས་ལས་ཀྱི་རྡོ་རྗེས་བདུད་རྩིའི་སྐྱེམས་སོ་སོར་དྲངས་ལ་མངའ་གསོལ་ལོ། །གཉིས་པ་བསྲེ་བསྣན་བྱ་བ་ནི། དབང་མ་ཐོབ་ཅིང་སྔོན་ཆད་སྒྲུབ་གྲལ་དུ་མ་ཞུགས་པའི་མཆེད་གསར་བུ་ཡོད་ན་དེ་རྣམས་གཞུང་གྲལ་ལས་ལོགས་སུ་ཕྱེས་ཏེ་སློབ་དཔོན་གྱི་གསུང་ཐོས་པའི་ཉེ་ཕྱོགས་སུ་འཁོད། སློབ་དཔོན་གྱིས་ལས་བྱང་ལྟར་བདུད་རྩི་བྱིན་རླབས་སྔོན་དུ་འགྲོ་བས་སྨན་མཆོད་མཚན་དོན་ཁཱ་ཧི་བཅས་ཀྱིས་རྒྱས་པར་ཕུལ་བའི་ལྷག་མ་ལ སྟོན་པ་རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གཙོ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཡི་གེ་ཧཱུྃ་ལས་ལས་ཀྱི་ཧེ་རུ་ཀ་རྔམས་ཤིང་བརྗིད་པ་འཕྲོས་པའི་ཐུགས་ཀ་ནས་ཡཾ་མཐིང་ནག་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོད་བརྒྱད་པ་སྤྲོས་ཏེ་རྩི་ལ་ཐིམ་པར་ བསམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས་པས་དམ་ཆུར་བྱིན་གྱིས་བརླབས། ཧཱུྃ༔ གསང་སྔགས་དོན་ལ་མི་མོས་ཤིང་༔ ཞེས་སོགས་ཀྱིས་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། གསར་བུ་རྣམས་ཀྱི་རྒྱུད་སྦྱོང་བའི་ཕྱིར་སྐྱབས་སེམས་ [20a] ཚོགས་བསགས་རྗེས་ཟློས་ལན་གསུམ་རེ་བྱས་མཐར ཧྲཱིཿ རྒྱུ་ལམ་འབྲས་བུ་དབྱེར་མེད་པའི༔ རིན་ཆེན་གྲུ་གཟིངས་ལྟ་བུའི་ལམ༔ ཐེག་མཆོག་སྒོ་འདིར་འཇུག་གོ་ཅོག༔ ལྟ་སྤྱོད་དྲི་མེད་དམ་ཚིག་བསྲེ༔ ཞེས་བརྗོད་ལ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ངག་ཏུ་སྦྱིན་ཏེ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ གལ་ཏེ་སྙིང་རིང་བརྙས་གྱུར་ན༔ ཡཀྵ་རྡོ་རྗེ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞིབ་སྟེ་འཐུང་༔ སྙིང་ལ་ཡང་དག་རབ་གནས་པའི༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་བསྲུང་མཆོག་ཉམས་ན་བརླག༔ ས་མ་ཡ་ཨི་དན་ན་ར་ཀན་པག་ཤ་སི་ཡཀྵ་ཧཱུྃ༔ ཞེས་དམ་ལ་བཞག །མཆེད་གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་ལ་འཁོད་དུ་བཅུག་ལ། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདྲེས་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལས་མི་འགལ་དམ་ཚིག་མཆོག༔ འདི་ནས་ཀུན་མཁྱེན་མ་ཐོབ་བར༔ [20b] སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ ཞེས་བརྗོད་དུ་བཅུག་སྟེ་བདུད་རྩི་མཆེད་གསར་རྙིང་གཉིས་ཀར་གཡས་བསྐོར་གཡོན་བསྐོར་བསྣོལ་མར་དྲངས། དམ་ཚིག་གི་བསླབ་བྱ་སྤྱི་ལྟར་རྒྱས་པར་འཆད་པའམ། མདོར་བསྡུས་ཙམ་དུ། ཀྱེ་ཧོཿ འདིར་ཚོགས་སྐལ་ལྡན་མཆེད་དང་ལྕམ་དྲལ་རྣམས༔ མ་ཡེངས་དྲན་པའི་འཛིན་ཕུར་ཐོབ་ལ་ཉོན༔ བླ་མེད་སྒྲུབ་པ་ཆེན་པོ་ནི༔ ཡང་གསང་ཐུགས་རྗེའི་དཀྱིལ་འཁོར་འདིར༔ ཞུགས་ནས་ཉེ་རིང་ཕྱོགས་འཛིན་སྤོངས༔ ཕྲ་མ་རྩོད་ལེན་ལོག་ཆོས་སྤོངས༔ ལོག་ལྟ་བག་མེད་བྲེ་མོའི་གཏམ༔ ལོག་སྤྱོད་མྱོས་ཆང་འཐུང་བ་དང་༔ ལེ་ལོ་གཉིད་ལོག་འཐབ་རྩོད་ལ་སོགས་པ༔ ལུས་ངག་ཡིད་ཀྱི་མི་དགེའི་ལསས་རྣམས་སྤོངས༔ བརྩོན་འགྲུས་ངེས་འབྱུང་མོས་གུས་དག་སྣང་དང་༔ བླ་མ་ལ་གུས་རྡོ་རྗེ་རྒྱལ་ཐེབས་དང་༔ ཤེས་རབ་གཟུངས་མ་ལས་ཀྱི་རྒྱལ་ཐེབས་དང་༔ མཆེད་ལྕམ་ལ་གུས་གདུང་སེམས་ཆེ་བར་མཛོད༔ གསང་སྔགས་བླ་མེད་དོན་གྱི་དཀྱིལ་འཁོར་འདི༔ མཐོང་བ་ཙམ་གྱིས་སྐད་ཅིག་ཚེ་འདིར་གྲོལ༔ བླ་མེད་མཆོག་གི་དངོས་གྲུབ་མ་གཏོགས་པར༔ ཐུན་མོང་དངོས་གྲུབ་ཕྲན་ [21a] བུར་མ་སེམས་ཤིག༔ ཡང་གསང་བླ་མེད་དཀྱིལ་འཁོར་གྱི༔ སྒྲུབ་ཆེན་བསྐྱེད་རྫོགས་ཟབ་མོ་ནི༔ མཐོང་ཐོས་སྐལ་ལྡན་ཨུ་དུམྺ་ར་བཞིན༔ བསྐལ་པ་བརྒྱར་ཡང་འདི་འདྲ་རྙེད་མི་འགྱུར༔ དེ་ཕྱིར་ཡེངས་མེད་བརྩོན་ཅིག་བུ་མཆོག་རྣམས༔ ཞེས་གདམས་པར་བྱའོ། །གསུམ་པ་ཆས་སུ་འཇུག་པ་ནི། ཞི་ཆས་དར་བེར། རིན་ཆེན་རྩེ་བྲན། དར་ཀྱི་ཅོད་པན། མགུར་ཆུ། དོ་ཤལ། སྐེ་རགས། རྡོ་དྲིལ་རྣམས་གཟུགས་སུ་བཅོས་པའམ་དངོས། ཁྲོ་ཆས་ཐོད་པ་ཚར་གསུམ་གྱི་ཕྲེང་བ། གླང་ཀོ ། སྦྲུལ་ཆུན། ཞིང་ལྤགས། སྟག་ཤམ། དཔལ་འབར་མེ། མཚལ་དང་ཁྲག་ཆེན་བསྲེས་པ། དཀར་དང་ཐལ་ཆེན་བསྲེས་པ། ས་སེར་དང་ཞག་ཆེན་བསྲེས་པ། འདེབས་པའི་ཡོ་བྱད་རྡོ་རྗེ་ཕྱེད་པ་དང་པདྨ་འདབ་བརྒྱད་ཉི་ཟླའི་སྤར་རྣམས་རེ་རེ་བཞིན་ཐོགས་པ་གྲལ་སྟབས་སུ་འཁོད། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་བོར་ལེན་ཚུལ་གྱིས། ཧཱུྃ༔ གདོད་ནས་མ་སྐྱེས་ཐུགས་རྗེ་ཞི་བའི་དབྱིངས༔ སེམས་ཅན་དོན་ལ་སྤྲུལ་བསྒྱུར་སྣ་ཚོགས་ཀྱི༔ ཐབས་དང་ཤེས་རབ་ཕྱག་རྒྱའི་རྟགས་མཆོག་དང་༔ ཡེ་ཤེས་ལྔ་ལྡན་མཛེས་པའི་རྒྱན་ཆ་འདིས༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་༔ དཔའ་བོ་དཔའ་མོ་རྣམས་ལ་མངའ་གསོལ་ལོ༔ ཞེས་པས་ཞི་ [21b] ཆས་རྣམས་དང་། ཧཱུྃ༔ ཐོད་ཕྲེང་སྐུ་གསུང་ཐུགས་ཀྱི་རྟགས་ཀྱི་རྒྱན༔ སྟོབས་བཅུའི་དོན་རྟོགས་ཐེག་ཆེན་ཀོ་རློན་རྒྱན༔ དྲེགས་པའི་བདུད་འདུལ་སྦྲུལ་གྱི་ཆུན་འཕྱང་ལྡན༔ ཚུལ་ཁྲིམས་གོ་ཆ་སྟོང་ཉིད་གཡང་གཞིའི་གོས༔ རྟག་ཆད་མཐའ་བྲལ་དཔའ་བོའི་སྟག་ཤམ་མཛེས༔ གཟིག་ཤམ་དོན་དམ་བཅུད་ཀྱི་རྒྱན་དུ་ཆེ༔ ཆགས་བྲལ་སྒྱུ་མར་རལ་པ་ཏཀྟས་མཚན༔ གདུག་ཅན་མཐར་བྱེད་ཐལ་བའི་ཚོམ་བུར་ལྡན༔ ཐུགས་རྗེ་ཡེ་ཤེས་དབྱིངས་འདུལ་མེ་ཕུང་འབར༔ ཁྲོ་རྒྱལ་དུར་ཁྲོད་རབ་འཇིགས་ཆེས་སུ་ཞུགས༔ རང་རང་རྟགས་ཀྱི་ཆ་ལུགསས་རྫོགས་པ་དང་༔ ཉོན་མོངས་མ་སྤངས་རང་དག་རྒྱན་དུ་ཆེ༔ དཀྱིལ་འཁོར་ལྷ་རྣམས་དགྱེས་པའི་ཕྱག་རྒྱར་འབུལ༔ ཞེས་པས་ཁྲོ་ཆས་རྣམས་སློབ་དཔོན་ནས་བརྩམས་འདུས་པ་ཀུན་ལ་འགྲིམ་ཞིང་རྒྱན་དང་གོས་རྣམས་བགོ་བའི་ཚུལ་བྱ། དཔྲལ་བར་རཀྟའི་ཉི་ཟླ། མཁུར་ཚོས་གཉིས་ལ་ཐལ་ཆེན་གྱི་རྡོ་རྗེ་ཕྱེད་པ་རེ། ཁ་ལ་ཞག་གི་པདྨ་འདབ་བརྒྱད་རྣམས་བྲིའོ། །བཞི་པ་བརྡ་སྦྱར་བ་ནི། ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་ [22a] སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རྒྱ་ཆེར་བསྒྲག་པ་སྔོན་དུ་འགྲོ་བས། ཧཱུྃ༔ རྣམ་དག་ལྷུན་གྲུབ་གཞལ་ཡས་འདིར༔ པདྨ་ཉི་ཟླ་འོད་ཀློང་དུ༔ ཡེ་ཤེས་རང་བྱུང་ལྷུན་གྲུབ་ལྷ༔ ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས༔ ཉི་མ་དང་ནི་འོད་ཟེར་བཞིན༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་ལྷ་རྣམས་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་པར་བསམ་མོ། །ལྔ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་རྒྱན་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་དེ་དཀྱིལ་འཁོར་ལ་བསྐོར། སྤོས་ཀྱི་དུད་སྤྲིན། དར་སྣའི་གཡབ་མོ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ་ཞིང་ཕྲིན་ལས་བསྒྲུབ་པར་ མོས་ལ་ལས་བྱང་བཞིན་བྱིན་དབབ་པས་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པ་ཉིད་དུ་གྱུར་པར་བསམ་ཞིང་ཛཔྲ་དབྱངས་བྱ། དེ་ནས་བདག་བསྐྱེད་རྒྱུན་སྤྱོད་མཐར་དབྱུང་བས་ [22b] ཉིན་གཉིས་པའི་བྱ་བ་གྲུབ། དེ་རྣམས་ཀྱིས་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ་རྫོགས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་བསྒྲུབ་པའི་རིམ་པ་གསུམ། ཕྲིན་ལས་ཀྱི་གཞུང་བསྲང་བ། སྒྲུབ་པའི་བར་ཆད་བསལ་བ། རྟགས་ཚད་གཏན་ལ་འབེབས་པའོ། །དང་པོ་ལའང་གཉིས། སྤྱིའི་དོན་བཤད་པ་དང་། སྒྲུབ་ཐབས་དངོས་བསྟན་པའོ། །དང་པོ་ནི། དེ་ཡང་ཡིག་བཅུ་རྐྱང་སྒྲུབ་ཙམ་ལའང་ཡོན་ཏན་ཚད་མེད་པ་གཞུང་གི་དངོས་བསྟན་ཡིན་མོད། འགྲོ་བ་འདུལ་བའི་ཕྱག་བཞེས་ཀྱི་གཙོ་བོ་སྐྱེ་བདུན་རིལ་སྒྲུབ་ནི་དེ་ལས་ཀྱང་ཆེས་འཕགས་པ་སྟེ། དེའི་དོན་ཅུང་ཟད་འཆད་པ་ལ་གཉིས། གདམས་ངག་གི་ངོ་བོ་དང་། དེ་ཉིད་ལག་ཏུ་ལེན་ཚུལ་ལོ། །དང་པོ་ནི། དེའང་གདུལ་བྱ་རྣམས་ཇི་ཙམ་ཉོན་མོངས་པ་རགས་ཤིང་གདུལ་དཀའ་བ་དེ་ཙམ་དུ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྟོབས་ཆེར་བསྐྱེད་ནས་དངོས་དང་བརྒྱུད་ནས་འགྲོ་བ་རྣམས་ཐར་པ་ལས་ཕྱིར་མི་ལྡོག་པའི་ས་ལ་སྦྱོར་བར་མཛད་ཅིང་། ཁྱད་པར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེའི་ཐུགས་རྗེ་ཚད་མེད་པའི་ཆ་ལས་རྩོད་པའི་དུས་མཐར་ཀུན་བཟང་ཐུགས་ཀྱི་བསྟན་པ་ཁྱབ་བརྡལ་དུ་སྣང་བའི་དུས་འདིར་མཐོང་ཐོས་དྲན་རེག་གྲོལ་བ་བཞི་ལྡན་གྱི་གདམས་ཟབ་རྒྱ་མཚོ་ཙམ་བྱོན་པས་སྐལ་ལྡན་མཐའ་ཡས་པ་གདོད་མའི་གྲོལ་སར་རྩོལ་མེད་དུ་དེངས་པའི་ཕྲིན་ལས་ངོ་མཚར་ཞིང་ངེས་ཤེས་སྐྱེད་པའི་རྟགས་མངོན་གྱུར་དུ་གསལ་བ་དུས་ [23a] གསུམ་དུ་ནུབ་པ་མེད་རྣམས་ཀྱང་མདོར་བསྡུ་ན། ཇི་སྐད་དུ། མ་བསྒྲུབས་སངས་རྒྱས་ཐོབ་ཐབས་ལྔ༔ སྔོན་སྦྱངས་ལས་སད་རྟོགས་གྲོལ་དང་༔ རང་བྱུང་རྒྱུད་མཆོག་བཏགས་གྲོལ་དང་༔ མཚན་ལྡན་པད་ཅན་རྩ་ཡི་གནད༔ གསང་ལམ་ཟབ་མོ་འཕོ་བ་དང་༔ ངོ་མཚར་རྫས་མཆོག་སྐྱེ་བདུན་ནོ༔ ཞེས་འབྱུང་བ་ལྟར་མ་བསྒོམས་སངས་རྒྱས་ཐོབ་པའི་གདམས་ངག་གི་གཙོ་བོ་ལྔ་ལས་ཀྱང་ཁྱད་པར་དུ་གྱུར་པ་ནི་མྱང་གྲོལ་སྐྱེ་བདུན་རྫས་ཀྱི་སྒྲུབ་པ་འདི་ཉིད་དབང་པོ་མཆོག་དམན་ཀུན་དང་འཚམས་ཤིང་ཀུན་ལ་ཁྱབ་པའི་ཕྲིན་ལས་རྨད་དུ་བྱུང་བ་ཡིན་ཅིང་། སྐྱེ་བ་བདུན་ལ་བརྟེན་ཏེ་མཁའ་སྤྱོད་རིག་པ་འཛིན་པ་དང་། བླ་མེད་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པ་གཉིས་སུ་བཤད་པ་ལས། སྔ་མ་ནི་གཙོ་བོར་རྒྱུད་ཆེན་རྡོ་རྗེ་གུར་དང་རྡོ་རྗེ་མཁའ་འགྲོ་སོགས་ལས་ཅི་རིགས་པར་བསྟན་ཀྱང་བོད་ཡུལ་འདིར་ཕྱག་བཞེས་སུ་བཏབ་པ་རྒྱ་ཆེར་མ་བྱུང་ལ། ཕྱི་མ་ནི་གཙོ་བོར་གུ་རུའི་གཏེར་ཁ་ཀུན་ལས་བསྒྲུབ་བྱའི་དམ་རྫས་དང་སྒྲུབ་བྱེད་ཀྱི་ཐབས་མཆོག་མཐའ་ཡས་པ་བྱོན་དང་འབྱོན་བཞིན་པ་འདི་དག་རྣམས་སོ། །གཉིས་པ་ལ་བདུན། སྐྱེ་བདུན་བརྟག་པ། རིལ་བུ་སྦྱོར་ཚུལ། སྒྲུབ་པ་དངོས། དངོས་གྲུབ་བླང་བ། གཞན་དོན་བྱ་བ། སྒོས་ཀྱི་དམ་ཚིག །དགོས་ཆེད་ཕན་ཡོན་བསྟན་པའོ། །དང་པོ་ནི། རྒྱས་པར་རྒྱུད་ནས་བཤད་ཀྱང་ལག་ཏུ་ལོན་པར་དཀའ་བས་འདིར་མ་སྨོས་ལ། མདོར་ན་དལ་ [23b] འབྱོར་ཆོས་ལྡན་གྱི་སྐྱེ་བ་བདུན་བརྒྱུད་བླངས་པ་རང་ཉིད་ཀྱིས་དྲན་ཅིང་དེའི་རྟགས་གསལ་བའི་གང་ཟག་གི་གདུང་ཉིད་བསྒྲུབ་པའི་གཞི་ཡིན་ཀྱང་། ཚད་ལྡན་མ་རྙེད་ན་གཏེར་བྱོན་བྲམ་ཟེའི་གདུང་རུས་སམ། ཤ་རིལ་ལམ། རིང་བསྲེལ་སོགས་གང་ཡང་རུང་བ་རྙེད་ན་མཆོག་ཏུ་འགྱུར་ཞིང་། དེའང་དངོས་སུ་མ་རྙེད་ན་དེའི་རྒྱུན་འདྲེས་པར་ངེས་པའི་ཕབ་གཏའ་ཡང་ནས་ཡང་བསིང་མ་ཡིན་པའི་རྩ་བའི་གཏའ་སྤེལ་ལྟ་བུ་ལ་གཞི་བཅོལ་ནས་སྨན་དང་དམ་རྫས་གཞུང་མཐུན་སེལ་མེད་ཀྱི་སྐྱོབ་སྦྱར་དགོས་ཀྱི། རྩ་བའི་སྒྲུབ་རྫས་སྐྱེ་བདུན་གྱི་གདུང་མེད་པའི་གང་ཟག་རྣམས་ཀྱི་གདུང་རིང་བསྲེལ་ཅི་རིགས་ཀྱི་རིལ་བུ་བསྒྲུབ་པ་ནི་རྟེན་འདུས་ཙམ་དུ་ཟད་ཀྱི་མྱང་གྲོལ་རྫས་མཆོག་མ་ཡིན་ལ། དེ་བཞིན་རིལ་བུ་ཡང་ནས་ཡང་བསིང་བྱས་པའང་ནུས་པ་དམན་པས་ཐོག་མར་རྩ་བའི་ཕབ་གཏའ་བུམ་སྙིང་རིལ་བུ་བརྒྱ་དོ་བཅུ་དོ་སོགས་མང་དུ་གཞུག་ནས་ལོ་བསྟར་རྒྱུན་སྒྲུབ་ཀྱི་རིལ་བུ་སྒྲིལ་སྦྱོར་གྱི་སྐབས་སུའང་བུམ་སྙིང་རིལ་བུའི་ཕབ་གཏའ་མཛད་པ་སྔོན་གྱི་གང་ཟག་མཆོག་རྣམས་ཀྱི་ཕྱག་བཞེས་ཡིན་པས་ཤིན་ཏུ་ལེགས་སོ། །གཉིས་པ་རིལ་བུ་སྦྱོར་ཚུལ་ནི། སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་མ་ལས། སྐྱེ་བདུན་ཤ་ནི་སྲན་ཚད་ལ༔ བཟང་དྲུག་གླ་རྩི་ཨ་མྲྀ་ཏ༔ གྲུབ་ཐོབ་ཤ་ནི་ཚོགས་ཚད་ནང་༔ བྱིན་རླབས་རྫས་དང་རྟག་ཏུ་དུ༔ སྨན་དང་དབང་ལག་འབྲས་ཕྱེ་ནི༔ ཕུལ་རེ་ཕུལ་རེ་སྦྱར་བར་བྱ༔ [24a] རྒྱལ་རིགས་བུ་ཆུང་བྱ་རྒོད་ཀྱི༔ ཤ་ཡང་ཡོད་ན་ཐེབ་ཙམ་རེ༔ སྐྱོབས་སུ་སྦྱོར་ན་བཟང་བར་བཤད༔ དེ་ནས་རྟོགས་ལྡན་གྲུབ་ཐོབ་དང་༔ ཁྲིམས་ལྡན་དགེ་སློང་དྲི་ཆུས་སྦྱར༔ རིལ་བུ་སྙོམས་ཤིང་དཔག་མེད་བྱ༔ མཚལ་དང་སྐྱེར་པའི་ཁཎྜ་དང་༔ གུར་གུམ་སྦྱར་ཏེ་ཁ་དོག་བསྒྱུར༔ རིན་ཆེན་བུམ་པ་མཚན་ལྡན་ལ༔ གུ་གུལ་བདུག་ཅིང་བགེགས་བསྐྲད་བྱ༔ རིལ་བུས་བཀང་སྟེ་ཁ་རྒྱན་དང་༔ མགུལ་ཆིངས་གཟུངས་ཐག་རྡོ་རྗེ་སོགས་༔ ཆས་རྣམས་ལེགས་པར་རྫོགས་བྱས་ཏེ༔ བུམ་རྫས་ཉེར་ལྔ་དག་ཀྱང་བླུག༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཞེས་དང་གཞུང་འདི་ཉིད་ལས་ཀྱང་ཚིག་དོན་ཕལ་ཆེར་མཚུངས་པར་འབྱུང་བ་ལྟར་ཏེ། སྐྱེ་བདུན་ཀྱི་སྐུ་ཤ་དངོས་རྙེད་ན་མཆོག་དང་། མ་རྙེད་ན་གོང་མའི་སྒྲུབ་རྫས་སེལ་མེད་ཀྱི་རིགས་སྤྱི་དང་ཁྱད་པར་གཏེར་ཁ་འདི་གའི་སྐྱེ་བདུན་རིལ་བུའི་ཕབ་རྒྱུན་ཁུངས་ལྡན་ལ་གཞི་བྱས། འབྲས་གཙང་མའི་ཕྱེ་བྲེ་གསུམ་ཙམ་གྱི་ཚོད་ལ། ཨ་རུ་ར་རྡོག་སུམ་ཅུ། བ་རུ་ར་རྡོག་བཅུ། སྐྱུ་རུ་ར་སུམ་ཅུ། ཛཱ་ཏི། ལི་ཤི། སུགྨེལ། གུར་གུམ། ཀ་ཀོ་ལ། ཅུ་གང་རྣམས་ཞོ་དོ་ཙམ་རེ་དང་། གླ་རྩི་དུལ་མ་དྲི་ཙམ། ལྔ་ཚན་ལྔ། མཚེ་དང་བ་ལུ་ཅུང་ཟད་རེ། བྱ་རྒོད་ཀྱི་ཤ་སྲན་ཚད། སྔོ་རྟག་ཏུ་ངུ་ཨ་རུ་ར་དང་མཉམ་པ་རྣམས་རྡོ་གཏུན་དུ་ཞིབ་པར་བཏགས་ཤིང་འདྲེས་པར་བྱས་པ་ལ། དབང་ལག་དང་ཤེལ་ཀར་བུར་སྦྲང་རྣམས་ཀྱི་ཕྱེ་མའི་ཁ་ཚར་ཅུང་ཟད་བཏབ་སྟེ། ཆང་གར་མ་དང་སྦྱར་བའི་ཟན་གྱི་གོང་བུར་བྱས་ [24b] པ་ལས་རིལ་བུ་ཆེ་ཆུང་སྲན་མ་འབྲིང་པོ་ཙམ་དང་ཡུངས་དཀར་ཙམ་གང་འོས་སྒྲིལ་ནས་གྲིབ་སྐམ་བྱས་པ་མཚལ་བཟང་པོས་ཁ་དོག་དམར་པོར་བསྒྱུར་ཏེ་གསེར་དངུལ་ལ་སོགས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་པ་དར་དཀར་དམར་མཐིང་གསུམ་གྱིས་ལེགས་པར་དྲིལ་བ་དཀྱིལ་འཁོར་གྱི་དབུས་སུ་འགོད་པའོ། །གསུམ་པ་སྒྲུབ་ཐབས་དངོས་ལ་བཞི་ལས། དང་པོ་སྒྲུབ་པ་པོའི་གྲངས་ནི། ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལས། རྣལ་འབྱོར་ལྔ་ཡིས་གཟུངས་ཐག་བཟུང་༔ ཇི་སྲིད་གཟུངས་འཛིན་མང་ན་མཆོག༔ ཅེས་གསུངས་པས་འཛོམ་ན་དཀྱིལ་འཁོར་གྱི་ཕྱོགས་བཞིར་སློབ་དཔོན་བཞི། རྡོ་རྗེ་སློབ་དཔོན་དང་ལྔ་ཡིས་གཟུངས་ཐག་འཛིན་ཅིང་། པདྨ་གསུང་གི་སྒྲུབ་པ་ཡིན་པའི་ཕྱིར་བཟླས་པ་གཙོ་ཆེ་བས་སྔགས་ཟློ་མཁན་ཇི་ཙམ་མང་བཞིན་ལེགས་ལ། མ་འཛོམ་ན་གཟུངས་ཐག་འཛིན་པའི་སློབ་དཔོན་དང་ཐུན་དཔོན་གཉིས། སྔགས་གསུང་མི་འཆད་དུ་ཟློ་མཁན་གྱི་ཐུན་པ་ངེས་པར་དགོས་སོ། །གཉིས་པ་བསྒོམ་བྱའི་ཏིང་ངེ་འཛིན་ནི། སྒྲུབ་པ་པོས་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཀྱིས་དོན་གཉིས་བྱས་ནས་ཚུར་འདུས་སྒྲུབ་རྫས་ལ་ཐིམ་པས་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གསལ་བ་དང་། གཞན་ཡང་འོག་ནས་འབྱུང་བའི་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱའོ། །གསུམ་པ་བཟླ་བྱའི་སྙིང་པོ་ནི། བསྒྲུབ་བྱའི་དམ་རྫས་དེ་ངེས་པར་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ལས་བྱུང་བར་གསུངས་པས་དེ་དང་འབྲེལ་བའི་དབང་གིས་སྒྲུབ་བྱེད་ [25a] ཀྱང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཁོ་ན་ལ་བརྟེན་པར་སྣང་ཞིང་། དེའང་ཡི་གེ་བཅུ་པས་རིལ་བུ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར་བསྙེན་ཅིང་བྱིན་གྱིས་བརླབ། མ་བསྒོམས་སངས་རྒྱས་ཐོབ་པའི་སྔགས་ཨ་ར་པ་ཙའི་ཤམ་བུ་སྦྲེལ་བས་སྣང་གྲགས་རྟོགས་གསུམ་ལྷ་སྔགས་ཆོས་ཉིད་དུ་གསལ་བའི་གཟི་བརྗིད་ཀྱིས་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་མྱང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབ། རྟགས་རྫོགས་ནས་ཡེ་ཤེས་ལྔ་སྒྲུབ་ཀྱི་སྔགས་ཤམ་ཆེན་མོ་སྦྲེལ་བས་གདུལ་བྱའི་དུག་ལྔ་ཡེ་ཤེས་ལྔར་སྦྱོང་ཞིང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཀྱི་ནུས་པ་འབྱིན་པས་ལས་ལ་སྦྱར་བའོ། །བཞི་པ་གྲུབ་པའི་རྟགས་ནི། བསྙེན་པའི་རྟགས་སྤྱི་དང་མཚུངས་ལ། སྒྲུབ་པའི་རྟགས། འོད་དང་དུ་བ་སྒྲ་དང་དྲི༔ ཞལ་མཐོང་དག་སྣང་དཔག་མེད་འབྱུང་༔ ཞེས་པ་ལྟར་དང་། དངོས་སུ་རིལ་བུ་འཕེལ་བ། འཕུར་བ། བདུད་རྩི་མེ་ཏོག་གི་ཆར་འབེབས་པ། འཇིག་རྟེན་དགེ་བའི་ལྟས་བཀྲ་ཤིས་པ་གང་ཡང་རུང་བ་མཐོང་བ་ལ་སོགས་པ་དང་། ལས་སྦྱོར་གྱི་རྟགས། རང་གཞན་གྱི་སྒྲིབ་པ་དག་པ། བསོད་ནམས་རྒྱས་པ། ཉམས་རྟོགས་འཕེལ་བའི་ལྟས་སྣ་ཚོགས་འབྱུང་བའོ། །བཞི་པ་དངོས་གྲུབ་བླང་བ་ནི། བདུན་ནམ་བཅུ་བཞི་ཉེར་གཅིག་དག་ཏུ་བསྒྲུབ༔ ཞེས་གསུངས་པའི་དུས་སམ་རྟགས་ཀྱི་ཚད་གང་རུང་རྫོགས་པའི་ཐོ་རངས་ཁར་དངོས་གྲུབ་ཀྱི་རྫས་རྣམས་ལ་རིལ་བུ་ཅུང་ཟད་བསྲེས་ཏེ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་ཡེ་ [25b] ཤེས་བདུད་རྩིར་མོས་ཤིང་ཆོ་ག་དང་ལྡན་པས་རོལ་པས་ལུས་ཀྱི་ཕྱི་གཞལ་ཡས་ཁང་ལ། ནང་དོན་སྙིང་རྣམས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ལམ་གྱིས་གྲུབ་པར་མོས་པས་དེ་ལྟར་ཐེ་ཚོམ་མེད་པར་འགྱུར་བར་ངེས་སོ། །ལྔ་པ་གཞན་དོན་བྱ་བ་ནི། རྒྱུད་ལས། གདུལ་བྱ་སྦྱང་ཕྱིར་ཁྲུས་ཀྱང་བྱ༔ ཞག་བདུན་ཁ་གསོ་རྗེས་གནང་སྦྱིན༔ ཞེས་གསུངས་པ་ལྟར་གདུལ་བྱ་ནི་འགྲོ་བ་གང་ཡང་རུང་བ་སྟེ་སྔོན་ལ་ཁྲུས་སོགས་ཀྱིས་དག་པར་བྱས་པའི་གསེར་སྣོད་ལྟ་བུར་རིལ་བུ་བུམ་པའི་དབང་བསྐུར་ཞིང་བཅུད་སེང་གེའི་འོ་མ་ལྟ་བུ་བྱིན་པ་ཙམ་གྱིས་ལུས་གཞལ་ཡས་ཁང་། སྙིང་པདྨ་འདབ་དྲུག་ཟླ་བ་དང་བཅས་པའི་ལྟེ་བར་རིལ་བུ་ཐུགས་རྗེ་ཆེན་པོ་ཁ་གཞལ་ཡས་ཁང་གི་སྒོ་ནས་བྱོན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བརྟན་པར་བཞུགས་པར་མོས་ཏེ་ཕྱོགས་རིས་མེད་པའི་འགྲོ་བ་མཐའ་དག་རྗེས་སུ་བཟུང་ངོ་། །དྲུག་པ་སྒོས་ཀྱི་དམ་ཚིག་ནི། དེ་ལྟར་དབང་ཐོབ་ཅིང་རིལ་བུ་ལྟོར་སོང་ཕན་ཆད་བལྟར་སྣང་ཐ་མལ་དུ་འདུག་ཀྱང་ངོ་བོ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པ་ཡིན་པའི་ཕྱིར་དམངས་རིགས་རྒྱལ་སར་ཕྱུངས་པ་དང་འདྲ་བས། རྒྱལ་སྲིད་ཐོབ་ནས་རྒྱལ་ཁྲིམས་སྐྱོང་བ་དང་ཆོས་མཚུངས་པར་ཐུགས་རྗེ་ཆེན་པོའི་བསླབ་པའི་དམ་ཚིག་བདག་པས་གཞན་གཅེས་ཀྱི་སེམས་བསྐྱེད་དང་ལྡན་པས་སྤྱིར་འགྲོ་དོན་ཇི་ལྟར་ནུས་པ་བསྒྲུབ་ཅིང་རང་གི་ལུས་ངག་ཡིད་གསུམ་གཞན་དོན་འབའ་ཞིག་པར་བསྔོ། ཁྱད་པར་ཉིན་མཚན་ཐུན་དྲུག་གམ་ཐ་ན་ཉིན་རེར་ལན་རེ་ཐུགས་རྗེ་ཆེན་པོའི་བཟླས་བསྒོམ་སྙིང་རྗེའི་སེམས་དང་ [26a] མ་བྲལ་བར་བྱའོ། །བདུན་པ་ཕན་ཡོན་ནི། བསམ་ཡས་མ་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་པས་རིལ་བུ་སུས་ཐོབ་པ༔ ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་འཚལ་ལོ༔ ཞེས་སོགས་གསུངས་ཏེ། མཐེབ་དང་གཞུ་ཡི་ནུས་པས་མདའ་གང་འདོད་ཀྱི་གནས་སུ་འགྲོ་བ་ལྟར་སངས་རྒྱས་ཀྱི་ཐུགས་རྗེ་དང་རྒྱུ་རྐྱེན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་མཐུ་ཡིན་པས་ཇི་སྐད་བཤད་པ་དེ་དག་ནི་ངེས་པའི་དོན་ཁོ་ན་ཡིན་ནོ། །གཉིས་པ་སྒྲུབ་པའི་ཐབས་དངོས་ལག་ཏུ་ལེན་པ་ནི། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་བྱས་དྲིས་བྱུགས་ཤིང་རྒྱན་གོས་བཟང་པོས་བརྒྱན། དང་བའི་ཡིད་ཀྱིས་དཀྱིལ་འཁོར་ལ་ཕྱོགས་པར་འཁོད་དེ། ཉིན་གསུམ་པ་ནས་བཟུང་ཕྲིན་ལས་ཀྱི་བྱང་བུ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་ཉིད་ཉིན་མཚན་ཐུན་དྲུག་གམ་བཞིའི་རིམ་པས་ཉམས་སུ་ལེན་པར་བྱ་བ་ལས། ཐུན་དང་པོ་ལ་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚོགས་བསགས་སྔོན་གཏོར་ནས་བརྩམས་སྔོན་འགྲོའི་ལས་རིམ་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་སྟེ། བདག་མདུན་བུམ་གསུམ་དབྱེར་མེད་དུ་ཤེས་པས་གྱེར་ཚིག་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་ནས་བསྒོམས་ལ། ཡེ་ཤེས་པ་དྲང་བསྟིམས་ཕྱག་མཆོད་བསྟོད་པའི་བར་དུ་བྱ། བཟླས་པའི་སྐབས་ཕྱི་ནང་ [26b] གསང་བ་དེ་ཁོ་ན་ཉིད་དང་སྦྱར་བའི་ཛཔྲ་དགོངས་སོ་སོའི་དོན་ལ་དམིགས་པ་རྩེ་གཅིག་པས་བཟླ་བྱའི་སྔགས་ཡི་གེ་བཅུ་པ་བརྒྱ་སྟོང་ལ་སོགས་པ་དང་། མཐར་གཟུངས་རིང་དང་སྤྱི་དྲིལ་ཡང་ཇི་ལྟར་རིགས་པ་བཟླ་ཞིང་། ཁྱད་པར་སྐྱེ་བདུན་སྒྲུབ་རིལ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་བཅུད་རྫས་རིལ་བུ་རྣམས་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་སུ་གསལ་བར་གྱུར་པར་མོས་ལ། བདག་མདུན་ཐུགས་ཀའི་ཧྲཱིཿལས་མཁའ་ཁྱབ་ཏུ། །འོད་ལྔའི་ཟེར་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད། །འགྲོ་དྲུག་སྡུག་བསྔལ་ལས་ཉོན་སྡིག་སྒྲིབ་སྦྱངས། །འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །དྭངས་མའི་འོད་ཟེར་རྩི་བཅུད་ཚུལ་དུ་བསྡུས། །རིལ་བུ་ལ་ཐིམ་ཟེར་རླངས་གཟི་བྱིན་འབར། །ཀུན་ཀྱང་ཐུགས་རྗེ་ཆེན་པོའི་རང་བཞིན་དུ། །གྱུར་ཏེ་ལྷ་སྔགས་ཡོམ་ཡོམ་ཤིག་ཤིག་གཡོ། །གྲོལ་བ་རྣམ་བཞིས་འཁོར་བ་དོང་སྤྲུགས་གྱུར། ཅེས་གསལ་བཏབ་སྟེ་གཟུངས་ཐག་ནས་འཇུས་ལ་ཡིག་བཅུའི་ཤམ་དུ། །ཨ་ར་པ་ཙ་མི་ཏ་ཧྲིད་ཡ་སྭཱཧཱ༔ ཞེས་བཏགས་པའང་བཟླ་སྟེ། སྔགས་སྒྲ་རྒྱུན་མི་ཆད་པའི་བཟླས་པ་ཁོ་ན་ལ་གཙོ་བོར་བྱ་ཞིང་། ཐུན་མཚམས་ [27a] རྣམས་སུ་མཆོད་བསྟོད་མདོར་བསྡུས་བྱ། དེ་ལྟར་ཉིན་མོའི་སྔ་ཐུན་ལ་ཆོ་ག་སྔོན་འགྲོ་བཅས་རྒྱས་པ་དང་། ཉིན་མོའི་ཕྱི་ཐུན་དང་། མཚན་ཐུན་སྔ་ཕྱི་གཉིས་ལ་མཚམས་གཅོད་ནས་བཟུང་བཟླས་པའི་བར་ལས་བྱང་དཀྱུས་ལྟར་ལ། ཉིན་མོའི་ཕྱི་ཐུན་གྱི་མཇུག་ཏུ་མ་གཟའ་རྡོར་གསུམ་གཙོ་བོར་གྱུར་པའི་དམ་ཅན་སྤྱི་དང་བྱེ་བྲག་གཏེར་སྲུང་ཞིང་སྐྱོང་དང་གཡུ་སྒྲོན་མའི་གཏོར་ཆོག་སོགས་བཏང་། ཚོགས་མཆོད་རྒྱས་པར་འབུལ་ཞིང་ལྷག་མ་བཙོན་དུ་འཛིན། གཏོར་སྐྱོང་རྟ་བྲོ་གཏང་རག་ནོངས་བཤགས་བཅས་གྲུབ་པ་དང་། མདུན་དཀྱིལ་ལ་དམིགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་ [27b] མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་རྒྱུན་སྤྱོད་བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་། ཚུལ་དེ་ལྟ་བུའི་འགྲོས་ཀྱིས་དངོས་གཞིའི་སྒྲུབ་ཞག་བདུན་ལ་སོགས་པ་ཇི་ཙམ་བྱ་བའི་གཞུང་བསྲང་བར་བྱའོ། །ད་ལྟའི་ཕྱག་ལེན་ཕལ་མོ་ཆེར་དངོས་གཞི་ཞག་བདུན་བྱེད་ན་ཞག་དང་པོ་གསུམ་ཡིག་བཅུ་རྐྱང་པ། དེ་རྗེས་ཞག་གསུམ་ལ་མྱང་གྲོལ་སྔགས་ཤམ་ཅན། མཐའི་ཞག་གཅིག་ལ་སྔགས་ཤམ་རིང་བ་སྦྲེལ་བའི་ཕྱག་བཞེས་ཀྱང་སྣང་རུང་། འདིར་མྱང་གྲོལ་སྔགས་ཤམ་ཐོག་མ་ནས་སྦྲེལ་བ་བསྙེན་སྒྲུབ་གཅིག་ཆོད་ལེགས་པར་མངོན་ཞིང་། སྒྲུབ་ཞག་རྫོགས་པའི་ཉིན་གསུམ་མམ་གཅིག་ལ་གདུལ་བྱའི་སྣོད་སྦྱོང་ཕྱིར་ཚེའི་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་སྭཱཧཱ་མཱུྃ་ལྰཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་གྟ་མ་ཧཱ་པཉྩ༔ ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བཏགས་པ་བཟླ་སྟེ། སྒྲུབ་ཐབས་བསམ་ཡས་མ་ལས། རྒྱལ་བ་རིགས་ལྔས་ཡེ་ཤེས་སྐུ་ལྔར་སྦྱོར༔ ཡེ་ཤེས་བདུད་རྩིའི་སྔགས་ཀྱིས་འཆི་མེད་ཚེ༔ རྣམ་རྟོག་བག་ཆགས་སྦྱོང་ཞིང་མངོན་སངས་རྒྱས༔ རྨི་ལམ་དག་ཏུ་རྟགས་བཟང་འབྱུང་བར་ངེས༔ ཐུགས་རྗེ་ཆེན་པོས་འཁོར་བ་མྱང་འདས་སྦྱོར༔ སྐྱེ་བདུན་སྙིང་པོ་མ་བསྒྲུབ་སངས་རྒྱས་ཐོབ༔ ཅེས་གསུངས་སོ། །གཉིས་པ་བར་ཆད་བསལ་བ་ནི། སྐབས་དེ་དག་ཏུ་བར་ཆད་ཀྱི་མཚན་མ་ [28a] བྱུང་ན། སྤྱིར་རེ་དོགས་ཀྱི་ཞེན་འཁྲིམས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་ཉུ་ལེ་བསྐྲད་པའི་ཆོ་ག་སྟེ། སློབ་དཔོན་ནམ་རྒྱལ་ཐེབས་དྲག་པོའི་ཆས་སུ་ཞུགས་པའི་མདུན་དུ་ལིང་ག་བཀོད་ལ། ཨེ་ཡྃ་ཛྭ་ལ་རྃ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་ པར་བསམ་ཞིང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་ངོ་བོ་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཇིག་རྟེན་དབང་ཕྱུག་རིགས་འདུས་ནམ་མཁའ་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡྃ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བྃ་ཧོཿ [28b]ཞེས་ལན་གསུམ་གྱིས་འགུག་གཞུག་བྱ། གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ཞིང་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དབང་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལི་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་པས་གདབ་ཅིང་ཊཀྐིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕོ་ཉ་མོ༔ དྲག་ [29a] མོ་ཆེན་མོ་དམར་ཆེན་གཏུམ་པའི་ཞལ༔ ཁྲག་མདོག་དམར་མོ་བསྭེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་ཟླའི་ཟེར་འཕྲོ་མ༔ སྨིན་མ་གློག་འཁྱུག་སྲིད་གསུམ་འོད་དུ་འབར༔ བ་སྤུའི་གསེབ་ནས་ཐོག་གི་བུ་ཡུག་འབེབས༔ ཤངས་ནས་རྡོ་རྗེའི་ཧཱུྃ་གླུ་འབྲུག་ལྟར་སྒྲོགས༔ བཞད་པ་ཧ་ཧཱུྃ་གནམ་ལྕགས་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་སྲིད་གསུམ་གཞོབ་ཏུ་སྲེག༔ ཞལ་ནས་སོད་ཆོད་རྒྱོབ་སོད་འབྲུག་སྒྲ་སྒྲོགས༔ འཇིགས་པའི་ལག་དམར་སྤུ་གྲི་བུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུར་བསྐལ་པའི་མེ་ཆེན་འབར༔ སྐུ་ལས་གནམ་ལྕགས་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་སྐར་ལྟར་འཁྲུགས་༔ ཞབས་ཀྱི་ཕུར་པས་སྲིན་མོའི་ཚོགས་རྣམས་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་རྒྱུན་འབེབས༔ རབ་འཇིགས་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཞལ་དུ་ཁྲུམ་ཁྲུམ་གསོལ༔ དཔལ་གྱི་ཕོ་ཉ་མི་བཟད་རབ་འབར་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་ [29b] པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ སྟེང་འོག་ཕྱོགས་མཚམས་རྣམས་སུ་ཁ་བལྟ་ཞིང་༔ ཕྱོགས་སྐྱོང་ཕོ་མོ་ཐམས་ཅད་ཞབས་ཀྱི་གནོན༔ བཀའ་ལས་འདས་པའི་སྙིང་ཁྲག་དྲོན་མོ་འཐུང་༔ སྲིན་ལ་བབས་ན་སྲོག་སྙིང་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་བ་རྡུལ་དུ་རློག༔ དཔལ་གྱི་ཐུགས་སྤྲུལ་དཔལ་གྱི་ཕོ་ཉ་མོ༔ དམ་ཉམས་དགྲ་བགེགས་རྒྱལ་འགོང་འབྱུང་པོ་དང་༔ དམ་སྲི་ཉུ་ལེ་བགེགས་ཚོགས་མ་ལུས་ཀུན༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེག༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ་ཧཱུྃ༔ གྲུ་བུ་གྲུ༔ ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟ་མྦྷ་ཡ༔ ཡ་ཀྴ་བྱིན༔ ཡཀྴ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན་ནན༔ སརྦ་ཤ་ཏྲུྃ་མཱ་ར་ཡ་རྦད་ནན༔ ཞེས་དྲག་སྔགས་རྫས་དུད་དང་བཅས་ཐུན་གྱིས་བྲབ་ཅིང་། ཁྱད་པར་གིང་དཀར་ནག་གི་ཕྱག་མཚན་གྲི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པ་དང་། རལ་གྲི། འུག་མགོའི་ཐོ་བ། ཁྱད་པར་གྱི་དབྱུག་པ་རྣམས་ [30a] ཀྱིས་བསྡིགས་ནས་རྒྱང་རིང་དུ་བསྐྲད། དེ་ནས་སྤོས་བཏུལ་ཞིང་དར་ཚོན་སྣ་ལྔས་གཡབ། རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་པ་ནན་ཏན་དུ་བྱས་པས་བར་ཆད་སེལ་ཞིང་སྒྲུབ་པའི་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་རོ། །གསུམ་པ་དངོས་གྲུབ་ཀྱི་རྟགས་ཚད་བརྟག་པ་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། དམ་ཅན་མཁའ་འགྲོ་ལུང་སྟོན་པ་དང་། བུམ་ཆུ་ཁོལ་བ་དང་སྒྲུབ་རྫས་འཕེལ་ཞིང་འོད་འཕྲོ་བ་དང་། སྙན་པའི་སྒྲ་དང་དྲི་བཟང་འཐུལ་བ། ཉི་ཟླ་ཤར་བ། རི་ལ་འཛེག་པ། མཁའ་ལ་འཕུར་བ། ལོངས་སྤྱོད་ཀྱི་གཏེར་ཐོབ་པ་སོགས་ཉམས་དངོས་རྨི་ལམ་གང་རུང་དུ་འབྱུང་བ་དང་། ཁྱད་པར་རིལ་བུ་གྲུབ་རྟགས་ནི། བུམ་པ་ལས་འོད་འབྱུང་བ། སྒྲུབ་གནས་སུ་འཇའ་འོད་ཤར་བ། རིལ་བུ་ལ་དུ་དང་སྒྲ་སྙན་དང་དྲི་ཞིམ་འབྱུང་བ། ལྷ་དང་ལྷ་མོའི་གཟུགས་མཐོང་བ། ལྷས་ཆར་འབེབས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པ་དང་། སྒོམ་ཉམས་གསལ་ཞིང་རྟོགས་པ་འཕེལ་བ་སོགས་ལྟས་བཟང་གཏན་ལ་ཕེབས་པའམ་གྲངས་དང་དུས་ཀྱི་དམ་བཅའ་ཐེམས་ནས་དུས་ཀྱི་དངོས་གྲུབ་བསྐུལ་ཞིང་གློ་བུར་དུ་དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་མ་ཐག་རྒྱུན་གྱི་དངོས་གྲུབ་བསྐུལ་བ་གནད་དུ་ཆེའོ། །གལ་ཏེ་བར་ཆད་ཀྱི་རྟགས་དམིགས་སུ་གསལ་བ་བྱུང་ན་དེ་མ་ཐག་ཏུ་ཉུ་ལེ་བསྐྲད་པའི་ཆོ་གའམ་རྟའི་དྲག་སྔགས་བརྗོད་ལ་གུ་གུལ་གྱིས་བདུག་ཅིང་ཐུན་གྱིས་བྲབ། [30b] ཅིས་ཀྱང་ལྟས་ངན་ན་མཆེད་ལྕམ་རྣམས་དཀྱིལ་འཁོར་གྱི་མཐར་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལྟ་བའི་གདིང་བསྐྱེད་ལ་ལས་བྱང་ལྟར་བྲོ་བརྡུང་བྱ། གཞན་ཡང་རྡོ་རྗེ་མཚམས་པས་གུང་གཉིས་ལ་ཁྲུས་ཀྱི་ཆོ་ག་དང་། དུས་དྲུག་ཏུ་བར་ཆད་བསལ་བའི་ཆོ་ག་བརྩོན་པར་བྱ་ཞིང་། སྤྱིར་བར་ཆད་མི་འབྱུང་བར་དངོས་གྲུབ་འགྲུབ་པའི་རྒྱུའི་གཙོ་བོ་སྒྲུབ་པ་པོ་རྣམས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། རྡོ་རྗེ་སློབ་དཔོན་ཏིང་ངེ་འཛིན་གསལ་བ། ཐམས་ཅད་དད་མོས་དག་སྣང་རྩེ་གཅིག་པ་གལ་ཆེ་བ་དང་། དམ་ཚིག་གི་གནད་ཤིན་ཏུ་ཕྲ་བས་མ་ཚོར་བར་ཉམས་ཆག་འབྱུང་བའི་ཕྱིར་རྟག་ཏུ་ཡི་གེ་བརྒྱ་པའི་སྒོམ་བཟླས་ལ་འབད་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཞི། བདག་དོན་དངོས་གྲུབ་བླང་བ། གཞན་དོན་དབང་བསྐུར་བ། གཉིས་ཀའི་དོན་དུ་ཚེ་སྒྲུབ་པ། མཇུག་སྡུད་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་བླངས་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པར་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་ཞོ་མར་འོ་མ་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་རྒྱན་ལྡན་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཅས་འགོད། དེ་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་མངར་གསུམ་ཨ་མྲྀ་ཏ་དང་སྦྱར་བའི་ཆང་བཟང་པོས་བཀང་བ་བཞག་ལ་དར་དམར་མཐིང་གིས་ཁ་བཀབ། མཐའ་ [31a] སྐོར་དུ་འབྲང་རྒྱས། ལ་དུ། ཟླ་རྒྱས། ཟླ་ཕྲུམ། གལ་ཕྱེ། རྒུན་འབྲུམ། བཅའ་ལྒ་སོགས་སྤོས་དང་ཤིང་ཏོག་གི་རིགས། མཱཾ་ས། མ་ད་ན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པ་ལེགས་པར་བཤམ། ནུབ་ཐ་མའི་ཐོར་ཐུན་གྱིས་ལས་གཞུང་བཟླས་པའི་བར་གྲུབ་པ་ན་གཟུངས་ཐག་བསྡུས་པ་ལ་བསྙེན་རྒྱུན་སྔ་མ་གྲོལ་ནས་སྙིང་པོ་ལ་དངོས་གྲུབ་བླང་པའི་སྔགས་བཏགས་པའི་བཟླ། ཆོས་སྐྱོང་གི་གཏོར་འབུལ་གྲུབ་པ་དང་། དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚོགས་ཚར་གཅོད་པའི་ཕྱིར་ལས་བྱང་ལྟར་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད་དེ་སྲུང་འཁོར་བསྒོམ། ཧཱུྃ༔ བླ་མ་བདེ་གཤེགས་རྒྱལ་བ་འཁོར་བཅས་དང་༔ ཞེས་སོགས་དང་ཡི་གེ་བརྒྱ་པ་བཟླས་པས་འཁོན་ལྕུགས་སྦྱང་། སྤོས་དང་རོལ་མོར་བཅས་པས་བྱིན་དབབ་མཐར། ཁྱད་པར་དངོས་གྲུབ་བསྐུལ་བའི་ཛཔྲ་བཟླ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་པས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས། བདག་ལ་ཐིམ་པས་ནུས་པ་བརྟན་པར་བྱས། [31b] རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་ བསམ་ཞིང་། དངོས་གྲུབ་ཀྱི་ཁར་གཟུངས་ཐག་རྡོ་རྗེ་བཞག་པའི་སྣེ་མོ་ནས་བཟུང་ལ་རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ། བཟླས་པ་གྲུབ་ནས་གཟུངས་སྔགས་བསྡུས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་ཐམས་ཅད་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པར་མོས་ཏེ། རྡོ་རྗེ་རྒྱལ་ཚབ་པས་མྱང་གྲོལ་རིལ་བུམ། ཡུམ་གྱི་རྣམ་བུམ། ལས་རྡོར་སོགས་ཀྱི་བདུད་རྩི་དང་ལས་བཞིའི་འབྲང་རྒྱས་སོགས་སྒྲུབ་རྫས་རྣམས་སྦྲེང་ཚར་དུ་ཐོགས་ལ། ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ ལུས་ངག་ཡིད་གསུམ་རབ་གུས་གདུང་བ་ཡིས༔ བསྙེན་སྒྲུབ་ཟབ་མོས་ཐུགས་དམ་གནད་བསྐུལ་གྱི༔ དེང་སང་སྐྱ་རེངས་དང་པོ་འཆར་དུ་ཉེ༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལང་ལ་ཁད༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་མཐའ་རུ་ཕྱིན༔ བསྙེན་སྒྲུབ་ཞག་གི་གྲངས་ཀྱང་དེང་ཚང་བས༔ མཆོག་ཐུན་ [32a] དངོས་གྲུབ་དམ་པ་ཆར་དུ་ཕོབ༔ ཐུན་མོང་མ་ཡིན་ཁྱད་པར་གནད་ཀྱི་མཆོག༔ རྒྱལ་བའི་ཐུགས་གསང་དཔལ་གྱི་བེའུ་ནས༔ ཉག་གཅིག་ཟེར་འཕྲོས་ཐིག་ལེ་ལུ་གུ་རྒྱུད༔ སྐལ་ལྡན་སྒྲུབ་མཆོག་རྣམས་ལ་སྩོལ་དུ་གསོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་དང་། ཧཱུྃ༔ ཆོས་དབྱིངས་མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཆགས་སྐྱོན་བྲལ་པདྨའི་ལྗགས་མངའ་བ༔ ཚངས་དབྱངས་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དྲུག་མ་ལུས་ཐུགས་རྗེས་ཡོངས་སྒྲོལ་བ༔ སྤྲོས་བྲལ་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རིན་ཆེན་འགྲོ་བའི་རེ་འདོད་སྐོང་༔ མི་ཟད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཡི༔ ཐོགས་མེད་ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ༔ དེ་ལྟར་དངོས་གྲུབ་སྩོལ་བར་མི་དམིགས་ཀྱང་༔ རྒྱལ་བ་ཐུགས་རྗེ་བྱིན་རླབས་རང་བཞིན་ལ༔ དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན༔ སྐྱབས་ལས་མི་གཡེལ་གཡར་དམ་གཅིག་པ་ལ༔ ཡེ་ཤེས་ལྷ་མཆོག་ [32b] ཁྱེད་རྣམས་དགོངས་ནས་ཀྱང་༔ དངོས་གྲུབ་དམ་པ་དུས་འདིར་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས་ཤིང་། རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བ་ལ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་མེར་གྱིས་འཁྱིལ་བར་མོས་ཏེ་སྤྱི་མགྲིན་སྙིང་གར་ཐིག་ལེ་བྱ། ལྕེ་ཐོག་ཏུ་མྱང་བ་ལུས་ཕྱི་གཞལ་ཡས་ཁང་ལ་ནང་རྩ་ཁམས་ཐམས་ཅད་ལྷ་ཚོགས་སུ་བསམ་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། བདག་ཉིད་ལྷ་དང་དངོས་གྲུབ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་བལྟའོ། །སྐབས་འདིར་གཙོ་བོ་རྡོ་རྗེ་སློབ་དཔོན་སོགས་ཀྱི་རྒྱས་པའི་སྦྱིན་སྲེག་དང་། རྡོ་རྗེ་རྒྱལ་ཚབ་པ་སོགས་ཀྱིས་ཞི་བའི་སྦྱིན་སྲེག་བསྒྲུབ་པ་ཡིན་ཅིང་། དེའི་ཆོ་ག་ནི་ལོགས་སུ་བཤད་པ་ལས་ཤེས་པར་བྱའོ། ། གཉིས་པ་གཞན་དོན་དབང་བསྐུར་བའི་ཚུལ་ནི། དབང་གི་ཆོ་ག་ལས་འབྱུང་བ་ལྟར་རྒྱས་བསྡུས་སྐབས་ཕྱེད་པས་བསྐུར་རོ། །གསུམ་པ་ཚེ་སྒྲུབ་པ་ནི། སྔར་ནས་ཚེ་རྟེན་བཤམས་པ་ལ་དམིགས་ཏེ། བདག་མདུན་སྐད་ཅིག་གིས་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཚེ་དཔག་ཏུ་མེད་པ་ཡན་ལག་གི་ཕྱག་གཡས་རྣམས་མདའ་དར་དང་ཡོན་རྣམས་ཚེ་བུམ་ [33a] བསྣམས་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་རྩ་ཕྱག་མདའ་དར་ཚེ་བུམ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བའི་སྙིང་གའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི་ཐུགས་ཀར་པད་ཟླའི་གདན་ལ་ཚེ་དཔག་མེད་དམར་གསལ་ལོངས་སྐུའི་ཆས་ཅན་མཉམ་བཞག་ཚེ་བུམ་འཛིན་པས་འོད་ལྔའི་ཀློང་དུ་བཞུགས་པ། དེའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་སྲོག་གི་སྙིང་པོ་ཧྲཱིཿ ཡིག་དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཧྲཱིཿལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཚེའི་བཅུད་རྣམས་འཇའ་འོད་ཐིག་ལེ་ཡི་གེ་ཨ་ནྲྀ་ཧྲཱིཿགསུམ་གྱི་རྣམ་པ་ཅན་དུ་བསྡུས་ནས་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་ མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ག་ག་རཱ་ཛ་གུ་ཧྱ་ཛྙཱ་ན་དྷཱ་ཀི་ནཱི་ཨཱ་ཡུ་ཨ་མི་དྷེ་ཝ་ཨ་ཡུ་ཥེ་ཧཱུྃ་བྷཱུྃ་ནྲྀ་ཛཿཞེས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར་ཚེ་འགུགས་བསྐུལ་བའི་སླད་དུ་མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ནིཿ ཡབ་ཡུམ་གཙོ་འཁོར་ཚེ་ཡི་བདག༔ གསང་བ་ཐུགས་ཀྱི་གྭའུ་ནས༔ སྙིང་ [33b] པོ་ཐུགས་སུ་བཅུད་ཨཱ་ཡུ༔ འདི༔ རྒྱལ་བའི་ཚེ་བཞག་གནས་འདི་ཡིན༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔ ཧཱུྃ་ཧྲཱིཿ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་བཞི་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གསང་བ་བཞི་ཡིས་རྒྱས་ཐོས་ཅིག༔ ཅེས་བསྐུལ། ཚེ་བརྟན་པར་བྱ་བ་ནི། ཧཱུྃ་བྷཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོཿ ཏིཥྛ་ལྷན༔ ཞེས་བདུན་མ་ཉེར་གཅིག་ཙམ་བཟླས་ལ། ཧཱུྃ་ཧྲཱིཿ སྙིང་པོ་བརྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་མཆོག༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་རྣལ་འབྱོར་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་སྐལ་ལྡན་རྣལ་འབྱོར་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་སློབ་དཔོན་གྱིས་ཚེ་འབྲང་གི་དབང་བླང་ཞིང་མཆེད་ལྕམ་རྣམས་ལའང་དབང་བསྐུར། ཚེ་རིལ་དང་ཚེ་ཆང་ལ་ལོངས་སྤྱད་དེ། མེ་ཏོག་འཐོར་ཞིང་། ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱཿགསུང་གི་གསུང་སྟེ་གསུང་ལ་ [34a] ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་མོ་བཀྲ་ཤིས༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོཿཞེས་ཚེ་བརྟན་པའི་བཀྲ་ཤིས་བརྗོད་དོ། །དེ་རྣམས་ཀྱིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རིམ་པ་རྫོགས་པ་ཡིན་ནོ། །བཞི་པ་མཇུག་མཐའ་རྒྱས་ཀྱི་རིམ་པ་ལ་བརྒྱད་ལས། དང་པོ་ཚོགས་དང་གཏོར་མ་བཏང་བ་ནི། ལས་བྱང་གི་ཚོགས་བྱིན་བརླབ་ནས་བརྩམས་ཚོགས་མཆོད་རྒྱས་པར་བྱ། ཞལ་བསྟབ་སྐབས་ཉུ་ལེའི་ལིངྒ་མེ་ཧོམ་དུ་བསྲེག་ཏེ་ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ཚོགས་ལ་རོལ་མཐར་ལྷག་མ་བསྡུས་ལ་སྔར་གྱི་ལྷག་གཏོར་གཏར་བཟུང་བ་དང་ལྷན་ཅིག་ལྷག་ཆོག་བྱ་ཞིང་ལས་ཀྱི་གིང་པས་རྒྱུག་མདུར་གང་སྟབས་ཀྱིས་ཁྱེར་ཏེ་སྒྲུབ་ཁང་གི་ལྷོ་ནུབ་གོམས་པ་བདུན་ཅུའི་མཚམས་སུ་བསྐྱལ། བསྐུལ་དང་གཏོར་འབུལ་བྱས་ལ་བཀའ་སྲུང་གི་གཏོར་མ་དང་ཆད་བརྟན་རྣམས་མེ་སྒྲོན་དང་བཅས་ཡང་ཐོག་ཏུ་འབུལ་ཞིང་རྟ་བྲོ་བརྡུང་ངོ་། །གཉིས་པ་གཏེར་སྦེད་པ་ནི། སྔར་གྱི་གཞི་སྙིང་དུ་བཞག་པའི་གཏེར་བུམ་ཁ་ཕྱེས་ལ་རིལ་བུ་རྟེན་གཏོར་སོགས་སྒྲུབ་རྫས་དང་དངོས་གྲུབ་ཀྱི་ཕུད་བཅུག་སྟེ་ཁ་དམ་པར་བཅད་ནས་ [34b] རིགས་ལྔའི་ཕྱག་མཚན་བྲིས་པ་ཉིད་སློབ་དཔོན་ནམ་རྒྱལ་ཚབ་པའི་ཕྱག་ཏུ་ཐོགས་ལ། ཧཱུྃ༔ འབྱུང་ལྔ་ཡེ་ནས་མངོན་སངས་རྒྱས༔ ས་ཡི་ལྷ་མོའི་མཁའ་ཕྱེས་ཤིག༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་སྣ་འབྲུ༔ སྨན་སྣ་དམ་རྫས་གཏོར་ཆེན་སོགས༔ མི་ཟད་གཏེར་མཆོག་འདི་སྦས་པས༔ འདིར་ཚོགས་རྣལ་འབྱོར་བདག་ཅག་རྣམས༔ སྙིང་པོ་བྱང་ཆུབ་མ་ཐོབ་བར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་ཁྱེད་ཀྱི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ཀུན་ལྡན་ཤོག༔ ནད་ཡམས་མུ་གེ་མཚོན་འཁྲུགས་སོགས༔ འཇིགས་པ་བརྒྱད་ལས་སྐྱོབ་པར་ཤོག༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པས༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་ཡུ་སིདྡྷི་བྷཱུྃ་བྷཱུྃ༔ ཞེས་སྒྲུབ་ཁང་གི་ཕུག་སོགས་ཕྱོགས་གང་བདེར་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ་ཞིང་ནོངས་པ་བཟོད་པར་གསོལ་ལ། ཨོཾ། ཁྱེད་ཀྱིས་ [35a] སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང་། ཛྙཱ་ན་མཎྜ་ལ་བཛྲ་མུཿ ས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པ་དམ་ཚིག་གི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷར་ལྡངས་ཏེ། ཧཱུྃ་ཧྲཱིཿ རྣམ་དག་ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས༔ ཡེ་ནས་མ་བཅོས་རང་བྱུང་དཀྱིལ་འཁོར་ལྷ༔ དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ལུ་གུ་རྒྱུད༔ ཐུགས་རྗེས་འགྲོ་ཀུན་འདྲེན་པའི་སྤྱོད་ལམ་བྱ༔ ཞེས་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །བཞི་པ་མཚམས་དཀྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པ་སྔར་བཞིན་སོང་སྟེ་མངོན་པར་བཤམས་པའི་མཆོད་གཏོར་རྣམས་བྱིན་གྱིས་བརླབ། སོ་སོའི་རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་དང་། ཨརྒྷཾ་ སོགས་ཀྱི་ཉེར་སྤྱོད་ཕུལ་ལ། ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུངས་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུཿཞེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། ཕྱོགས་གཞན་གསུམ་ལའང་དེས་འགྲེས་ཏེ་སོ་སོའི་སྔགས་བརྗེ་བ་དང་། ཕྲིན་བཅོལ་རྐང་པ་ [35b] དང་པོའི་མལ་དུ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཞེས་བསྒྱུར། སྒོ་བྱང་ཕྱི་ནང་ཐུན་མོང་དུ་མཆོད་པ་བྱིན་བརླབ། རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་གཏོར་མ་དང་། ཉེར་སྤྱོད་སྔར་བཞིན་ཕུལ་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ བགེགས་ཚོགས་གཉེན་པོ་གཤིན་རྗེ་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་གནས་འདིར༔ ཕྱི་ནང་སྒོ་སྲུང་མཛད་པ་ཡི༔ ཕྲིན་ལས་མཐར་ཕྱིན་ངོ་མཚར་ཆེ༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿཞེས་བསྡུ། ནང་དུ་ཞུགས་ལ་སློབ་དཔོན་གྱིས་ལག་གཉིས་སྐམ་པའི་རྒྱ་དང་བཅས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ༔ ཕུར་རྩེ་རྣམས་འོ་མས་བཀྲུ་ཞིང་། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནས་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ༔ ཞེས་ལྷ་རྣམས་གཤེགས་ལ་ཁུང་བུ་ཡང་དགང་ངོ་། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་གསིལ་ཞིང་། ཨ་ཀཱ་རོའི་ [36a]སྔགས་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་རྡུལ་ཚོན་གྱི་དཀྱིལ་འཁོར་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ལ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། དུས་དེ་ཉིད་དུའམ་གཞན་གྱི་ཚེ་ནའང་རུང་སྟེ་རྡུལ་ཚོན་ཉིད་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་རྒྱུན་མི་འཆད་པའི་ཆུ་ཀླུང་ཆེན་པོའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་མཚམས་བརྒྱད་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཉེར་སྤྱོད་དཀར་སྐྱེམས་ལྷ་བཤོས་དང་བཅས་པ་དང་། དེའི་མདུན་རྒྱབ་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྟེན་བསང་སྦྱང་ སྟོང་པའི་ངང་ལས་པྃ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་ [36b] འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་ བལྟས་ལ། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ སོགས་ཀྱིས་མཆོད། ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་ཕུ་སྭཱཧཱ། ཞེས་ལན་གསུམ་གྱིས་འོ་ཐུག་གི་གཏོར་མ་ཕུལ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ། ཅེས་བསྟོད། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་ [37a] གསོལ། ཞེས་རྡུལ་ཚོན་གཏད་དེ་ཆུར་སྦྱང་བ་དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ཞིང་། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས། ཛཿཧཱུྃ་བྃ་ཧོཿ ས། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་མོས། མཆོད་གཏོར་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ། ཨོཾ་རུ་རུ་སྥུ་རུ་ སོགས་སྤྱན་མའི་སྔགས་བཟླ་བཞིན་དུ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་སོགས་ལ་འཐོར་བར་བྱའོ། །དྲུག་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ཀྱི་ལག་བསྣོལ་བའི་སྲིན་ལག་སྦྲེལ་བའམ་དར་དཀར་རམ་ཕྲེང་བ་ལུ་གུ་རྒྱུད་དུ་སྦྲེལ། མར་མེ་དང་སྤོས་ཀྱི་རེང་བུ་རེ་ཐོགས། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་པོར་ལེན་ཚུལ་གྱིས། ཧཱུྃ་ཧྲཱིཿ ཡང་གསང་བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་༔ མ་རིག་མུན་པའི་སྨག་ཏུ་མི་ལྟུང་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་ཤོག༔ དམྱལ་བའི་ཟངས་ [37b] ཁར་ནང་དུ་མི་ལྟུང་ཞིང༔ གཅན་གཟན་གདུག་པའི་ངར་སྐད་མི་སྒྲོགས་ཤིང༔ མཚོན་ཆ་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་སྐུ་དྲིན་ཆེ་བ་དང་༔ ཤེས་རབ་ལས་འབྲེལ་མཚོན་ལྡན་གཟུངས་མ་དང་༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་རྣམས༔ ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་སངས་རྒྱས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་གྱུར་པའི་ཚེ༔ མ་རིག་དབང་གིས་འཁོར་བར་ལྟུང་སྲིད་ན༔ སྣང་གསལ་མར་མེས་ཚ་གྲང་སྡུག་བསྔལ་སོལ༔ ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་བསྙིལ༔ འདོད་ཆགས་དབང་གིས་ཀླ་ཀློའི་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་དང་སྦྱོར༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་སྐྱེས་ན༔ སྣང་གསལ་མར་མེས་ལྟུང་བའི་སྡུག་བསྔལ་སོལ༔ གཏི་མུག་དབང་གིས་བྱོལ་སོང་གནས་འགྲིམ་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་སྦོར༔ སེར་སྣའི་དབང་གིས་ཡི་དྭགས་ [38a] གནས་སྐྱེས་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་སྡུག་བསྔལ་སོལ༔ རྒྱུ་རྐྱེན་འདི་ཡིས་ས་བཅུད་ཡོངས་བགྲོད་ཚེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ གསལ་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་བྱིན་རླབས་ཀྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་རྫོགས་ཤོག་༔ ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན༔ འཁོར་ལོ་ཚོགས་ཆེན་པདྨ་བཀོད་པའི་ས༔ དྷེ་ཝ་ཀོ་ཤ་ཀུན་བཟང་བླ་མེད་ས༔ རྡོར་སེམས་མིང་ས་ལྕང་ལོ་ཅན་གྱི་ས༔ བླ་མའི་ས་དང་སྲིད་གསུམ་གཞི་རྫོགས་ས༔ རྩོལ་བྲལ་ཐིག་ལེའི་ས་རུ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་འདུས་པ་ཐམས་ཅད་་ཀྱིས་རྗེས་ཟློས་དང་བཅས་ཏེ་འདུན་པ་རྩེ་གཅིག་པས་གདབ། གཞན་ཡང་ལས་བྱང་གི་དཀྱུས་སུ་བསྟན་པ་ཉིད་ང་། ཧྲཱིཿ ཡང་གསང་བླ་མེད་འཕགས་པའི་དཀྱིལ་འཁོར་འདི༔ རྨད་བྱུང་སྒྲུབ་ཆེན་འདི་བགྱིས་དགེ་རྩ་དང་༔ དུས་གསུམ་བསགས་པའི་དགེ་བ་དཔག་མེད་མཐུས༔ མཐའ་ཡས་སྐྱེ་འགྲོ་སེམས་ཅན་མ་ལུས་ཀུན༔ སྒྲིབ་པ་ཀུན་བྲལ་ཚོགས་ [38b] གཉིས་མྱུར་རྫོགས་ཤོག༔ ལྟ་སྒོམ་སྤྱོད་འབྲས་མ་ནོར་ལམ་མཆོག་རྣམས༔ ས་ལམ་ཇི་བཞིན་མྱུར་དུ་མཐར་ཕྱིན་ཏེ༔ སྐུ་བཞི་ཡེ་ཤེས་ལྔ་པོ་མངོན་གྱུར་པ༔ སྐྱེ་མེད་ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ སངས་རྒྱས་བསྟན་པ་རིན་ཆེན་ཡུན་གནས་ཤིང་༔ གསང་སྔགས་བསྟན་པ་མི་ནུབ་དར་བ་དང་༔ བསྟན་འཛིན་དཔོན་སློབ་མི་འབྲལ་དར་ཞིང་རྒྱས༔ འཁོར་བའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག༔ སྒྲུབ་གནས་འདི་ཡང་བཀྲ་ཤིས་བྱིན་ཆགས་ཤིང་༔ ཕྱི་རབས་བརྒྱུད་འཛིན་སུ་དང་སུས་བསྒྲུབ་པ༔ གྲུབ་པ་མྱུར་ཐོབ་གདོད་མའི་ས་ནོན་ཏེ༔ བདག་གཞན་དོན་གཉིས་འབད་མེད་འགྲུབ་པར་ཤོག་༔ མི་ནད་ཕྱུག་ནད་དལ་ཡམས་རྒྱུན་ཆོད་ཅིང་༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས༔ དགྲ་བགེགས་མཐའ་དམག་རྡུལ་དུ་བརླག་པ་དང་༔ དུས་འཁྲུགས་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག༔ བདག་ཀྱང་ཚེ་རིང་ནད་མེད་ཕུན་ཚོགས་ཤིང་༔ དཔལ་འབྱོར་ལོངས་སྤྱོད་མངའ་ཐང་མཐའ་རྒྱས་ནས༔ མཆོག་ཐུན་དངོས་གྲུབ་རེ་འདོད་མ་ལུས་པ༔ ཀུན་ནས་ཀུན་ཀྱང་ཡིད་བཞིན་འགྲུབ་པར་ཤོག༔ [39a] ཡུལ་རིས་རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་ཤིང་༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་མཆོག་གྱུར་པ༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་ཆར་ཆེན་པོ༔ རྒྱུན་ཆད་མེད་པར་རྟག་ཏུ་འབེབས་པར་ཤོག༔ ཨོཾ་སྭསྟི་སིདྡྷི་བྷྲཱུྃ་བྷྲཱུྃ༔ ཞེས་སྨོན་ལམ་ནན་ཏན་དུ་བྱའོ། །བདུན་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་པ། ཞལ་ནས་གསུངས་པའི་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ལ་རིང་བར་བསྒྲག་གོ །བརྒྱད་པ་དགའ་སྟོན་དང་གནས་སྲུང་བ་ནི། སླར་ཡང་ཞག་ལྔའམ་གསུམ་ལ་སོགས་པར་མཁོ་རྒུའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་རྒྱ་ཆེན་པོ་བྱ་ཞིང་། གནས་སྲུང་བ་དང་དགའ་སྟོན་གྱི་རིམ་པ་ཇི་ཙམ་བྱས་པ་དེ་ཙམ་དུ་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེའི་སྣང་བ་ཟད་མི་ཤེས་པས་ཁྱབ་ཅིང་རྟག་པར་འགྱུར་རོ། །ཞར་བྱུང་འཕྲོས་དོན་དུ་སྐབས་འགའ་ཞིག་གི་ཚེ་སྐྱེ་བདུན་མྱང་གྲོལ་སྒྲུབ་པ་དང་མི་འབྲེལ་ཞིང་མོས་སློབ་ཀྱི་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲེ་ལྟར་བྱེད་པར་འདོད་ན། ནུབ་དང་པོ་ས་ཆོག་གིས་བཟུང་བ་ཡན་ཆད་སྔར་བཞིན་ལས། ས་སྲུང་གི་ཚེ་གསང་མཚམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ཕུར་གདབ་རྣམས་བྱས་ལ་ཆག་ཆག་གདབ་ཅིང་ཐིག་ཚོན་གྱི་དཀྱིལ་འཁོར་བྲི། [39b] ནུབ་གཉིས་པ་ལ་སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ་སྔགས་རྒྱས་སྤེལ་བའི་བར་ཙམ་བྱ། དེ་ནས་སྒྲུབ་མཆོད་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་སྲོང་ལུགས་འདྲ་བ་ལས། རིལ་བུའི་དམིགས་བཟླས་དང་ཐུན་བཞིའི་ངེས་པ་མི་དགོས་ཤིང་། འགྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་སྦྱིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱི་ཞིང་ཆུ་བོར་དོར་བ་རྣམས་ལྷག་པོར་བསྒྲུབ་པ་སྟེ། འདོར་ལེན་གྱི་དམིགས་ཕྱེད་པར་བྱ་བ་ཡིན་ནོ། །ངོ་མཚར་གྲོལ་བ་བཞི་ལྡན་ཐབས་མཆོག་ཕུལ། །སྔ་འགྱུར་རིག་པ་འཛིན་པའི་ཁྱད་ཆོས་ཕྱིར། །དེ་ལྟའི་མན་ངག་ལག་ལེན་འཇུག་བདེའི་ཁྲིགས། །གསལ་བར་སྤྲོས་འདི་ཅི་ཕྱིར་དོན་ལྡན་མིན། །འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཚོམ་བུ་ཡིས། །ཡངས་པའི་ཁྱོན་ཀུན་མཛེས་པར་གཏམས་གྱུར་ཅིང་། །དེར་འབྲེལ་འགྲོ་རྣམས་འཕགས་པའི་གནས་ཐོབ་ནས། །བདེ་ལེགས་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག །དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་འདི་ནི། འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་ཆ་རྐྱེན་ཏུ་ཡང་དག་པར་དམིགས་ནས། ཟབ་གཏེར་རྩ་བའི་ཕྱི་མོ་དགོངས་པ་ཡོངས་འདུས་ཀྱི་པྲ་ཁྲིད་ཉིད་གཞིར་བཟུང་ཞིང་སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་རིགས་པས་ཀྱང་མི་འགལ་ [40a] བར་བརྒྱན་ཏེ། རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པས་ཕོ་སྟག་གི་ལོ་རྒྱལ་གྱི་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ། གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་གྱི་སྤ་གྲོ་སྟག་ཚང་སེང་ཕུག་གི་ཉེ་འདབ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རིག་བྱེད་སྨྲ་བ་དགེ་སྦྱོར་པདྨ་བཀྲ་ཤིས་ཀྱིས་དགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་རིགས་འདུས་ནམ་མཁའི་རྒྱལ་པོའི་གོ་འཕང་མཆོག་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།