TTDL-ZABTER-17-TSA-002: Difference between revisions

From Dudjom Wiki
TTDL-ZABTER-17-TSA-002
No edit summary
No edit summary
Line 4: Line 4:
|fulltitletib=ཀ་དག་རྫོགས་པ་ཆེན་པོའི་ཀློང་མཛོད་ཟབ་མོ༔ མ་བཅོས་རྫོགས་ལྡན་རང་བྱུང་གི་སངས་རྒྱས༔ ཀུན་ཏུ་བཟང་པོའི་དགོངས་པ་ལག་པའི་མཐིལ་དུ་བཀྲམ་ནས་ལྷག་གེར་བསྟན་པ༔ དགོངས་བརྡ་སྙན་བརྒྱུད་ཆིག་རྫོགས་ཀྱི་མན་ངག་བཀའ་རྒྱ་མ་བཞུགས་སོ༔
|fulltitletib=ཀ་དག་རྫོགས་པ་ཆེན་པོའི་ཀློང་མཛོད་ཟབ་མོ༔ མ་བཅོས་རྫོགས་ལྡན་རང་བྱུང་གི་སངས་རྒྱས༔ ཀུན་ཏུ་བཟང་པོའི་དགོངས་པ་ལག་པའི་མཐིལ་དུ་བཀྲམ་ནས་ལྷག་གེར་བསྟན་པ༔ དགོངས་བརྡ་སྙན་བརྒྱུད་ཆིག་རྫོགས་ཀྱི་མན་ངག་བཀའ་རྒྱ་མ་བཞུགས་སོ༔
|fulltitle=ka dag rdzogs pa chen po'i klong mdzod zab mo: ma bcos rdzogs ldan rang byung gi sangs rgyas: kun tu bzang po'i dgongs pa lag pa'i mthil du bkram nas lhag ger bstan pa: dgongs brda snyan brgyud chig rdzogs kyi man ngag bka' rgya ma:
|fulltitle=ka dag rdzogs pa chen po'i klong mdzod zab mo: ma bcos rdzogs ldan rang byung gi sangs rgyas: kun tu bzang po'i dgongs pa lag pa'i mthil du bkram nas lhag ger bstan pa: dgongs brda snyan brgyud chig rdzogs kyi man ngag bka' rgya ma:
|fulltitlealttib=ཀུན་བཟང་དགོངས་པ༔
|fulltitlealt=kun bzang dgongs pa:
|citation=Khrag 'thung [[Bdud 'joms gling pa]]. ''Ka dag rdzogs pa chen po'i klong mdzod zab mo ma bcos rdzogs ldan rang byung gi sangs rgyas kun tu bzang po'i dgongs pa lag pa'i mthil du bkram nas lhag ger bstan pa dgongs brda snyan brgyud chig rdzogs kyi man ngag bka' rgya ma:''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 17: 513-607. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Ka dag rdzogs pa chen po'i klong mdzod zab mo ma bcos rdzogs ldan rang byung gi sangs rgyas kun tu bzang po'i dgongs pa lag pa'i mthil du bkram nas lhag ger bstan pa dgongs brda snyan brgyud chig rdzogs kyi man ngag bka' rgya ma:''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 17: 513-607. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།

Revision as of 13:23, 1 August 2024

Wylie title ka dag rdzogs pa chen po'i klong mdzod zab mo: ma bcos rdzogs ldan rang byung gi sangs rgyas: kun tu bzang po'i dgongs pa lag pa'i mthil du bkram nas lhag ger bstan pa: dgongs brda snyan brgyud chig rdzogs kyi man ngag bka' rgya ma: TTDL-ZABTER-17-TSA-002.pdf
Location bdud 'joms gling pa zab gter
Volume 17, Text 2, Pages 513-607 (Folios 1a1 to 48a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Ka dag rdzogs pa chen po'i klong mdzod zab mo ma bcos rdzogs ldan rang byung gi sangs rgyas kun tu bzang po'i dgongs pa lag pa'i mthil du bkram nas lhag ger bstan pa dgongs brda snyan brgyud chig rdzogs kyi man ngag bka' rgya ma:. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 17: 513-607. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rdzogs chen   Verso: bdud 'joms gsang khrid bka' rgya ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Dzogchen - rdzogs pa chen po
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་སྒྱུ་མར་རོལ་པའི་སྣང་ཉམས་སུ་ཤར་བ་གདུལ་བྱ་དུས་ལ་བབས་ཚེ་སྐལ་བཟང་སློབ་མ་རྣམས་ཀྱི་དོན་དུ་དག་པར་ཟབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཚེས་བཅུའི་མིང་ཅན་ནོ། །དགེའོ།།

zhes pa 'di ni 'od gsal rdzogs pa chen po klong yangs nam mkha'i rnal 'byor pa rig 'dzin bdud 'joms rdo rje khro lod rtsal gyis ye shes sgyu mar rol pa'i snang nyams su shar ba gdul bya dus la babs tshe skal bzang slob ma rnams kyi don du dag par zab pa'i yi ge pa ni rang slob dam pa tshes bcu'i ming can no/__/dge'o//

[edit]
༁ྃ༔ ཀ་དག་རྫོགས་པ་ཆེན་པོའི་ཀློང་མཛོད་ཟབ་མོ༔ མ་བཅོས་རྫོགས་ལྡན་རང་བྱུང་གི་སངས་རྒྱས༔ ཀུན་ཏུ་བཟང་པོའི་དགོངས་པ་ལག་པའི་མཐིལ་དུ་བཀྲམ་ནས་ལྷག་གེར་བསྟན་པ༔ དགོངས་བརྡ་སྙན་བརྒྱུད་ཆིག་རྫོགས་ཀྱི་མན་ངག་བཀའ་རྒྱ་མ་བཞུགས་སོ༔


༁ྃ༔ ཆོས་ཉིད་མི་འགྱུར་དོན་གྱི་རིག་སྐུ་ཀུན་བཟང་བདེ་གཤེགས་སྙིང་པོ་བཙུན་མོར་བཅས་པ་བདག་བློའི་པད་ཚལ་དུ་རྒྱལ་བར་གྱུར་ཅིག༔ དགོངས་བརྡ་སྙན་བརྒྱུད་ཆིག་རྫོགས་ཀྱི་ཟབ་ཆོས་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་ཟབ་མོ་མི་མིན་རང་སྣང་གི་སྟོན་པའི་ཞལ་རྒྱུན་བདུད་རྩིའི་རྒྱ་མཚོ་བདག་བློའི་བུམ་པ་བཟང་པོར་ཞུགས་པ་ནུབ་པར་ཕངས་ནས་མ་འོངས་བརྒྱུད་འཛིན་གྲོལ་བའི་ཕ་ཕོག་ཏུ་ཡི་གེར་འགོད་པ་ལ་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་གནང་བ་སྩལ་ཏུ་གསོལ༔ རང་ལོ་ཉེར་བདུན་ཁྱིའི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུའི་ནུབ་མོ་བདག་གི་སྣང་བ་ཐམས་ཅད་ཆོས་དབྱིངས་ཀ་དག་ཆེན་པོའི་དབྱིངས་སུ་ཐིམ་ནས་རང་གཞི་ངོ་འཕྲོད་པ་བྱུང་༔ རེ་ཞིག་གི་ཚེ་ལྷུན་གྲུབ་ཀྱི་སྣང་བ་སྟོན་འཁོར་གྱི་རོལ་པར་ཤར་བ་ནི་འདི་ལྟ་སྟེ༔ དུས་ཕུན་སུམ་ཚོགས་པ་ཀ་དག་མཉམ་པ་ཉིད་ཀྱི་དུས་དེ་ཉིད་དུ༔ གནས་ཕུན་སུམ་ཚོགས་པ་རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས་སུ༔ སྟོན་པ་ཕུན་སུམ་ཚོགས་པ་གདོད་མ་གཞིའི་སངས་རྒྱས་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་པདྨོར་བཞུགས་སོ༔ སྟོན་པ་དེ་ལ་འཁོར་ཕུན་སུམ་ཚོགས་པ་རྟོག་གྲོལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་ཚོམ་བུ་ལ༔ ཆོས་ཕུན་སུམ་ཚོགས་པ་ཟབ་གསང་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་སྟོན་ཏོ༔ དེའི་ཚེ་འཁོར་འདུས་པ་ནི༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིག་པའི་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་ཀུན་སྣང་བཀོད་པའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ཉོན་ཡིད་ཀྱི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ཡིད་ཀྱི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་མིག་གི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་རྣ་བའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་སྣའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལྕེའི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ལུས་ཀྱི་དབང་པོ་དང་༔ བྱང་ཆུབ་སེམས་དཔའ་ཀུན་བྱེད་ཀྱི་རྒྱལ་པོ་ལ་སོགས་པའི་འཁོར་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཐམས་ཅད་གནས་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ༔ དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་སྣང་བཀོད་པའི་རྒྱལ་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་ཀུན་བཟང་འོད་མི་འགྱུར་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་སྒྱུ་འཕྲུལ་རོལ་པའི་འཁོར་ཚོགས་ཐམས་ཅད་དུས་གཅིག་ཏུ་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ཀློང་ཆེན་པོར་ཡོངས་སུ་གྲོལ་བའི་ཕྱིར་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་འདི་ནི་ལས་དང་སྐལ་བར་ལྡན་པའི་གང་ཟག་དབང་པོ་རྣོ་བ༔ ཤེས་རབ་ཆེ་བ༔ དད་པ་བརྟན་པ༔ དམ་ཚིག་ཐུབ་པ༔ བརྩོན་འགྲུས་ཆེ་བ༔ སྙིང་སྟོབས་དང་ལྡན་པ་དེ་དག་དུས་འཛོམ་པའི་སྐྱེས་བུ་མ་གཏོགས་རླུང་ཕྱོགས་ཙམ་ཡང་བསྒྲག་པར་མི་བྱའོ༔ ཅིའི་ཕྱིར་ཞེ་ན༔ དོན་དམ་ཉམས་སུ་མ་ལོན་ཏེ་རྒྱུ་འབྲས་ཟབ་མོའི་བདེན་པ་ཁྱད་དུ་བསད་ནས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བས་བསྒྲག་བྱ་མ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཀུན་སྣང་བཀོད་པའི་རྒྱལ་པོས་འདི་སྐད་ཅེས་ཞུས་སོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ནི་སྒྱུ་འཕྲུལ་རོལ་པ་གཉིས་མེད་ཀྱི་ངང་ལས་མ་འདས་པས་ཟབ་གསང་བླ་ན་མེད་པའི་ཐེག་པ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ དེའི་ཚེ་དེའི་དུས་ན་བདག་གིས་ཀྱང་འདི་སྐད་ཐོས་སོ༔ གདོད་མ་གཞིའི་བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ལ་བཀའ་སྩལ་པ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་མ་ཡེངས་པར་ཉོན་ཅིག༔ རྒྱུ་འབྲས་གཞན་དུ་མ་འཚོལ་བར་ཁམས་གསུམ་འཁོར་བར་འཁྱམས་པའི་མཁན་པོ་ངོས་ཟུངས་ལ་དེ་གྲོལ་བའི་གདམས་པ་ཟུངས་ཤིག༔ ཅེས་གསུངས་པའི་ཚེ༔ ཀུན་བྱེད་ཡིད་ཀྱི་དབང་པོ་ན་རེ༔ མཁན་པོ་ནི་ང་ཡིན་ནོ༔ ང་ལ་བརྟེན་པའི་སྒོ་གཉིས་ནི་འགྱུར་བ་ཅན་ནོ༔ ཞེས་ཞུས་སོ༔ སྟོན་པ་དེ་ཉིད་ཀྱིས༔ ཀྱཻ་ཡིད་ཀྱི་དབང་པོ་ཁྱོད་ཀྱི་གཟུགས་དང་དབྱིབས་དང་ཁ་དོག་ང་ལ་སྨྲོས་ཤིག༔ ཅེས་གསུངས༔ ཡིད་ཀྱི་དབང་པོ་ན་རེ༔ ང་ནི་གཟུགས་མེད་པའི་སྟོང་པ་ཉིད་དོ༔ དབྱིབས་དང་ཁ་དོག་ལས་འདས་པར་ངེས་སོ༔ ཞེས་ཞུས་སོ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ ཀྱཻ་ཡིད་ཀྱི་དབང་པོ་ཁྱོད་དང་པོ་བྱུང་བའི་ཁུངས༔ བར་དུ་གནས་པའི་ས༔ ཐ་མ་འགྲོ་བའི་ཡུལ་རྣམས་ཇི་ལྟ་བུ་ལགས༔ ཡིད་ཀྱི་དབང་པོ་ན་རེ༔ ང་ནི་མ་བྱུང་བའི་སྟོང་པ་ཉིད་ཡིན་ཏེ་བྱུང་བའི་ཁུངས་མེད༔ ང་ནི་མི་གནས་པའི་སྟོང་པ་ཉིད་ཡིན་ཏེ་གནས་པའི་ས་མེད༔ ང་ནི་མ་གྲུབ་པའི་སྟོང་པ་ཉིད་ཡིན་ཏེ་འགྲོ་བའི་ཡུལ་ཡང་མེད༔ འདིར་འདུས་པ་ཐམས་ཅད་ཀྱང་ང་ལས་མི་གཞན་པས༔ ང་གྲོལ་བའི་གདམས་པ་ཟབ་མོ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ ད་ཁྱོད་ཀྱིས་རང་གི་རྒྱུ་མཚན་ཤེས་པ་གནད་དུ་ཆེའོ༔ ལམ་ལ་རྣམ་པ་གཉིས་ཡོད་དེ༔ དབང་པོ་རབ་ཏུ་གྱུར་པ་རང་ཐོག་ཏུ་ཐོད་རྒལ་གྱིས་བགྲོད་པ་དང་༔ དབང་པོ་འབྲིང་དང་ཐ་མ་ས་ལམ་ལ་བརྟེན་ནས་རིམ་གྱིས་བགྲོད་པའོ༔ དེ་བརྟག་པའི་ཕྱིར་དང་པོ་རང་གི་སེམས་ཕྱིའི་ནམ་མཁའ་སྟོང་པ་ལ་བསྲེས་ཏེ་ཞག་བཅུ་ཕྲག་གཉིས་སུ་མཉམ་པར་བཞག་པས༔ སྔ་མ་རྣམས་ཀྱིས་ཡེ་གཞི་ཀ་དག་གི་ངོ་བོ་ཤེས་རབ་ཀྱི་མིག་གིས་མཐོང་ནས་ངོ་རང་ཐོག་ཏུ་འཕྲོད་པ་ཡིན༔ ཕྱི་མ་གཉིས་ཀྱི་རིགས་ཅན་རྣམས་ལ་ནི་ཐོམ་ཡོ་རེ་བ་དང་༔ མི་བདེ་བའི་ཟུག་རྔུས་གདུང་བ་དང་༔ སེམས་དང་ནམ་མཁའ་མི་འདྲེས་པར་སྣང་ནས་བཅོས་བསྒྱུར་འབད་རྩོལ་དུ་དུས་འདས་ནས་བསམ་མནོ་མང་པོ་བྱེད༔ དེ་རྣམས་ས་ལམ་དུ་གཟུད་པའི་ཚུལ་ནི་འདི་ལྟ་སྟེ༔ ཤེས་པ་ལ་གནས་པ་དང་༔ རྣམ་པར་རྟོག་པ་ལ་འགྱུ་བ་ཞེས་ངོ་སྤྲད་དེ་ཉམས་སུ་ལེན་པའི་ཚུལ་ནི༔ སྒྱུ་མའི་མིག་འཕྲུལ་ལ་སྐྱེ་བོས་ལྟད་མོ་བལྟ་བ་བཞིན་ཏུ༔ བརྩོན་འགྲུས་དྲག་པོའི་སྒོ་ནས་ནན་དུ་བསྒོམ་པས་རྟོག་ཚོགས་ཕྲ་རགས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་ཞི་ནས་མི་གཡོ་བའི་ངང་ལ་གནས་པ་ཞི་གནས་ཞེས་བྱ་བའི་ཉམས་འཆར་རོ༔ འདིའི་དུས་སུ་བདེ་བ་མེ་དྲོད་ལྟ་བུ་དང་༔ གསལ་བ་ནམ་ལངས་པ་ལྟ་བུ་དང་༔ མི་རྟོག་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུ་འཆར་རོ༔ དེར་གནས་འགྱུ་གཉིས་སུ་མི་ཕྱེད་པའི་དྲན་པ་ལྷག་གེར་མཐོང་བ་ལ་ལྷག་མཐོང་ཞེས་བརྗོད་དེ༔ ཞི་གནས་ཉམས་སུ་ངོ་སྤྲད་ནས་དེ་ལ་ཆགས་ཞེན་མེད་པར་དྲན་པས་ངང་བསྐྱང་པས་ཉམས་ཀྱི་སྣང་བ་རང་ཡལ་དུ་སོང་ནས་དྲན་པ་རྩེ་གཅིག་ཏུ་མངོན་ནོ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ འདིའི་དུས་སུ་རེ་འགའ་ནི་བདེ་སྣང་འབོལ་ལེ་བ་དང་༔ རེ་འགའ་ནི་རླུང་ལས་གྱུར་པའི་ནད་སློང་ནས་འགྱུ་དྲན་གང་ཤར་ཐམས་ཅད་སྙིང་ལ་ཕོག་པ་ལྟ་བུའི་མི་བདེ་བའི་ཟུག་རྔུར་མངོན་པ་དང་༔ སོ་ཟིན་མེད་པའི་ན་ཚ་མ་ངེས་པར་འབྱུང་ངོ་༔ ལྷ་ལ་རེ་བ་དང་འདྲེ་ལ་དོགས་པ་དང་༔ མཐོང་ཚོར་གྱི་སྐྱེ་འགྲོ་ཐམས་ཅད་གནོད་བྱེད་དུ་མངོན་པ་ལ་སོགས་རྩུབ་ཉམས་མ་ངེས་པར་འཆར་རོ༔ རེ་འགའ་ནི་སྟོང་པ་ཧད་དེ་བར་གནས་པ་དང་༔ རེ་འགའ་ནི་ལྷར་སྣང་འདྲེར་སྣང་མངོན་ཤེས་སྣ་ཚོགས་པར་འཆར་ཏེ༔ རེ་འགའ་ནི་བདེན་ཅིང་རེ་འགའ་ནི་རྫུན་ཏེ་བློ་གཏད་མེད་པའོ༔ དེ་ལ་མཆོག་འཛིན་བྱས་ནས་ཆེད་དུ་བསྒོམ་པ་དང་ཞེན་པར་གྱུར་ན་འཁོར་བའི་གཏིང་རྡོ་ཆེན་པོར་འགྱུར་ཏེ་ངན་སོང་གི་འདམ་དུ་ཚུད་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཉམས་སྣང་ཉམས་སུ་ཤེས་ནས་རེ་དོགས་མེད་པར་བཞག་ཅིང་དྲན་པའི་ངང་བསྐྱངས་པས་ཉམས་རང་ཡལ་དུ་སོང་ནས་རགས་པའི་དྲན་པ་རང་ཞི་སྟེ་ཤེས་པ་ཡངས་ཁྲོལ་ལེ་བའི་ངང་དུ་གནས་ཤིང་འགྱུ་དྲན་ཐམས་ཅད་བཟོ་མི་འཆོས་པར་རང་ཤེས་རྒྱས་ཐེབས་པ་ལ་རང་གྲོལ་གྱི་དྲན་པ་ཞེས་བྱའོ༔ འདིའི་དུས་སུ་ཡང་བདེ་ཉམས་ཤས་ཆེ་སྟེ་གོལ་ས་ཡང་དེ་ཀའོ༔ ནད་ནི་མཁྲིས་པ་ལས་གྱུར་པ་ཐམས་ཅད་སློང་སྟེ་དེ་ཡང་ངོ་ཤེས་པས་གྲོལ་བ་ཡིན་ནོ༔ ཉམས་ལ་རེ་དོགས་ཞེན་ཆགས་མེད་པར་རང་བབས་སུ་བཞག་ནས་དྲན་པའི་ངང་བསྐྱང་ན་ཉམས་རྣམས་རང་ཡལ་དུ་སོང་རྗེས་དྲན་པ་རང་ཤེས་ཙམ་ཡང་མེད་པར་འཛིན་སྟངས་ཕྲ་བ་ལ་བརྟེན་ནས་སྟོང་པ་ཧར་སང་ངེ་བ་འགྱུ་དྲན་མེད་པ་ཞིག་ལ་གནས་པ་ཀུན་གཞི་ལུང་མ་བསྟན་ཏེ་དྲན་སྟོང་མལ་དུ་དུབ་པ་ཞེས་བྱ་བར་བརྗོད་དོ༔ འདིའི་དུས་སུ་ཉོན་མོངས་པ་གཏི་མུག་སློང་སྟེ༔ ནད་བད་ཀན་ལས་གྱུར་པའི་ནད་ཀྱང་ལྡང་༔ དེ་ཡང་ཉམས་སུ་ངོ་ཤེས་ནས་རེ་དོགས་བདེན་འཛིན་མེད་པར་རང་བབས་སུ་བཞག་པས་ཉམས་རང་ཡལ་དུ་འགྲོ་ཞིང་༔ སྟོང་པ་ལ་གསལ་སྣང་མངོན་པར་འཆར་ཞིང་འགྱུ་དྲན་གྱི་གོ་འགགས་ནས་བྱ་བྱེད་བརྗོད་སྐྱེན་ཅིང་ཐོམ་ཡོ་རེ་བར་འགྱུར་ཏེ༔ འདིའི་དུས་སུ་ཡང་བདེ་གསལ་མི་རྟོག་པའི་ཉམས་ཤས་ཆེ་བ་ཡིན་ལ་ལྷར་སྣང་འདྲེར་སྣང་མ་ངེས་པ་ཡང་འབྱུང་ངོ་༔ འདི་ཡང་ཀུན་གཞིའི་རྣམ་ཤེས་རང་གསལ་གྱི་ཆ་ཡིན་པས་རང་གསལ་གྱི་དྲན་པ་ཞེས་བརྗོད་དོ༔ དེ་གཉིས་ཀ་འདུ་ཤེས་མེད་པའི་ལྷ་རུ་འཕེན་པའི་ལྟ་བ་སྟེ་རྟག་ཏུ་གདིང་མི་འཆའ་བ་གནད་དུ་ཤེས་པར་བྱའོ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ དྲན་པ་དེ་དག་རྣམས་ནི་རྣམ་པ་སེམས་ལ་ལམ་བྱེད་པའི་སྐབས་ཡིན་ཏེ་དེ་ཐོག་ཏུ་ལུས་ནས་ལྟ་སྒོམ་གྱི་མཆོག་ཏུ་བཟུང་ན་ཁམས་གསུམ་གྱི་གནས་ལས་འཕགས་པར་མི་འགྱུར་བའི་ཚུལ་བདེ་བ་ལ་གོལ་ན་འདོད་ཁམས་ཀྱི་ལྷ་རུ་འཕེན་ཅིང་༔ གསལ་བ་ལ་གོལ་ན་གཟུགས་ཁམས་ཀྱི་ལྷ་རུ་འཕེན་ནོ༔ མི་རྟོག་པ་ལ་གོལ་ན་གཟུགས་མེད་པའི་ཁམས་སུ་འཕེན་པ་ཡིན་ནོ༔ ཉམས་དེ་དག་ཐམས་ཅད་འགོག་བྱ་ཡང་མ་ཡིན༔ བསྒྲུབ་བྱ་ཡང་མ་ཡིན༔ མེད་ཐབས་ཀྱང་མེད་དེ༔ ས་དང་ལམ་གྱི་རྟགས་སུ་འབྱུང་བ་ཡིན༔ ནད་དང་སྡུག་བསྔལ་སྣ་ཚོགས་ཀྱང་ས་ལམ་ལ་ཞུགས་པ་དག་གིས་ཉམས་སུ་ཤེས་ནས་བཅོས་བསྒྱུར་བདེན་འཛིན་མེད་པར་བཞག་པས་རང་སར་གྲོལ་བ་ནི་ན་བུན་ནམ་མཁའ་ལ་ཡལ་བ་ལྟ་བུའོ༔ ལར་འགྲོ་བ་རིགས་དྲུག་གི་བདེ་སྡུག་ཐམས་ཅད་འཁྲུལ་པའི་སྣང་ཉམས་ཙམ་ལས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་དོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིག་པའི་རྡོ་རྗེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་གུས་པས་ཐལ་མོ་སྦྱར་ཏེ་འདི་སྐད་དོ༔ བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གསན་ཅིང་དགོངས་སུ་གསོལ༔ འདིར་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ལ་ཡང་དག་པའི་ལམ་ཟབ་མོ་བསྟན་དུ་གསོལ༔ ཅེས་ཞུས་སོ༔ བཀའ་སྩལ་པ༔ ཀྱཻ་རིག་པའི་རྡོ་རྗེ་དོན་དམ་པའི་ལམ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་བླ་ན་མེད་པའོ༔ བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་བཟང་པོའི་སྟོབས་དང་ལྡན་པའི་ལས་འཕྲོ་ཅན་མ་གཏོགས་སྒོ་འདི་དང་འཕྲད་པ་ནི་མེད་དེ༔ དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུའོ༔ འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ༔ ད་ལྟའི་སངས་རྒྱས་རྣམས་ཀྱི་བཞུད་པ༔ མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་ཟབ་མོ་ངས་ལེགས་པར་བཤད་ཀྱི་ཉོན་ཅིག༔ དེ་ལ་ཡང་ལམ་གྱི་རིག་པ་དང་གཞིར་གནས་ཀྱི་རིག་པ་གཉིས་ཡོད་པ་ལས༔ དང་པོ་ལམ་གྱི་རིག་པ་ནི༔ ངོ་བོ་ལ་ལམ་བྱེད་པ་ཡིན་ཏེ༔ ངོ་བོ་ཀ་དག་མཐའ་བྲལ་གྱི་དབྱིངས་ཀློང་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་རང་གསལ་བ་ནི་རིག་པ་བརྗོད་དུ་མེད་པའོ༔ འདི་ལ་ལྟ་སྒོམ་སྤྱོད་པ་གསུམ་ཡོད་དེ༔ གསུམ་གང་ཞེ་ན༔ བལྟ་རུ་མེད་པའི་ལྟ་བ༔ འཛིན་སྟངས་མེད་པའི་སྒོམ་པ༔ བཅོས་བསྒྱུར་མེད་པའི་སྤྱོད་པའོ༔ གཞི་དང་ལམ་དང་འབྲས་བུ་གསུམ་ཡང་ཡོད་དེ༔ གཞི་ཡེ་གྲོལ་ཆེན་པོ༔ ལམ་ངང་བཞག་ཆེན་པོ༔ འབྲས་བུ་རང་གྲོལ་ཆེན་པོ་ཡིན་ནོ༔ སྐུ་གསུམ་ལྷུན་གྲུབ་ཏུ་རྫོགས་པ་ཡང་འདི་ལྟ་སྟེ༔ ངོ་བོ་ཀ་ནས་དག་པའི་ཆོས་སྐུ༔ རང་བཞིན་ལྷུན་གྱིས་གྲུབ་པའི་ལོངས་སྐུ༔ ཐུགས་རྗེ་ཀུན་ལ་ཁྱབ་པའི་སྤྲུལ་སྐུའོ༔ འདི་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གཅིག་ཆར་དུ་རྫོགས་པ་ཡིན་ཏེ༔ འདི་ལྟ་སྟེ༔ མི་འཛིན་པ་སྦྱིན་པ༔ མི་འཁྲུལ་བ་ཚུལ་ཁྲིམས༔ མི་འགྱུར་བ་བཟོད་པ༔ མི་བརྩོན་པ་བརྩོན་འགྲུས༔ མི་སྒོམ་པ་བསམ་གཏན༔ མི་ནོར་བ་ཤེས་རབ་བོ༔ འདི་ནི་རང་བྱུང་གི་སངས་རྒྱས་ཡིན་ཏེ༔ འདིའི་ངང་ལས་མི་འདའ་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་བླ་ན་མེད་པ་ཉིད་ཀྱང་ཡིན༔ འཁོར་འདས་མཉམ་གྲོལ་དོན་གྱི་སེམས་བསྐྱེད་ཀྱང་ཡིན༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བླ་མར་བྱེད་པ་ཡང་ཡིན༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་ནས་ཡི་དམ་དུ་བསྟེན་པ་ཡང་ཡིན༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་དབྱིངས་ཉིད་ཀུན་ཏུ་བཟང་མོའི་མཁའ་རུ་གཉིས་མེད་དུ་དྲིལ་ཏེ་ལྷུམས་སུ་འཇུག་པ་ཡང་ཡིན༔ རིགས་དང་དཀྱིལ་འཁོར་ཐམས་ཅད་དོན་གཅིག་ཏུ་དྲིལ་ནས་བསྒྲུབ་པ་འདི་ཁོ་ནའོ༔ དེ་ལྟ་བུའི་ཟབ་གསང་བླ་ན་མེད་པའི་ལམ་འདིའི་མི་མཐུན་པའི་ཕྱོགས་ནི་ལུང་མ་བསྟན་གཉིས་ཏེ༔ ཡེ་བབ་ཀྱི་ལུང་མ་བསྟན་དང་༔ འཕྲལ་གསལ་གྱི་ལུང་མ་བསྟན་ནོ༔ སྔ་མ་ནི་བེམ་སྟོང་ནམ་མཁའ་ལྟ་བུ་གདངས་རྩལ་གོ་འགགས་པ་ཡིན༔ ཕྱི་མ་ནི་སྟོང་པ་ལ་གསལ་ཆ་ཐོན་པ་དེ་ཡང་གདངས་རྩལ་གྱི་གོ་འགགས་པ་ཡིན་ནོ༔ འདི་གཉིས་ངོ་ཤེས་ཏེ་རང་སར་བཞག་པས་རང་ཡལ་དུ་འགྲོ་བ་ལས་བསམ་མནོ་དང་བཅོས་བསྒྱུར་སྣ་ཚོགས་བྱེད་པ་ནི་མ་ཡིན་ནོ༔ རིག་པ་རང་བྱུང་གི་སངས་རྒྱས་ཡིན་པས་དེ་རང་བབས་སུ་བཞག་ན་རང་གྲོལ་བས་བཅོས་བསྒྱུར་དང་འཛིན་སྟངས་དང་ཡིད་དཔྱོད་དང་བློས་བཞག་གང་ཡང་མེད་པར་བཞག་གོ༔ འདི་ལ་མཉམ་བཞག་དང་རྗེས་ཐོབ་གཉིས་ཡོད་པ་ལས༔ སྔ་མ་ནི་མ་བཅོས་པ་གསུམ་ཡིན་ཏེ༔ ལུས་མ་བཅོས་པར་དུར་ཁྲོད་ཀྱི་མི་རོ་ལྟ་བུར་འགུལ་བསྐྱོད་མེད་པར་བཞག༔ ངག་མ་བཅོས་པར་སྨྲ་བརྗོད་དང་བྲལ་བའི་ངང་དུ་བཞག༔ སེམས་མ་བཅོས་པར་རང་སར་ཤིག་གེར་བཞག་པ་དང་གསུམ་མོ༔ གནད་དེ་གསུམ་ལ་བསྟེན་ནས་ཉམས་སུ་ལེན་པ་ལ་དུས་གསུམ་དུ་གཡེལ་བ་མེད་པར་བརྩོན་པར་བྱ་བ་ནི་གནད་དམ་པའོ༔ འགྲོ་འདུག་སྤྱོད་ལམ་ཀུན་ཏུ་མ་བཅོས་རང་གནས་ཀྱི་ངང་ལས་མི་འདའ་བ་ནི་ཕྱི་མའོ༔ ཞེས་གསུངས་སོ༔ ཡང་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁམས་གསུམ་འཁོར་བར་འཁྱམས་པའི་རྒྱུ་གང་ལགས་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་འཁོར་བར་འཁྱམས་པའི་གཞི་ནི་གཟུང་བ་དང་འཛིན་པ་གཉིས་ཡིན་ནོ༔ འཁོར་འདས་སྐབས་འབྱེད་པའི་མཁན་པོ་ནི་ངར་འཛིན་གཅིག་པུ་སྟེ་འཛིན་པ་གང་ཟག་གི་བདག་འཛིན་ཅེས་བྱའོ༔ ང་ཞེས་པ་ནི་གདག་པའི་གཞི་རྩ་དང་བྲལ་བའོ༔ དེའང་འདི་ལྟ་སྟེ་མགོ་དང་ཡན་ལག་ནི་ང་མ་ཡིན༔ ཉིང་ལག་དང་ལྷུ་ཚིག་ནི་ང་མ་ཡིན༔ ཤ་དང་རུས་པ་ནི་ང་མ་ཡིན༔ ཁྲག་དང་ཆུ་སེར་ནི་ང་མ་ཡིན༔ རྐང་དང་ལྷ་བ་ནི་ང་མ་ཡིན༔ སོ་དང་སེན་མོ་ནི་ང་མ་ཡིན༔ སྐྲ་དང་བ་སྤུ་ནི་ང་མ་ཡིན༔ ཕྱིའི་ཡུལ་ན་ཡང་ང་མེད་ལ༔ ནང་གི་སེམས་ན་ཡང་ང་མེད༔ བར་གྱི་ལུས་ལ་ཡང་ང་མེད་དོ༔ དེས་ན་གང་ཟག་གི་བདག་འཛིན་ཡུལ་མེད་དུ་བཤིག་པ་ལ་གོམས་པར་བྱའོ༔ དེ་ལས་མཆེད་པ་ཆོས་ཀྱི་བདག་འཛིན་ཅེས་བྱ་བ་ལ༔ མིང་གི་གདགས་གཞི་བཙལ་བ༔ དངོས་པོའི་རྟག་འཛིན་བཤིག་པ༔ ཕན་གནོད་ཀྱི་མཚང་ལ་རྒོལ་བ༔ རེ་དོགས་ཀྱི་རྫུན་ཕུག་རྡིབ་པ་དང་བཞི་ཡོད་པ་ལས༔ དང་པོ་ནི༔ ལུས་ཀྱི་མིང་གཅིག་པུ་ལ་བརྟག་པས་ཐམས་ཅད་ཤེས་པས་འདི་ལྟ་སྟེ༔ མགོ་ནི་ལུས་མ་ཡིན༔ ལག་པ་ནི་ལུས་མ་ཡིན༔ རྩིབ་ལོག་དང་སྒལ་པ་ནི་ལུས་མ་ཡིན༔ རྐང་པ་དང་ལྷུ་ཚིགས་ནི་ལུས་མ་ཡིན༔ ཤ་ཁྲག་རུས་པ་རྐང་དང་རྩ་རྒྱུས་རྣམས་ནི་ལུས་མ་ཡིན་ནོ༔ དེ་བཞིན་དུ་ལག་པ་ཡང་སོར་མོ་ནི་ལག་པ་མ་ཡིན༔ ལག་ངར་ནི་མ་ཡིན༔ དཔུང་པ་ཡང་མ་ཡིན༔ སོག་པ་ཡང་མ་ཡིན༔ ཤ་ལྤགས་རུས་པ་རྣམས་ཀྱང་མ་ཡིན་ནོ༔ རྐང་པ་ཞེས་པ་དཔྱི་ཡང་མ་ཡིན༔ བརླ་དང་རྗེ་ངར་མཛུབ་མོ་རྣམས་ཀྱང་མ་ཡིན་ནོ༔ བརླ་ཞེས་པ་ཡང་ཤ་དང་རུས་པ་རྐང་དང་རྩ་རྒྱུས་ཐམས་ཅད་ཀྱང་མ་ཡིན་ནོ༔ དེ་བཞིན་དུ་ཕྱིའི་ཡུལ་གྱི་མིང་གི་གདགས་གཞི་སོ་སོར་འཚོལ་བ་ནི༔ དཔེར་ན་ཁང་པ་ཞེས་པ་ཡང་ས་དང་རྡོ་ནི་མ་ཡིན༔ ཤིང་དང་རྩིག་པ་ཡང་མ་ཡིན་པ་དེ་བཞིན་དུ་གདགས་གཞི་ཐམས་ཅད་སོ་སོའི་ངོས་ནས་ཞིབ་ཏུ་བརྟག་ནས་ཡུལ་མེད་དུ་བཤིག་གོ༔ གཉིས་པ་དངོས་པོར་སྣང་ཚད་ཐམས་ཅད་བདེན་གྲུབ་ཏུ་ཡོད་མེད་བརྟག་ཚུལ་ནི་འདི་ལྟ་སྟེ༔ བདེན་པར་གྲུབ་ངེས་ཅན་ཞིག་ཡིན་ན༔ མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ་སྟེ༔ མི་འཇིགས་པ་རྡོ་རྗེའི་ཆོས་བདུན་ཚང་དགོས་པ་ཡིན་ཏེ༔ དངོས་པོར་གྲུབ་པའི་སའམ་རྡོ་ཞིག་བཅག་བཏུལ་གཏོར་གསུམ་བྱས་ཏེ་མཁའ་ལ་གཏོར་བས་ཡུལ་མེད་རྗེས་མེད་དུ་ཡལ་བ་བཞིན༔ དངོས་པོ་ཐམས་ཅད་ལ་དེ་བཞིན་དུ་བརྟག་པས་སྟོང་པ་ཡུལ་མེད་དུ་ཡལ་བ་ལ་ནན་དུ་བློས་གཞིག་པར་བྱའོ༔ འདི་ལྟར་སྣང་བའི་སྣོད་བཅུད་ཡུལ་དྲུག་ཐམས་ཅད་མཚན་མོ་གང་དུ་སོང་༔ མཚན་མོའི་སྣང་ཡུལ་སྣོད་བཅུད་ཐམས་ཅད་ཉིན་མོ་གང་དུ་སོང་༔ དེ་གཉིས་ཀ་བདེན་རྫུན་མཉམ་མི་མཉམ་བརྟག་པས་མི་མཉམ་པར་སེམས་ན་འདི་ལྟ་སྟེ༔ ཀྱཻ་སྒྱུ་འཕྲུལ་རོལ་པའི་འཁོར་རྣམས་ཉོན་ཅིག༔ ཁྱེད་ཅག་རང་ལོ་བཅུ་གསུམ་གྱི་ལོ་དང་ཟླ་བ་དང་ཞག་དང་དུས་ཚོད་དེ་ཉིད་དུ་ས་གང་དུ་གནས༔ ཟས་གང་ལ་སྤྱོད༔ གྲོགས་སུ་དང་འགྲོགས༔ ཚིག་ཇི་སྐད་སྨྲས༔ དོན་གང་ལགས་ལྟོས་ཤིག༔ ཉིན་སྣང་བདེན་གྲུབ་མཆིས་ན་ད་ལྟའི་ལུས་འདི་བོར་ནས་ཕྱི་མར་འགྲོ་བའི་མི་དེའི་ཕ་མ་དང་ལུས་དེ་གང་ལགས༔ གང་ནས་བྱུང་༔ ང་ལ་སྨྲོས་ཤིག༔ ཅེས་གསུངས་སོ༔ བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཉིན་སྣང་དང་མཚན་སྣང་འདི་སྣང་དང་ཕྱི་སྣང་ཐམས་ཅད་བདེ་སྡུག་ཉམས་ཀྱི་རྫུན་རིས་ཙམ་དུ་ཟད་པ་ལགས་སོ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ འོ་ན་རིགས་ཀྱི་བུ་དེ་དེ་བཞིན་ནོ༔ གསུམ་པ་ཕན་གནོད་དུ་སྣང་བའི་ཡུལ་གྱི་རང་བཞིན་ལ་བརྟག་སྟེ་བདེན་ཞེན་གྱི་མཚང་ལ་རྒོལ་བ་ནི་འདི་ལྟ་སྟེ༔ སྔོན་ཆད་ཀྱི་དགེ་བའི་རྩ་བ་ཐམས་ཅད་གནས་གང་དུ་བསགས༔ ཡུལ་གང་དུ་འདུག༔ ཕན་སུ་ལ་བཏགས༔ ཕན་ཚུལ་ཇི་ལྟ་བུ་ལགས༔ དེ་བཞིན་དུ་སྡིག་པ་མི་དགེ་བའི་ལས་ཀྱིས་ཀྱང་གནོད་ཇི་ལྟར་བསྐྱལ་བའི་ཚུལ་བརྟག་པས་ཡུལ་མེད་དུ་ཡལ་བ་ལ་བློས་གཞིག་གོ༔ གནོད་པར་བྱེད་པའི་འདྲེ་དང་གདོན་ཐམས་ཅད་ཀྱང་དང་པོ་བྱུང་བའི་ཁུངས༔ བར་དུ་གནས་པའི་ས༔ ཐ་མ་འགྲོ་བའི་ཡུལ་ཇི་ལྟ་བུ་ལགས༔ གནོད་ཇི་ལྟར་བསྐྱལ་བའི་ཚུལ་ལ་བརྟག་པས་གནོད་བྱེད་མེད་པའི་ཚུལ་ཇི་ལྟ་བར་ཤེས་སོ༔ སྐྱོབ་པར་བྱེད་པའི་ལྷ་ཡང་དེ་ལྟ་བུར་བྱུང་གནས་འགྲོ་གསུམ་གྱི་གནས་ཡུལ་གཞི་རྩ་ལ་བརྟག༔ ལྷ་སྟོང་པ་ཡིན་ན་རང་དངོས་པོ་ཅན་སྐྱོབ་པའི་ཚུལ་ཇི་ལྟ་བུ་ཡིན༔ ལྷ་དངོས་ཅན་ཡིན་ན་གནས་གང་དུ་འདུག༔ གལ་ཏེ་རི་ལ་གནས་སྙམ་ན་ས་འོག་ཏུ་ནོན་ནམ༔ ཡང་ན་ས་དེ་ལྷ་ཡིན་ནམ༔ རྡོ་ཡིན་ནམ༔ ཤིང་ཡིན་ནམ༔ རྩྭ་ཡིན་ནམ༔ རི་དེ་ཡིན་ནམ་ཞེས་བརྟག་པས་བདེ་སྡུག་ཐམས་ཅད་འཁྲུལ་སྣང་ཉམས་ཀྱི་རྫུན་རིས་ཙམ་དུ་ཟད་པ་ལས༔ ལྷས་ཀྱང་མ་བསྐྱབ༔ འདྲེ་དང་གདོན་གྱིས་ཀྱང་མནར་བ་མེད་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ༔ བཞི་པ་འཁོར་འདས་རང་རྒྱུད་པར་གོལ་ནས་རེ་དོགས་སུ་ཞེན་པའི་རྫུན་ཕུག་བརྡིབ་པ་ནི༔ ཡུལ་ནས་ཡུལ་དུ་བགྲོད་སླེབ་ཀྱི་ཞིང་ཁམས་དང་སངས་རྒྱས་དེ་ནམ་མཁའ་བར་སྣང་ས་གཞི་ས་འོག་གང་དུ་མཆིས༔ ཡུལ་ཡངས་པ་ཅན་ཞིག་ན་མི་རྗེ་གཟུགས་མཛེས་པ་ཁ་དོག་ལེགས་པ་བདེ་སྐྱིད་དང་ལྡན་པ་འཁོར་མང་བ་ཞིག་གི་རྣམ་པར་མཆིས་ན་འཁོར་ལོས་སྒྱུར་རྒྱལ་ལམ་འདོད་གཟུགས་ཀྱི་ལྷ་ཙམ་ལས་འཕགས་པའི་ཁྱད་ཆོས་མེད་པ་ཡིན་ནོ༔ སངས་རྒྱས་ལ་གཟུགས་མཆིས་ན་ཁ་དོག་ཀྱང་མཆིས༔ གཟུགས་དང་ཁ་དོག་མཆིས་ན་རྣམ་པར་ཤེས་པ་ཡང་མཆིས༔ རྣམ་པར་ཤེས་པ་མཆིས་ན་ཡུལ་དྲུག་ཀྱང་མཆིས༔ དེ་མཆིས་ན་སྐྱེ་མཆེད་བཅུ་གཉིས་ཀྱང་མཆིས་པས་སེམས་ཅན་དུ་གདོན་མི་ཟའོ༔ དེ་ལྟར་ནན་ཆེར་བརྟག་པས་སངས་རྒྱས་རང་རྒྱུད་པར་གོལ་བའི་རྫུན་ཕུག་རྡིབ་པར་བྱའོ༔ ཡང་དོགས་པའི་ཡུལ་ངན་སོང་གི་ཡུལ་དམྱལ་བ་ཞེས་བྱ་བ་དེ་ནམ་མཁའ་བར་སྣང་ས་གཞི་ས་འོག་ས་སྟེང་ས་བླ་གང་དུ་གནས༔ ལྕགས་སྲེག་གི་ས་གཞི་བརྡུང་བའི་མཁན་པོ་དེ་གང་ལགས༔ བུད་ཤིང་དེ་དག་གང་ནས་བྱུང་༔ དམྱལ་མི་ལས་མཁན་དེ་དག་གི་ཕ་མ་དང་རྒྱུ་རྐྱེན་ཇི་ལྟ་བུ་ལགས༔ ཁོང་རྣམས་མེས་མི་འཚིག་པར་གཞན་འཚིག་པའི་རྒྱུ་མཚན་ཅི་ཡིན༔ ཁོང་རྣམས་ཀྱིས་སེམས་ཅན་དེ་དག་ལ་དམྱལ་ཁྲིམས་དེ་ལྟ་བུས་མནར་བར་བྱས་པའི་རྣམ་པར་སྨིན་པས་དེ་དག་དམྱལ་གནས་གང་དུ་འགྲོ༔ དེར་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་དེ་དག་གི་ལུས་དེ་གང་ནས་རྙེད༔ ཕ་མ་དང་རྒྱུ་རྐྱེན་ཇི་ལྟ་བུར་འདུག༔ དེང་སང་གི་སེམས་ཅན་ལ་རྨ་ཙམ་གྱིས་ཤི་ན་དམྱལ་བ་པ་དག་བསྐལ་པར་བཙོ་བསྲེགས་བྱས་པས་ཅིའི་མི་འཆི༔ ཡི་དྭགས་ལ་ཡང་དེ་བཞིན་ཏུ་མགོ་བོ་རྒྱ་རྫ་ཙམ་ཁ་ཁབ་མིག་ཙམ་མགྲིན་པ་རྟ་རྔ་ཙམ་གསུས་པ་ཡུལ་ལྗོངས་ཙམ་རྐང་ལག་འཇག་མ་ཙམ་གྲངས་མང་བ་ཡོད་པར་ངེས་ན་དེ་རྣམས་ཀྱི་ཕ་མ་རྒྱུ་རྐྱེན་ཇི་ལྟ་བུ་ལགས༔ ཕྱོགས་གང་དང་ཡུལ་གང་དུ་མཆིས་བརྟག་གོ༔ དེ་བཞིན་དུ་འགྲོ་བ་རིགས་དྲུག་གི་གནས་ཡུལ་ཐམས་ཅད་ལ་ཞིབ་ཏུ་བརྟག་ན་རང་སེམས་འཁྲུལ་པའི་སྣང་བ་རྨི་ལམ་ཙམ་ལས་བདེན་པར་མ་གྲུབ་པའི་ཐག་ཆོད་དེ༔ ཡུལ་རང་རྒྱུད་པར་འཛིན་པའི་རྫུན་གྱི་ཕུག་རྡིབ་པར་འགྱུར་རོ༔ དེ་ལྟར་གཟུང་འཛིན་གྱི་སྣང་བ་ཐམས་ཅད་གཏན་ལ་ཕབ་པས་ངོ་བོ་སྟོང་པ་ཡུལ་མེད་ཟང་ཐལ་ཆེན་པོ་རུ་ཐག་ཆོད་དོ༔ ཡུལ་མེད་སྟོང་པའི་ངོ་བོ་གཞིའོ༔ གཞི་ངོས་ཟིན་པས་འཁོར་འདས་ཐམས་ཅད་གཞི་ལས་མི་གཞན་པའི་ཚུལ་ཤེས་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་འཁོར་འདས་སྐབས་འབྱེད་པའི་ཚུལ་ཇི་ལྟ་བུ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་གཞི་བདེ་གཤེགས་སྙིང་པོའི་མདངས་གཏིང་གསལ་གྱི་ཤེས་རབ་ཆེན་པོ་མངོན་དུ་གྱུར་པ་ནི་དག་པ་གཞིར་གནས་ཀྱི་སངས་རྒྱས་ཞེས་བྱ་བ་ཡིན༔ ཤེས་རབ་ཀྱི་མདངས་མ་རིག་པས་བསྒྲིབས་ནས་གདངས་དང་སྒྲིབ་པ་འདྲེས་པ་སྣང་སེམས་བདེ་སྡུག་ཀུན་གྱི་གཞི་རུ་གྲུབ་པའི་ཕྱིར་ན་ཀུན་གཞི་ཞེས་བྱའོ༔ དེ་ལ་གཞི་བྱས་ནས་ཕྲ་རགས་གཉིས་འཛིན་འཐས་པའི་རྣམ་པར་རྟོག་པ་གཉིས་པོས་ཁམས་གསུམ་འཁོར་བར་འདུ་བྱེད་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ༔ ཀྱཻ་སྟོན་པ་བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་གཞི་བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེའི་ངང་ཚུལ་དང་ཡོན་ཏན་ཇི་ལྟ་བུ་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་སྐྱེས་བུ་ཆེན་པོ་ཁྱེད་མ་ཡེངས་པར་ཉོན་ཅིག༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་འདི་ནི་བླ་ན་མེད་པའོ༔ གོང་ན་མ་མཆིས་པའོ༔ ཟབ་པ་ཆོས་ཀྱི་དབྱིངས་ཆེན་པོའོ༔ ཞི་བ་མྱ་ངན་ལས་འདས་པའོ༔ འཁོར་འདས་ཐམས་ཅད་ལ་ཆགས་པ་དང་བྲལ་བའོ༔ མ་སྐྱེས་ཤིང་མ་བྱུང་བས་མཁྱེན་པ་དང་ལྡན་པའོ༔ དག་པ་ཡེ་ཤེས་ཀྱི་མཐོང་ཆེན་པོ་ཁྱབ་བྱེད་སྒྲིབ་བྲལ་ཤེས་རབ་ཀྱིས་ཕྱེ་བས་གཟིགས་པ་དང་ལྡན་པའོ༔ དེ་ལྟ་བུའི་གཞི་ཡོན་ཏན་ཡེ་རྫོགས་ཆེན་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི་འདི་ལྟ་སྟེ༔ སངས་རྒྱས་བཟང་པོས་བཟང་པོར་མ་བཅོས༔ སེམས་ཅན་ངན་པས་ངན་པར་མ་བསླད༔ མ་རིག་པ་མེད༔ མ་རིག་པ་མེད་པ་ལས་ཀུན་གཞི་མེད༔ ཀུན་གཞི་མེད་པ་ལས་ངར་འཛིན་མེད༔ ངར་འཛིན་མེད་པས་བདག་མེད༔ བདག་མེད་པས་ཕྱིའི་ཡུལ་ཡང་མེད༔ བདག་དང་ཡུལ་མེད་པས་འཛིན་པ་ཡང་མེད༔ འཛིན་པ་མེད་པས་རྣམ་པར་ཤེས་པ་ཡང་མེད་དོ༔ རིགས་ཀྱི་བུ་གཞི་བདེ་གཤེགས་སྙིང་པོ་དེ་ཉིད་དུས་གསུམ་དུ་མ་སྐྱེས་པའི་ཕྱིར་སྐྱེ་བའི་མཐའ་དང་བྲལ་བ༔ ནམ་ཡང་མེད་པ་ཅང་མེད་དུ་མི་འགགས་པའི་ཕྱིར་འགག་པའི་མཐའ་དང་བྲལ་བ༔ ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་བའི་ཕྱིར་རྟག་པའི་མཐའ་དང་བྲལ་བ༔ མེད་པ་ཅང་མེད་མ་ཡིན་པ་འཁོར་འདས་གཉིས་ཀྱི་སྤྱི་གཞིར་གྲུབ་པའི་ཕྱིར་ཆད་པའི་མཐའ་དང་བྲལ་བ༔ དང་པོ་བྱུང་བའི་ཁུངས་མེད་པའི་ཕྱིར་འོང་བའི་མཐའ་དང་བྲལ་བ༔ ཐ་མ་འགྲོ་བའི་ཡུལ་མེད་པའི་ཕྱིར་འགྲོ་བའི་མཐའ་དང་བྲལ་བ༔ འཁོར་འདས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་ལས་མི་གཞན་པའི་ཕྱིར་ཐ་དད་པའི་མཐའ་དང་བྲལ་བ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་ཤར་བས་ན་དོན་གཅིག་པའི་མཐའ་དང་བྲལ་བའོ༔ ཀྱཻ་རིགས་ཀྱི་བུ་གཞི་བདེ་གཤེགས་སྙིང་པོ་ཁྱབ་བརྡལ་ཕྱོགས་མཐའ་ལས་འདས་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་༔ གཞི་འདི་ལ་ཚིག་དང་དཔེ་དང་དོན་གང་གིས་ཀྱང་མི་མཚོན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་༔ གཞི་བདེ་གཤེགས་སྙིང་པོ་རང་ལ་རང་གདིང་ཐོབ་པ་ལས་འབྲས་བུ་གཞན་བྱུང་གིས་གྲོལ་བ་ལ་ཡིད་སྨོན་ཙམ་ཡང་མེད་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ༔ རིགས་ཀྱི་བུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོ་ཉིད་ལས་རང་བྱུང་བའོ༔ དེ་ཡང་འདི་ལྟ་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་དུ་མ་བཅོས་རང་ཆས་སུ་སྟོང་པས་ན་ཆོས༔ ཆོས་ཉིད་དེ་ཡང་བེམ་སྟོང་མ་ཡིན་པར་ཡེ་ཤེས་ཡོན་ཏན་ཐམས་ཅད་སྤུངས་པ་ལྟ་བུར་ལྷུན་གྱིས་གྲུབ་པས་ན་སྐུ་ཞེས་པའོ༔ གཞི་བདེ་གཤེགས་སྙིང་པོའི་ངང་དུ་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ལོངས་སྤྱོད་དུ་རང་རྫོགས་པས་ན་ལོངས་སྤྱོད་རྫོགས་ཞེས་བྱའོ༔ དེ་ལ་ཡང་ཤེས་རབ་དང་ཡོན་ཏན་ཐམས་ཅད་སྤུངས་པ་ལྟ་བུར་ལྷུན་གྱིས་གྲུབ་པས་ན་སྐུ་ཞེས་བྱའོ༔ དེ་ལྟ་བུའི་གཞི་བདེ་གཤེགས་སྙིང་པོའི་ངང་ལས་མ་གཡོས་པར་ཉིད་ལས་མི་གཞན་པའི་སྤྲུལ་པ་རང་ཆས་སུ་ཡོད་པས་ན་སྤྲུལ་ཞེས་བྱའོ༔ སྤྲུལ་པ་དེ་ལ་ཡང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་སྤུངས་པ་ལྟ་བུར་ལྷུན་གྱིས་གྲུབ་པས་ན་སྐུ་ཞེས་བྱའོ༔ སྐུ་གསུམ་ངོ་བོ་ཉིད་ལས་མི་གཞན་པས་ན་ངོ་བོ་ཉིད་ཅེས་བྱའོ༔ མ་བཅོས་ལྷུན་གྲུབ་ཏུ་རྫོགས་པས་ན་སྐུ་ཞེས་བྱའོ༔ དེ་ལྟ་བུའི་སྐུ་བཞི་འགྱུར་བ་མེད་པའི་ཕྱིར་མི་འགྱུར་ཞེས་བྱ་བ་དང་༔ མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་ན་རྡོ་རྗེ་ཞེས་བྱ་སྟེ༔ ཆོས་བདུན་ནི་འདི་ལྟ་སྟེ༔ ཉོན་མོངས་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ༔ བདུད་དང་བར་ཆད་ཐམས་ཅད་ཀྱིས་མི་ཤིགས་པ༔ རང་ངོ་ཀ་ནས་དག་པས་བདེན་པ༔ སྐྱོན་ཡོན་གྱིས་བསླད་མི་འཇུག་པས་སྲ་བ༔ རང་ངོ་ལས་གཞན་དུ་མི་འགྱུར་བས་བརྟན་པ༔ ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཅད་འབིགས་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ༔ བདེ་སྡུག་གང་གིས་ཀྱང་བཅོས་སུ་མེད་པས་ཐམས་ཅད་ལས་མ་ཕམ་པའོ༔ དེ་ལྟ་བུའི་གཞོམ་གཞིག་བྲལ་བ་མི་འགྱུར་རྡོ་རྗེ་དེ་ཉིད་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་ཕུང་པོར་ལྷུན་གྱིས་གྲུབ་པས་ན་སྐུ་ཞེས་བྱའོ༔ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ལེགས་པར་ཉོན་ཅིག༔ རང་བྱུང་གི་སངས་རྒྱས་ཆོས་སྐུ་བདེ་གཤེགས་སྙིང་པོའི་མདངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བ་དེ་རུ༔ ཞིང་ཁམས་ལྔ་དང་རིགས་ལྔ་ཡུམ་ལྔ་ཡེ་ཤེས་ལྔ་ཁ་དོག་ལྔ་ཤེས་རབ་ལྔ་རྣམས་མ་བཅོས་རང་ཆས་སུ་རྫོགས་པ་ལས༔ དང་པོ་གཞི་ཉིད་ཞིང་ཁམས་ལྔའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་ཚུལ་ནི་འདི་ལྟ་སྟེ༔ ཡུལ་སྣོད་བཅུད་ཅན་མ་ཡིན་པར་གཞི་བདེ་གཤེགས་སྙིང་པོའི་ངོ་བོ་ཆོས་དབྱིངས་ལྷུན་འཐུག་པའི་ཆ་ལ་སྟུག་པོ་བཀོད་པའི་ཞིང་ཁམས༔ ངོས་བཟུང་མཚན་མར་གྲུབ་པའི་ཕྱོགས་མཚམས་ཅན་མ་ཡིན་པར་ངོ་བོ་དབུས་སུ་བཞག་པ་ཐ་སྙད་ཙམ་མོ༔ གཞི་དབྱིངས་ཆེན་པོ་དེ་ཉིད་ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་དང་ལྡན་པའི་ཆ་ལ་མངོན་པར་དགའ་བའི་ཞིང་ཁམས༔ དེ་ཡང་ཤར་དུ་བརྗོད་པ་སྒྲ་ཇི་བཞིན་པ་མ་ཡིན་པར་ཐ་སྙད་ཙམ་མོ༔ གཞི་དེ་ལ་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་རང་བྱུང་བས་ན་དཔལ་དང་ལྡན་པའི་ཞིང་ཁམས༔ ཡོན་ཏན་ཕུན་སུམ་ཚོགས་པ་ལ་ལྷོ་ཞེས་ཚིག་ཏུ་བསྒྲག་པ་ཐ་སྙད་ཙམ་མོ༔ གཞི་སྣང་དེ་ལ་མི་བདེ་བའི་སྡུག་བསྔལ་ཐམས་ཅད་ལས་འདས་པས་ན་བདེ་བ་ཅན་གྱི་ཞིང་ཁམས༔ ནུབ་ཏུ་བཞག་པ་ཡང་ཚིག་ཙམ་མོ༔ དེ་ལ་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བྱ་རྩོལ་མེད་པར་རང་བྱུང་དུ་རྫོགས་པའི་ཕྱིར་ལས་རབ་རྫོགས་པའི་ཞིང་ཁམས༔ དེའང་ཚིག་ཙམ་དུ་བརྗོད་པ་བྱང་དུ་གྲགས་སོ༔ ཕྱོགས་དང་ཞིང་ཁམས་སུ་སྨྲ་བ་ཡང་མཚན་མ་ཚིག་དང་བྲལ་བའི་ཆོས་ཉིད་མཚན་མར་བཅོས་ཏེ་དག་བྱ་དག་བྱེད་ལ་དགོངས་ནས་གདུལ་བྱ་རང་རྒྱུད་དུ་གོལ་བ་རྣམས་རྒྱུ་ཐབས་ལ་བརྟེན་ནས་འབྲས་བུ་ཤེས་རབ་ཆེན་པོའི་དབྱིངས་སུ་སྒྲོལ་བའི་ཕྱིར་དེ་ཀའོ༔ ཀྱཻ་རིགས་ཀྱི་བུ་གཞི་རང་བྱུང་གི་ཡེ་ཤེས་ཆེན་པོ་རིགས་ལྔའི་ངོ་བོར་རྫོགས་པ་ཡང་འདི་ལྟ་སྟེ༔ བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཕྱིར་དེ་བཞིན་གཤེགས་པའི་རིགས༔ གཞི་ཉིད་གཞོམ་གཞིག་དང་བྲལ་བའི་ཕྱིར་རྡོ་རྗེའི་རིགས༔ གཞི་སྣང་ལ་ཡོན་ཏན་ཐམས་ཅད་རྫོགས་པའི་ཕྱིར་རིན་པོ་ཆེའི་རིགས༔ གཞི་རྐྱེན་དང་བག་ཆགས་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་པདྨའི་རིགས༔ གཞི་ལ་བྱ་བ་དང་རྩོལ་བ་མེད་པར་ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པའི་ཕྱིར་ལས་ཀྱི་རིགས་སོ༔ དེ་ཡང་ཕྱོགས་ཆད་ཅན་དུ་མ་གྲུབ་པར་གཞི་བདེ་གཤེགས་སྙིང་པོ་མཚན་མ་ཚིག་དང་བྲལ་བའི་སངས་རྒྱས་ཡིན་ཏེ་དོན་དམ་པའོ༔ དེ་མཚན་མར་བཅོས་ནས་རྒྱུ་ལ་བརྟེན་པ་དེ་འབྲས་བུ་འཐོབ་བྱའི་ཕྱིར་འཁོར་བའི་སྒོ་དང་བསྟུན་པ་ཐབས་ཀྱི་ལམ་སྟེ་ཀུན་རྫོབ་བོ༔ ཀྱཻ་རིགས་ཀྱི་བུ་གཞི་བདེ་གཤེགས་སྙིང་པོའི་ངོ་བོ་ཡེ་སྟོང་ཆེན་པོ་ཡུམ་ལྔར་བཅོས་པ་ཡང་འདི་ལྟ་སྟེ༔ གཞི་བདེ་གཤེགས་སྙིང་པོ་འཁོར་འདས་མཁའ་ཀློང་དུ་སྦྲུམ་པའི་མ་ལྟ་བུའི་ཕྱིར་སངས་རྒྱས་མཁའ་འགྲོ༔ གཞི་དབྱིངས་དུས་གསུམ་འཕོ་འགྱུར་དང་བྲལ་བའི་དབྱིངས་ཉིད་རྡོ་རྗེ་མཁའ་འགྲོ༔ གཞི་སྣང་ལ་ལྷུན་གྲུབ་རིན་པོ་ཆེ་ཡོན་ཏན་རང་བྱུང་བའི་དབྱིངས་ཉིད་རིན་ཆེན་མཁའ་འགྲོ༔ གཞི་ཆགས་པ་དང་བྲལ་བའི་དབྱིངས་ཉིད་པདྨ་མཁའ་འགྲོ༔ གཞི་ལ་བྱ་རྩོལ་བྲལ་བ་ཕྲིན་ལས་ཡོངས་སུ་གྲུབ་པའི་དབྱིངས་ཉིད་ལས་ཀྱི་མཁའ་འགྲོའོ༔ དེ་ཡང་གཞི་ལ་ཞིང་དང་རིགས་ལྔ་ཆིག་རྫོགས་སུ་རང་བྱུང་བའི་དབྱིངས་སྟོང་ཆེན་མཐའ་ཡས་པ་ལ་ཡུམ་ཞེས་ཚིག་གིས་བཅོས་པ་ཙམ་ལས་སོ་སོར་ཕྱོགས་མཐར་མ་གྲུབ་པ་དོན་དམ་པའོ༔ ཀྱཻ་རིགས་ཀྱི་བུ་དེ་ལྟ་བུའི་གཞི་ཉིད་ཡེ་ཤེས་ལྔ་ཡི་བདག་ཉིད་དུ་སྨྲ་བ་ཡང་འདི་ལྟ་སྟེ༔ ངོ་བོ་ཡེ་སྟོང་བརྡལ་ཁྱབ་ཀྱི་དབྱིངས་སུ་ཆོས་ཐམས་ཅད་རང་ཆས་སུ་ཡོད་པའི་ཕྱིར་ཆོས་དབྱིངས་ཡེ་ཤེས༔ ཆོས་ཉིད་དེ་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཕྱིར་མེ་ལོང་ཡེ་ཤེས༔ འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་དེ་ཉིད་དུ་དག་མཉམ་ཆེན་པོར་མཉམ་པས་ན་མཉམ་ཉིད་ཡེ་ཤེས༔ མདངས་མཁྱེན་གཟིགས་ཀྱི་ཡེ་ཤེས་ཆེན་པོ་གོ་མ་འགགས་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས༔ དག་པ་དང་གྲོལ་བ་གཉིས་ལྡན་རང་བྱུང་ཡོངས་གྲུབ་ཀྱི་ཆ་ལ་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་དག་ཀྱང་སོ་སོར་ཕྱོགས་ལྷུང་དུ་མ་གྲུབ་པར་ཡེ་གཞི་བདེ་གཤེགས་སྙིང་པོའི་ངང་གནས་ཀྱི་ཡེ་ཤེས་གཏིང་གསལ་ཆེན་པོ་ལ་མིང་གི་ཐ་སྙད་བརྗོད་པ་ཙམ་ལས་སོ་སོར་མ་ཡིན་ཐ་མི་དད་དོ༔ དེ་ལྟ་བུའི་གཞི་དབྱིངས་སྟོང་པའི་ཆ་ལ་མཐིང་ཀ༔ དྲི་མ་མེད་པའི་ཆ་ལ་དཀར་པོ༔ ཡོན་ཏན་ལྷུན་སྟུག་པའི་ཆ་ལ་སེར་པོ༔ སྐྱོན་གྱིས་མ་གོས་པའི་ཆ་ལ་དམར་པོ༔ ལྷུན་གྲུབ་རྫོགས་པའི་ཆ་ལ་ལྗང་གུར་བཏགས་པ་ཙམ་མོ༔ གཞི་དེའི་ངང་དུ་རང་བྱུང་གི་ཤེས་རབ་ཆེན་པོ་འདི་ལྟ་སྟེ༔ གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་མི་གསལ་བ་གསལ་བར་བྱེད་པའི་ཕྱིར་གསལ་བའི་ཤེས་རབ༔ གཞི་བདེ་གཤེགས་སྙིང་པོའི་ངང་ཡོངས་སུ་ཁྱབ་པའི་ཕྱིར་ཁྱབ་བྱེད་ཀྱི་ཤེས་རབ༔ མ་དག་པ་འཁོར་བའི་ཁམས་དག་པ་སངས་རྒྱས་ཀྱི་ས་རུ་སྒྲོལ་བའི་ཕྱིར་སྒྲོལ་བའི་ཤེས་རབ༔ ལས་ཉོན་བག་ཆགས་ཐམས་ཅད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་གཞོམ་པའི་ཕྱིར་གཞོམ་པའི་ཤེས་རབ༔ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས་སུ་སྦྱོར་བའི་ཕྱིར་སྦྱོར་བའི་ཤེས་རབ་ཅེས་བྱའོ༔ དེ་ལྟ་བུའི་ཤེས་རབ་ཆེན་པོའི་ཞལ་མཐོང་བ་ནི་མཁའ་ལ་ཉི་མ་ཤར་བ་ལྟ་བུ་སྟེ༔ རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་སར་མ་འཁོད་ཀྱི་བར་དུ་སྒྲིབ་པ་ཐམས་ཅད་སྐར་ཚོགས་ལྟ་བུར་ཟིལ་གྱིས་གནོན་པར་བྱེད་དོ༔ ཤེས་རབ་ཆེན་པོ་ནི་དུས་མཐའི་མེ་མཆེད་པ་ལྟ་བུ་སྟེ༔ ལས་ཉོན་བག་ཆགས་ཐམས་ཅད་རྩྭ་སྦུར་ཕྲ་མོ་ལྟར་བསྲེག་པར་འགྱུར་རོ༔ ཤེས་རབ་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ༔ དམ་པའི་ཆོས་ཐམས་ཅད་ཆུ་སྣ་སྣ་ཚོགས་འདུ་བ་ལྟར་དེ་རུ་འདུ་བའོ༔ ཤེས་རབ་ཆེན་པོ་ནི་ནམ་མཁའ་ལྟ་བུ་སྟེ༔ དམ་པའི་ཆོས་ཐམས་ཅད་སྣོད་བཅུད་ལྟ་བུར་ཁོང་དུ་ཆུབ་པའོ༔ ཤེས་རབ་ཆེན་པོ་ནི་ཡེ་ཤེས་ཀྱི་མིག་གཅིག་པུ་སྟེ༔ དེ་ཕྱེས་པ་ཙམ་གྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་པར་འགྱུར་རོ༔ ཤིན་ཏུ་ཉམ་ཐག་པའི་བདུད་ཀྱི་ཕུང་པོ་ཅན་ཡང་ཤེས་རབ་ཆེན་པོའི་རང་ཞལ་མཐོང་བས་སྐད་ཅིག་དེ་ཉིད་དུ་ཆོས་སྐུ་ཀུན་ཏུ་བཟང་པོར་འཚང་བྱ་བར་བྱེད་པའོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་དེ་ལྟ་བུ་དག་པ་ཡེ་ཤེས་ཀྱི་མཐོང་ཆེན་པོ་ཁྱབ་བྱེད་ཡེ་ཤེས་ཀྱི་སྒྲོན་མེས་གསལ་བ་ལ་མིང་ཇི་ལྟ་བུ་ལགས་ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་རིགས་ཀྱི་བུ་འདི་ལ་མིང་གི་ཐ་སྙད་བརྒྱད་དུ་སྨྲ་བ་ཡང་འདི་ལྟ་སྟེ༔ དག་པ་ཡེ་ཤེས་ཀྱི་སྒོ་བག་ཆགས་ཀྱིས་བསྒྲིབས་ཏེ་མ་རིག་པར་གབ་ནས་འཁོར་བར་འཁྲུལ་པ་ལས༔ དེ་ཁྱབ་བྱེད་ཤེས་རབ་ཆེན་པོའི་སྤྱན་ཕྱེས་ཏེ་རིག་པས་ན་རིག་པ་ཞེས་བྱའོ༔ རྒྱལ་བ་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པས་ན་གསང་བ༔ ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་དུ་གྱུར་པས་ན་སྔགས༔ རིག་པ་བདེ་གཤེགས་སྙིང་པོ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་ན་རྡོ་རྗེ༔ དག་པ་སངས་རྒྱས་ཀྱི་ཡོན་ཏན་དང་མ་དག་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱིས་བཟང་ངན་གང་དུའང་མ་བསྒྱུར་བར་རང་ཐེག་པས་ན་ཐེག་པ་ཞེས་བྱའོ༔ ཡང་དག་པའི་དོན་ཐམས་ཅད་རྫོགས་པའི་ཕྱིར་ན་དོན༔ ཆོས་ཐམས་ཅད་ཀྱི་དམ་པར་གྱུར་པས་ན་དམ༔ སྐྱོན་དང་དྲི་མ་ཐམས་ཅད་ལས་འདས་པའི་ཕྱིར་བྱང་༔ སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་ཡོན་ཏན་ཐམས་ཅད་ངང་དུ་ཆུབ་པས་ན་ཆུབ༔ འཁོར་འདས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་དུ་རྫོགས་པ་ལ༔ དེ་ཐམས་ཅད་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་ཁྱབ་ཅིང་མཉམ་པར་སྒྲོལ་བ་ནི་མི་སེམས་པའི་སེམས་པ་ཆེན་པོ་སྟེ་སེམས་ཞེས་བྱའོ༔ འཁོར་འདས་ཀྱི་སྤྱི་གཞི་ཆེན་པོ་ཡིན་པས་ན་གཞི༔ གདོད་ནས་སྐྱོན་དང་དྲི་མས་མ་གོས་པས་ཀ་དག༔ ལྷུན་གྲུབ་ཀྱི་སྒོ་རྫོགས་པས་ན་རྫོགས་པ༔ རྫོགས་པ་གཞན་གྱིས་འགྲན་ཟླ་བྲལ་བའི་ཕྱིར་ཆེན་པོའོ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་ལྷུན་གྲུབ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་དང་བྲལ་བས་ན་གཞོན་ནུ༔ ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བར་གཏིང་མདངས་གསལ་བས་ན་བུམ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་སྤུངས་པ་ལྟ་བུར་རྫོགས་པས་སྐུ་ཞེས་བྱའོ༔ བློ་ཡིད་རྟོག་པའི་གྲྭ་ཟུར་ཐམས་ཅད་ལས་འདས་ཤིང་ཕྱོགས་ཀུན་ནས་ཟླུམ་པས་ན་ཐིག་ལེ༔ འཁོར་འདས་ཐམས་ཅད་ངོ་བོ་ཉིད་ལས་མི་གཞན་པའི་ཕྱིར་ཉག་གཅིག་ཅེས་བྱའོ༔ མ་དག་པ་ཁམས་གསུམ་དུ་འཁོར་བས་ན་འཁོར༔ དེ་ལས་འདས་པའི་ཕྱིར་འདས༔ དེ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་དབྱིངས་ཆེན་པོར་འུབ་ཏུ་འདུས་པ་ལ་འུབ༔ ཆོས་ཐམས་ཅད་ཁོང་དུ་ཆུབ་པ་ལ་ཆུབ་ཅེས་བྱའོ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་ཕྱིར་རྡོ་རྗེ༔ ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་ན་སྙིང་པོ་ཞེས་བྱའོ༔ དེ་ལྟར་མིང་གི་རྣམ་གྲངས་བརྒྱད་པོ་དོན་སོ་སོ་མ་ཡིན་པར་ཚིག་ཙམ་ལས་བརྗོད་གཞི་སྤྲོས་པ་ཐམས་ཅད་ལས་འདས་པའོ༔ དེ་ལྟ་བུའི་གཞིའི་ཡོན་ཏན་ཐམས་ཅད་ནང་མདངས་སུ་ནུབ་པ་ནི་ཁྱབ་བརྡལ་ནམ་མཁའ་ལྟ་བུའོ༔ དེའི་མཚོན་དཔེ་ནི་ནམ་མཁའ་དཀར་ནག་གང་དུ་མ་སོང་ཡང་མུན་པ་འཐིབ་པ་ལྟ་བུའོ༔ དེའི་ངང་ཤེས་རབ་ཆེན་པོས་གསལ་བའི་མཚོན་དཔེ་ནི་ཉི་མ་ཤར་བ་ལྟ་བུའོ༔ ཀྱཻ་རིགས་ཀྱི་བུ་ལམ་ཉམས་སུ་ལེན་པ་ལ་རྣམ་པ་གསུམ་སྟེ༔ གསུམ་གང་ཞེ་ན་འདི་ལྟ་སྟེ༔ ཤེས་པ་རྒྱ་ཡན་རྣམ་རྟོག་རང་སར་གྲོལ་བ་ཐུགས་རྗེ་ལམ་བྱེད་ཀྱི་སྤྲུལ་སྐུ༔ ལྷུན་གྲུབ་ཀྱི་གདངས་ལ་ངོ་བོས་ལམ་བྱེད་པ་རང་བཞིན་ལམ་བྱེད་ཀྱི་ལོངས་སྐུ༔ ངོ་བོའི་ངང་དུ་ངང་བཞག་ཆེན་པོར་མ་བཅོས་ཡེ་བབས་སུ་བཞག་པ་ནི་ངོ་བོ་ལམ་བྱེད་ཀློང་ཆེན་གྱི་ཆོས་སྐུ་ཞེས་བྱ་བ་ཡིན་ནོ༔ དེ་གསུམ་གང་ལ་ལམ་བྱས་ཀྱང་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པ་ལས་མཐར་ནི་གསུམ་པའི་བདག་ཉིད་ཅན་དུ་གྲོལ་བ་གནད་དམ་པའོ༔ ཀྱཻ་རིགས་ཀྱི་བུ་དེ་ལྟ་བུའི་གཞི་དབྱིངས་བརྗོད་གཞིའི་ཚིག་དང་བྲལ་བའི་ངང་ཀློང་ཆེན་པོ་མི་གསལ་བ་གསལ་བར་བྱེད་པའི་དབང་པོ་ནི་ཡེ་ཤེས་སོ༔ དང་པོའི་ལུས་ཅན་རྣམས་ཀྱིས་སྣང་བའི་ཁམས་སུ་འགྱུ་རྟོག་གི་རྣམ་པར་ཤེས་པ་སྐྱེ་འགགས་ཅན་མ་ཡིན་པའི་ཤེས་པ་རྒྱ་ཆེ་བ་ཤིན་ཏུ་ཡངས་པ་བརྗོད་མི་ཤེས་པ་ཉིད་ངོས་བཟུང་ནས་དེ་ལ་ལམ་བྱས་ངང་དུ་བཞག་ན་ཤེས་རབ་ཆེན་པོའི་གདངས་ཡིན་ཏེ་མ་རིག་པའི་དྲི་མ་ཐམས་ཅད་ངང་གིས་སངས་ནས་མདངས་ཀྱི་ཤེས་རབ་ཆེན་པོ་མངོན་དུ་གྱུར་ཏེ་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་བརྡོལ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་རིག་པ་རྒྱུ་འབྲས་ལས་འདས་པ་མཐའ་གྲོལ་རྫོགས་པ་ཆེན་པོའི་ཡོན་ཏན་ཡོངས་སུ་རྫོགས་པ་འཐོབ་པར་གདོན་མི་ཟའོ༔ མཐའ་གྲོལ་རིག་པའི་རྒྱལ་པོ་འདི་ནི་ཤིན་ཏུ་ཟབ་ཅིང་ཆོད་ཆེ་བ་ལམ་མྱུར་ཞིང་བླ་ན་མེད་པ༔ དབང་པོ་རྣོན་པོའི་སྐལ་བ་དང་དཔལ་དུ་ཤར་བ་ཡིན་པས་ཤིན་ཏུ་ཕྲ་བ་བལྟ་དཀའ་བ་སྟེ༔ འབྲས་བུ་བླ་ན་མེད་པའི་ཐེག་མཆོག་ཟབ་མོའི་བསྟན་པ་ཉམས་དམའ་བའི་ཚེ་རྒྱུ་འབྲས་ངེས་དོན་དུ་སེམས་པའི་གང་ཟག་དང་༔ གོ་བ་རྟོགས་པ་རུ་རློམས་པའི་དམུས་ལོང་རྣམས་ཀྱི་དོན་དུ་གཞི་གཏན་ལ་དབབ་ཅིང་གཟུང་འཛིན་རྩ་གདར་གཅོད་པ་བདེན་གཉིས་ཤན་འབྱེད་ཀྱི་ལྡེའུ་མིག་སེམས་རིག་དབྱེ་བའི་མན་ངག་སྙིང་གི་ཡང་ཐིག་འདི་ངས་བསྟན་པ་ཡིན༔ བསྟན་པ་འདི་ལས་དཔག་ཚད་བྱེ་བར་འགྱངས་པའི་བདུད་འབངས་སྨོན་ལམ་ལོག་པ་དག་གིས་གཤེ་ཞིང་སྒྲོ་འདོགས་གད་མོའི་གནས་སུ་མངོན་པ་རྣམས་ང་དང་ལས་འཕྲོ་མེད་པས་རྒྱང་རིང་པོར་སོང་བ་ཡིན༔ དེ་ལྟར་མ་ཡིན་པ་སྙིང་ཐིག་གི་གདུལ་བྱར་གྱུར་པའི་སྐལ་བཟང་རྣམས་ཀྱིས་གནད་འདིར་ལྟོས་ལ་ཉམས་སུ་ལོངས་ཤིག༔ ཀྱཻ་རིགས་ཀྱི་བུ་གཞི་ཡོན་ཏན་ཡེ་རྫོགས་ཆེན་པོ་སེམས་ཅན་ཐམས་ཅད་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བར་ཡོད་ཀྱང་ཆུ་རང་གྲོལ་དུ་ཡོད་པ་འཁྱག་པས་བསྡམས་པ་ལྟར་ཁམས་གསུམ་གྱི་འཁོར་བར་ཞེན་ཅིང་འཁྲུལ་ཏེ་ཕན་གནོད་གང་དུའང་མ་སོང་བ་ཡིན་པས༔ རིག་པ་གཞི་ལས་འཕགས་ཚུལ་ནི་འདི་ལྟ་སྟེ༔ གཞི་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་ཡོད་ཀྱང་ངོ་མ་ཤེས་པས་ས་དང་རྡོ་རུ་ནོར་ནས་བཀུར་སྟི་མ་བྱས་པའི་རྒྱུས་དངོས་གྲུབ་མི་འབྱུང་བ་ལྟ་བུ་སྟེ༔ རིག་པ་ནི་ཡིད་བཞིན་གྱི་ནོར་བུ་ངོ་ཤེས་ཏེ་བཀུར་སྟི་བྱས་པས་དགོས་འདོད་ཐམས་ཅད་འབྱུང་བ་ལྟ་བུའོ༔ གཞི་ནི་ནམ་མཁའ་ཁ་དོག་ལས་འདས་པ་སྨག་གིས་བསྒྲིབས་པ་ལྟ་བུ་སྟེ༔ རིག་པ་ནི་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུའོ༔ གཞི་ནི་རྒྱལ་པོ་ཆེན་པོའི་དཀོར་མཛོད་འདོད་ཡོན་རང་བྱུང་བ་ལ་བདག་པོ་མེད་པ་ལྟ་བུ་སྟེ༔ རིག་པ་ནི་བདག་པོས་ལོངས་སྤྱོད་པ་ལྟ་བུའོ༔ གཞི་ནི་འཚོ་བྱེད་ཀྱི་སྨན་མལ་འོག་ཏུ་ཡོད་པ་མ་མངོན་པར་ན་ཚའི་སྡུག་བསྔལ་གྱིས་གདུང་བ་ལྟ་བུ་སྟེ༔ རིག་པ་ནི་སྨན་དུ་ངོ་ཤེས་ཏེ་སྤྱད་པས་ནད་ཀྱིས་གདུང་བ་སེལ་ནས་བདེ་བར་འཚོ་བ་ལྟ་བུའོ༔ ཀྱཻ་རིགས་ཀྱི་བུ་ང་ནི་གདོད་མ་ནས་ཁྱེད་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བར་ཡོད་ཀྱང་ཁྱེད་ཅག་གིས་ངའི་ཞལ་མཐོང་བ་ནི་ད་ལྟ་སྐད་ཅིག་མ་དེ་ཀ་ཡིན༔ ད་ནི་དབྱེ་བ་མེད་པའི་ངང་ལས་མི་འདའ་བར་གྱིས་ཤིག༔ གལ་ཏེ་ང་དང་འབྲལ་བར་གྱུར་ན་སྔར་བཞིན་བསྐལ་པ་དཔག་ཏུ་མེད་པར་ང་དང་འཕྲད་པར་མི་འགྱུར་རོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས༔ བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་ལགས་སོ༔ ང་ནི་མ་རིག་པས་བསྒྲིབས་ནས་མཐོང་བྱེད་ཀྱི་མིག་ཟུམ་སྟེ་བསྐལ་པ་ད་ལ་ཐུག་གི་བར་དུ་མ་རིག་པའི་མུན་པ་ཆེན་པོའི་མལ་དུ་དུབ་ཅིང་འཕྲལ་བྱུང་གི་བག་ཆགས་ཚོགས་པའི་སྒོང་རྒྱར་བསྟུམ་ནས་ཁྱོད་ཀྱི་ཞལ་རས་མ་མངོན་པར་གཟུང་འཛིན་གྱི་འཕྱང་བསྡུས་པ་སྟེ༔ ད་ལྟ་མལ་ནས་སད་དེ་ཡེ་ཤེས་ཀྱི་ཟེར་མདངས་རྒྱ་བསྐྱེད་པའི་སྟོབས་ཀྱིས་བག་ཆགས་ཀྱི་སྒོང་རྒྱ་ཁྲོལ་ནས་བལྟས་པས་སྟོན་པའི་ཞལ་མཐོང་བ་ཡིན༔ ད་ནི་མཐོང་བྱེད་ཤེས་རབ་ཀྱི་མིག་གིས་བལྟས་པས་གད་མོ་བྲོ་བ་འདི་ལྟ་སྟེ༔ གཞི་དབྱིངས་སྤྲོས་པ་དང་བྲལ་བ་འདི་འགྲོ་འོང་ཅན་དུ་སེམས་པ་དེ་ཧ་ཧ༔ གཞི་འདི་ཡུལ་མེད་དུ་འདུག་པས་རྒྱུ་འབྲས་ཕན་གནོད་ལ་སེམས་པ་དེ་ཧ་ཧ༔ ཡེ་གཞི་སངས་རྒྱས་སུ་འདུག་པས་བསྒྲུབ་བྱ་གཞན་དུ་འཚོལ་བ་དེ་ཧ་ཧ༔ གདོད་ནས་འཕོ་འགྱུར་དང་བྲལ་ཡང་འཁོར་བར་ཁོར་ཡུག་ཏུ་འཁོར་བ་དེ་ཧ་ཧ༔ འཁོར་འདས་རང་སྣང་ལས་མེད་ཀྱང་གཟུང་འཛིན་སྒྱུ་འཕྲུལ་དུ་སྣང་བ་དེ་ཧ་ཧ༔ ཡུལ་མེད་ཟང་ཐལ་ཆེན་པོ་རུ་མཐོང་ཚེ་ཡུལ་གྱི་སངས་རྒྱས་གཡང་ས་རུ་ལྷུང་བ་དེ་ཧ་ཧ༔ གཟུང་དང་འཛིན་པ་བདག་མེད་དུ་མཐོང་ཚེ་འཁོར་བའི་འཁོར་ལོ་རླུང་གིས་ཁྱེར་བ་དེ་ཧ་ཧ༔ གཞི་དབྱིངས་རང་ལ་རང་གདིང་ཆེན་པོ་ཐོབ་ཚེ་དགེ་སྡིག་བསགས་པའི་བང་མཛོད་བདག་མེད་དུ་ལུས་པ་དེ་ཧ་ཧ༔ ཐེག་པའི་རྒྱལ་པོའི་ཡང་རྩེ་རུ་སླེབ་ཚེ་ཐེག་ཀུན་ཉམས་དམའ་ཨ་ཐང་ཆད་པ་དེ་ཧ་ཧ༔ འབད་མེད་རང་བྱུང་གི་འདོད་ཡོན་མ་མཐོང་རྒྱབ་ཏུ་བཞག་ནས་བསྐལ་པར་བཀྲེས་སྐོམ་ཆེན་པོའི་སྡུག་བསྔལ་གྱིས་གདུང་བ་དེ་ཧ་ཧ༔ རང་དབང་ཕུན་སུམ་ཚོགས་པའི་རྒྱལ་ས་ལས་བབས་ཏེ་མི་བཟོད་སྡུག་བསྔལ་ཆེན་པོའི་ཁུར་ཆེན་ཕྲག་ལ་བཀལ་བ་དེ་ཧ་ཧ༔ ཚེ་རབས་ཐོག་མ་མེད་པའི་བག་ཆགས་འཐུག་པོ་དེ་དག་སྐད་ཅིག་ཡུལ་མེད་དུ་ཡལ་བ་འདི་ཧ་ཧ༔ བསྐལ་པ་མང་པོར་གཟུང་འཛིན་འཐས་པའི་འཕྱང་བ་དེ་དག་མ་སྒོམ་སྐད་ཅིག་ཉིད་དུ་ཞིག་པ་དེ་ཧ་ཧ༔ འབད་དང་རྩོལ་བ་སྐད་ཅིག་ཙམ་མེད་པར་ཆོས་སྐུའི་གཏན་སྲིད་ཆེན་པོ་ཐོབ་པ་དེ་ཧ་ཧ༔ འདི་ལྟར་སྣང་བའི་སྣོད་བཅུད་རྒྱ་ཆེ་ལ་གྲངས་མང་བ་དེ་དག་ཐམས་ཅད་ཀྱིས་དགེ་བ་ཏིལ་འབྲུ་ཙམ་མ་བྱས་པར་ང་དང་སངས་མཉམ་དུ་རྒྱས་པ་དེ་ཧ་ཧ༔ ཞེས་ཞུས་སོ༔ ཡང་རིག་པའི་རྡོ་རྗེས༔ བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་འཁྲུལ་པའི་ཚུལ་ཇི་ལྟ་བུ་ལགས༔ ཁྱབ་བདག་མི་གཡོ་བའི་རྒྱལ་པོས་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ རིགས་ཀྱི་བུ་སེམས་ཅན་འཁྲུལ་པའི་ཚུལ་ནི་འདི་ལྟ་སྟེ༔ དཔེར་ན་ཤེས་རབ་ཆེན་པོ་ནི་ཆོས་སྐུའི་ཞལ་རས་མངོན་པའི་མིག་ལྟ་བུ་སྟེ༔ དེ་མ་རིག་པས་བསྒྲིབ་པ་ནི་རྐྱེན་གྱི་དབང་གིས་དཔེར་ན་མིག་ཟུམ་སྟེ་སྣང་བའི་ཡུལ་མ་མངོན་པ་ལྟ་བུ་སྟེ༔ དེ་ནི་གློ་བུར་བ་ལས་གཞི་དང་ཤེས་རབ་ཀྱི་གཤིས་གྲུབ་ཀྱང་མ་ཡིན༔ དེ་ཉིད་འཐས་པ་རྒྱུའི་མ་རིག་པའོ༔ རྒྱུ་དེ་ལ་འཕྲལ་བྱུང་གི་བག་ཆགས་སྣ་ཚོགས་འདུས་པ་ནི་སྣ་ཚོགས་འདུས་པའི་མ་རིག་པའོ༔ དེ་དག་དུས་འཛོམ་པ་ཙམ་གྱིས་འཁོར་བ་ཡོངས་སུ་གྲུབ་པ་ནི་དེ་མ་ཐག་པའི་མ་རིག་པའོ༔ གཞི་མ་རིག་པས་བསྒྲིབས་པ་ཉིད་འཁོར་བའི་ཆོས་ཐམས་ཅད་ཀྱི་གཞིར་གྲུབ་པའི་ཀུན་གཞི་ཞེས་བྱའོ༔ གཞི་མ་རིག་པ་ལ་སྒྲིབ་པ་ལས་ཀྱི་ཀུན་གཞི༔ བག་ཆགས་ཚོགས་པ་ལ་བག་ཆགས་སྣ་ཚོགས་ཀྱི་ཀུན་གཞི༔ གཟུང་འཛིན་གཉིས་སུ་འཐས་པ་ལ་ཚོགས་པ་སྡུད་པའི་ཀུན་གཞི་ཞེས་བྱའོ༔ དེ་ཡང་དང་པོ་རྒྱུ་ཙམ་དུ་གྲུབ༔ བར་དུ་འཐས་ཤིང་བརྟན༔ ཐ་མ་གཞིའི་མཚན་ཉིད་ཐམས་ཅད་གཏིང་མདངས་སུ་ནུབ་པས་ཤེལ་འོད་ནང་དུ་ནུབ་པ་ལྟ་བུའོ༔ མདངས་ལས་གདངས་འཕོས་ཏེ་འཁོར་བའི་མཚན་ཉིད་རྫོགས་པ་ནི་དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་ཀྱང་ཉི་འོད་ཀྱི་གསལ་ཆ་ལྟ་བུ་སྟེ༔ དེ་ལ་ཀུན་གཞི་མཚན་ཉིད་པ་དང་༔ འཕྲལ་གསལ་དང་༔ ཚོགས་པ་སྡུད་པ་གསུམ་ཡོད་པ་ལས༔ མཚན་ཉིད་པ་ནི་དྲན་མེད་སྟོང་ཧད་དེ་བ་མཁའ་ལ་སྲོད་མུན་འཁྲིགས་པ་ལྟ་བུའོ༔ འཕྲལ་དུ་གསལ་བ་ནི་རྣམ་པར་རྟོག་པ་འཆར་དུ་རུང་བ་མེ་ལོང་གི་བྱད་ཕྱིས་པ་ལྟ་བུ་དང་སྟོང་པ་ལ་གསལ་ཆ་ཐོན་པ་ནམ་ལངས་ཁའི་སྐྱ་རེངས་དང་པོ་ལྟ་བུའོ༔ དེ་ལས་ཤིན་ཏུ་ཕྲ་བའི་ངར་འཛིན་གྱི་ཤེས་པ་གཅིག་པུ་ལང་ངོ་༔ དེ་ཅུང་ཟད་འཐས་ཤིང་བརྟན་པས་བདག་གྲུབ་པའོ༔ བདག་ལས་ཕ་ཀི་བ་སྣང་བ་ནི་འདི་ལྟ་སྟེ༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན༔ ནང་གཡོ་བ་བཅུད་ཀྱི་སེམས་ཅན༔ བར་འདོད་ཡོན་ལྔའི་ཡུལ་སྣང་རྣམས་གྲུབ་པའོ༔ དེ་ནི་ཉོན་ཡིད་དེ་དེ་ཅུང་ཟད་འཐས་པས་ཤེས་པ་རྒྱ་ཆེ་བ་གཅིག་ལངས་ཏེ་ཡུལ་ལ་ཞུགས་པ་ནི་དེའི་རྣམ་པར་ཤེས་པའོ༔ བདག་ལ་ཁྱིམ་ལྟ་བུར་གཞི་བྱས་ཤེས་པ་ལས་འགྱུ་བྱེད་ཀྱི་རྣམ་པར་ཤེས་པ་དྲུག་ལངས་ཏེ་དབང་པོའི་སྒོར་ལྔར་ཞུགས་ནས་རགས་པ་ལས་གཟུང་བ་ཡུལ་མཆེད་དེ་ཕྲ་བའི་འཛིན་པ་ཞུགས་ནས་འཁོར་བར་འདུ་བྱེད་པའི་ཚུལ་ནི་འདི་ལྟ་སྟེ༔ མིག་གི་དབང་པོ་ལ་གཟུགས་འཆར་ཞིང་རྣམ་པར་ཤེས་པས་གཟུགས་ཧྲིལ་པོར་འཛིན་པ་ལ་གཟུང་བ་ཡུལ་ཞེས་བྱའོ༔ ཡིད་ཤེས་ཕྲ་བའི་འཛིན་པ་ཞུགས་ཏེ་ཉེ་བར་ལེན་པ་ལ་འཛིན་པ་སེམས་ཞེས་བྱའོ༔ རྣ་བའི་དབང་པོ་ལ་སྒྲ་འཆར་ཞིང་རྣམ་པར་ཤེས་པས་སྒྲ་ཧྲིལ་པོར་འཛིན་པ་ལ་གཟུང་བ་ཡུལ་ཞེས་བྱའོ༔ ཡིད་ཤེས་ཕྲ་བས་དཔྱོད་པ་ཞུགས་ཏེ་ཉེ་བར་ལེན་པ་ནི་འཛིན་པའོ༔ སྣའི་དབང་པོ་ལ་དྲི་འཆར་ཞིང་སྣའི་རྣམ་ཤེས་ཀྱིས་དྲི་ཧྲིལ་པོར་འཛིན་པ་ལ་གཟུང་བ་ཡུལ་ཞེས་བྱའོ༔ ཡིད་ཤེས་ཕྲ་མོས་བྱེ་བྲག་སོ་སོར་དབྱེ་བ་འཛིན་པའོ༔ ལྕེའི་དབང་པོ་ལ་རོ་འཆར་ཞིང་རྣམ་པར་ཤེས་པས་རོ་ཧྲིལ་པོར་འཛིན་པ་ལ་གཟུང་བ་ཡུལ་ཞེས་བྱའོ༔ ཡིད་ཤེས་ཕྲ་མོས་དཔྱོད་པ་ཞུགས་ནས་ཉེ་བར་ལེན་པ་ནི་འཛིན་པའོ༔ ལུས་ཀྱི་དབང་པོ་ལ་ཡང་དེ་བཞིན་དུ་རེག་བྱ་འཆར་ཞིང་ལུས་ཀྱི་རྣམ་པར་ཤེས་པས་རེག་བྱ་ཧྲིལ་པོར་འཛིན་པ་ལ་གཟུང་བ་ཡུལ་ཞེས་བྱའོ༔ ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པ་ཕྲ་བར་ལངས་ཏེ་མིང་གདགས་དོན་དབྱེ་དངོས་པོར་འཐས་པ་ནི་འཛིན་པ་སེམས་སོ༔ རགས་པའི་གཟུང་འཛིན་གྱི་དབྱེ་བ་འདི་ལྟ་སྟེ༔ ཉོན་ཡིད་ཀྱི་ངར་འཛིན་ལས་མཆེད་པ་ང་ཡི་བ་དང་བཅས་པ་ལ་གཟུང་བ་ཡུལ་དང་རྣམ་པར་རྟོག་པ་སྔ་མར་བརྗོད༔ རྣམ་པར་ཤེས་པ་དྲུག་ལ་འཛིན་པ་སེམས་དང་རྣམ་པར་རྟོག་པ་ཕྱི་མར་བརྗོད་པ་ཡིན༔ ཕྲ་བ་ནི་རྣམ་པར་ཤེས་པ་ལ་གཟུང་བ་དང་༔ ཡིད་ཤེས་ཕྲ་བ་ལ་འཛིན་པ་སེམས་སུ་ངོ་སྤྲད་པ་ནི་ཐེག་པ་འདིའི་རིང་ལུགས་སོ༔ རགས་པ་ཡུལ་དང་ཡུལ་རིལ་པོར་འཛིན་པའི་རྣམ་པར་རྟོག་པ་སྔ་མ་ཡིན༔ ཕྲ་བ་ནི་ཡུལ་གྱི་རང་བཞིན་ལ་དཔྱོད་ཅིང་སོ་སོར་དབྱེ་བ་ལ་བྱ་སྟེ་རྣམ་པར་རྟོག་པ་ཕྱི་མ་ཡིན༔ དེ་ལྟར་ལུགས་སུ་འབྱུང་བས་འཁྲུལ་པའི་སྣང་སེམས་བསྐྱེད༔ དེ་ལུགས་སུ་ལྡོག་ནས་རགས་པའི་སྣང་བ་གནས་གྱུར་དུ་བྱེད་པའི་ཚེ་འཚོགས་པ་སྡུད་པའི་ཀུན་གཞིར་བཏགས་པ་ཡིན༔ དེ་ལྟར་ཤར་བ་ཡང་འདི་ལྟ་སྟེ༔ བདག་སྣང་ཡིད་ཀྱིས་བཟུང་༔ དབང་པོ་ཉོན་ཡིད་ཀྱིས་བྱས༔ རྣམ་ཤེས་ཡིད་ཀྱིས་བྱས༔ ཉེར་ལེན་ཡིད་ཤེས་ཀྱིས་བྱས་ནས་བདེ་སྡུག་བར་གསུམ་ཐམས་ཅད་ཉེ་བར་ལེན་ཅིང་འཁྲུལ་པ་ཡིན༔ ཀྱཻ་རིགས་ཀྱི་བུ་ཀུན་གཞི་གཟུགས་མེད་པ༔ རྣམ་པར་ཤེས་པ་གཟུགས་ཀྱི་ཁམས༔ ཡིད་ཤེས་ཕྲ་མོ་འདོད་པའི་ཁམས་སུ་རང་བྱུང་བ་ཡིན༔ མ་དག་པ་འཁོར་བའི་རླུང་ལྔ་ཡང་འདི་ལྟ་སྟེ༔ སྒྲིབ་པའི་རླུང་གིས་ཤེས་རབ་ཀྱི་མིག་བསྒྲིབས༔ སྡུད་པའི་རླུང་གིས་བག་ཆགས་ཀྱི་དྲི་མ་སྡུད༔ འབྱེད་པའི་རླུང་གིས་སེམས་དང་སྣང་བ་འབྱེད༔ གཡོ་བའི་རླུང་གིས་མ་ངེས་པའི་སྣང་བ་སྣ་ཚོགས་ཅིར་ཡང་སྣང་༔ བསྒྱུར་བའི་རླུང་གིས་གནས་འགྱུར་དུ་བྱེད་པའོ༔ ཡེ་ཤེས་ཀྱི་མདངས་བསྒྲིབ་པའི་སྒྲིབ་པ་ལྔ་ཡོད་དེ༔ དེ་ཡང་འདི་ལྟ་སྟེ༔ ཀུན་གཞི་མ་རིག་པས་ཆོས་ཀྱི་སྐུ་ལ་བསྒྲིབ༔ ཉོན་ཡིད་ཀྱི་སྒྲིབ་པས་ལྷུན་གྲུབ་ཀྱི་མདངས་ལ་བསྒྲིབ༔ ཡིད་ཀྱི་སྒྲིབ་པས་ཤེས་རབ་ལ་བསྒྲིབ༔ རྣམ་ཤེས་ཀྱི་སྒྲིབ་པས་ཡེ་ཤེས་ལ་བསྒྲིབ༔ གཉིས་འཛིན་གྱི་སྒྲིབ་པས་ཡང་དག་པའི་ལམ་ལ་བསྒྲིབ་པའོ༔ སྒྲིབ་པ་དེ་དག་གིས་བསྒྲིབ་པའི་རྐྱེན་གྱིས་ཡེ་ཤེས་བསྒྲིབ་པའི་གདངས་ལྔ་ནི་འདི་ལྟ་སྟེ༔ ཆོས་ཀྱི་དབྱིངས་ཀྱི་གདངས་མཐིང་ཀ༔ མེ་ལོང་ཡེ་ཤེས་ཀྱི་གདངས་དཀར་པོ༔ མཉམ་ཉིད་ཡེ་ཤེས་ཀྱི་གདངས་སེར་པོ༔ སོར་རྟོག་ཡེ་ཤེས་ཀྱི་གདངས་དམར་པོ༔ བྱ་གྲུབ་ཡེ་ཤེས་ཀྱི་གདངས་ལྗང་ཁུའི་ཁ་དོག་རྣམས་སུ་སྣང་བའོ༔ དང་པོའི་རྩལ་གཏི་མུག༔ གཉིས་པའི་རྩལ་ཞེ་སྡང་༔ གསུམ་པའི་རྩལ་ང་རྒྱལ༔ བཞི་པའི་རྩལ་འདོད་ཆགས༔ ལྔ་པའི་རྩལ་ཕྲག་དོག་ཏུ་ཤར་བའོ༔ གཟུགས་ཀྱི་ཕུང་པོས་སངས་རྒྱས་ཀྱི་རིགས་ལ་བསྒྲིབ༔ གདངས་བེམ་སྟོང་ནམ་མཁར་སྣང་༔ རྣམ་པར་ཤེས་པའི་ཕུང་པོས་རྡོ་རྗེའི་རིགས་ལ་བསྒྲིབ༔ གདངས་ཆུ་རུ་སྣང་༔ ཚོར་བའི་ཕུང་པོས་རིན་པོ་ཆེའི་རིགས་ལ་བསྒྲིབ༔ གདངས་ས་རུ་སྣང་༔ འདུ་ཤེས་ཀྱི་ཕུང་པོས་པདྨའི་རིགས་ལ་བསྒྲིབ༔ གདངས་མེ་རུ་སྣང་༔ འདུ་བྱེད་ཀྱི་ཕུང་པོས་ལས་ཀྱི་རིགས་ལ་བསྒྲིབ༔ གདངས་རླུང་དུ་སྣང་བའོ༔ དེ་ལྟ་བུའི་གདངས་སྣང་བ་དེ་ལ་སེམས་མེད༔ ཡོད་པར་སེམས་ན་གནས་སུ་འགྱུར་བའི་ཚེ་སྣང་བའི་སེམས་དེ་ཤི་ནས་ཅང་མེད་དུ་སོང་བ་ཡིན་ནམ༔ ཡང་གློ་བུར་གྱི་སྣང་བ་མ་ངེས་པར་ཤར་བ་དེ་ལ་ཡང་སེམས་མེད་དོ༔ གལ་ཏེ་ཡོད་པར་སེམས་ན་སྐྱེ་འཆི་འགགས་པའི་མཐའ་ཅན་དུ་འཁྲུལ་པ་ཡིན༔ སེམས་ལ་སྣང་བ་དེ་ཡང་སེམས་དངོས་ནི་མ་ཡིན༔ གལ་ཏེ་ཡིན་པར་སེམས་ན་སེམས་ཀྱི་རྗེས་སུ་སྣང་བ་རྟག་ཏུ་མི་འབྲང་བ་དེ་ཆོས་ཅན༔ དོན་དམ་པར་སེམས་ལ་སྣང་བ་ཙམ་དུ་ལ་བཟླ་བར་བྱ༔ དེ་ལྟར་ཀུན་གཞིའི་ངང་དུ་སྣང་སེམས་ཐམས་ཅད་དུས་འཛོམ་པ་ལ་ཚོགས་པ་སྡུད་པའི་ཀུན་གཞི་ཞེས་བྱ་བ་ཡིན༔ ཀྱཻ་རིགས་ཀྱི་བུ་ཚེ་རབས་ཐོག་མཐའ་མེད་པ་ནས་ཁམས་གསུམ་འཁོར་བའི་གནས་སུ་འཁྲུལ་པ་དེ་ཡང་གནས་འདི་ལས་གཞན་དུ་བགྲོད་པ་ཏིལ་མིག་ཙམ་ཡང་མེད༔ དུས་འཕོས་ཤིང་འགྱུར་བ་སྐད་ཅིག་ཙམ་ཡང་མེད༔ རིགས་ཀྱི་བུ་དེས་ན་ཁྱོད་ལ་སྐྱེ་བ་མེད༔ འགགས་དང་འཕོ་འགྱུར་ཡང་མེད༔ ངང་ལ་རང་སར་ཞོག་དང་འཇོག་ཏུ་མེད་པའི་དབྱིངས་སུ་འཚང་རྒྱ་བར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་ལ་སོགས་འཁོར་འདུས་པ་ཐམས་ཅད་ཀྱིས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་སྨོན་ལམ་འདི་ཚིགས་སུ་བཅད་ནས་སྨྲས་སོ༔ ཀྱཻ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ གཉིས་སུ་མེད་པའི་དབྱིངས་ཆེན་པོ༔ ཆོས་ཅན་ཆོས་ཉིད་ཆེན་པོ་རུ༔ མ་བཅོས་ཡེ་གྲོལ་རིག་པའི་མཁའ༔ ཀུན་ཏུ་བཟང་པོ་སྔར་སངས་རྒྱས༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ དེང་ནས་མི་འབྲལ་དམ་བཅའ་འོ༔ མཉམ་ཉིད་དགོངས་པས་དབྱིངས་སུ་སྒྲོལ༔ ཧོཿབདེ་གཤེགས་སྙིང་པོར་སངས་རྒྱས་ཀྱི༔ དགོངས་པ་ཀློང་ཆེན་ཡངས་པའི་མཁར༔ ཤེས་རབ་ཡེ་ཤེས་འཕྱོ་བའི་མཐུ༔ སྨོན་ལམ་དག་པའི་དཔང་པོར་རོལ༔ གདོད་མའི་གཞི་དབྱིངས་ཆོས་ཀྱི་སྐུ༔ སངས་རྒྱས་ཀུན་ལས་སྔར་སངས་རྒྱས༔ ཡོན་ཏན་བཟང་པོས་བཅོས་སུ་མེད༔ སྐྱོན་དང་དྲི་མས་བསྒྱུར་དུ་མེད༔ སྤྲོས་མཐའ་བྲལ་བའི་དབྱིངས་ཆེན་པོ༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ བརྡལ་ཁྱབ་ཕྱོགས་མཐའ་ཀུན་ལས་སྟོང་༔ མཚན་མ་ཚིག་དང་བྲལ་བའི་ཀློང་༔ བྲལ་ཐོབ་མེད་པའི་གདིང་ཆེན་པོ༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ འཁོར་འདས་དག་མཉམ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ རང་གྲོལ་རྫོགས་པ་སྤྲུལ་པའི་སྐུ༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ སངས་རྒྱས་མེད་ལ་སེམས་ཅན་མེད༔ རྒྱུ་མེད་རྐྱེན་མེད་འབྲས་བུ་མེད༔ ལམ་མེད་འཐོབ་པའི་ཡེ་ཤེས་མེད༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ ཡེ་ནས་སྐྱོན་དང་དྲི་མ་སངས༔ གཏིང་གསལ་མཁྱེན་གཟིགས་ཡེ་ཤེས་རྒྱས༔ དུས་གསུམ་ཐོག་མཐའ་བྲལ་བའི་དབྱིངས༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ དེ་ལྟར་མ་བཙལ་རྫོགས་ལྡན་གྱི༔ ཆོས་སྐུའི་ཞལ་རས་བསྒྲིབ་པའི་བག༔ ཡུལ་མེད་ཆེན་པོར་གནས་དག་ནས༔ ཡང་དག་ལམ་དུ་ཚུད་པར་ཤོག༔ མ་སྐྱེས་མ་བྱུང་ཤེས་རབ་ཆེ༔ མ་རིག་སྒྲིབ་གཡོགས་དང་བྲལ་ནས༔ དེ་བཞིན་ཉིད་ཀྱི་གནས་ལུགས་ཆེ༔ ཇི་ལྟ་བ་བཞིན་རྟོགས་པར་ཤོག༔ ཤེས་རབ་ཆེན་པོའི་མཐུ་བྱིན་གྱིས༔ གོལ་ཤོར་ནོར་སའི་གེགས་བསྒྲལ་ནས༔ འབད་རྩོལ་མེད་པ་གདོད་མའི་ངང་༔ ཡང་དག་ལམ་དུ་ཚུད་པར་ཤོག༔ བཅོས་བསྒྱུར་སྦྱངས་བགྲོད་མེད་པ་ཡིས༔ ལམ་གྱི་ལམ་མཆོག་ཡང་དག་ལམ༔ ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱིས༔ ཇི་ལྟ་བ་བཞིན་མཐོང་ནས་ཀྱང་༔ གདོད་མའི་དབྱིངས་སུ་བརྒལ་བར་ཤོག༔ བལྟས་པས་ཡང་དག་དོན་མི་མཐོང་༔ མ་བལྟས་བཞག་པས་རང་ཞལ་མཇལ༔ མི་བལྟ་ལྟ་བ་ཟབ་མོའི་གནད༔ ཡང་དག་ལམ་དུ་ཚུད་པར་ཤོག༔ བསྒོམ་པས་ཆོས་ཀྱི་སྐུ་མི་འགྲུབ༔ མ་བསྒོམ་བཞག་པས་ཆོས་སྐུར་གྲོལ༔ མི་བསྒོམ་སྒོམ་པ་ཟབ་མོའི་གནད༔ ཡང་དག་ལམ་དུ་ཚུད་པར་ཤོག༔ སྤྱོད་པས་བྱ་བྲལ་ལས་མི་འགྲུབ༔ མ་སྤྱོད་རང་བབ་དོན་ཆེན་འགྲུབ༔ མི་སྤྱོད་སྤྱོད་པ་ཆེན་པོའི་གནད༔ ཡང་དག་ལམ་དུ་ཚུད་པར་ཤོག༔ ཤེས་རབ་ཡེ་ཤེས་ཆེན་པོའི་སྤྱན༔ བག་རྡུལ་རབ་རིབ་དང་བྲལ་ནས༔ ཆོས་ཉིད་མངོན་སུམ་མཐོང་ནས་ཀྱང་༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཤོག༔ ཆོས་ཀུན་སྒྱུ་མའི་དཔེ་བཅུ་ལྟར༔ དེར་འཛིན་མེད་པར་དག་སྣང་གི༔ ཉམས་ཀྱི་སྣང་བ་གོང་འཕེལ་ནས༔ ཚེ་དབང་རིག་འཛིན་ཉེར་ཐོབ་ཤོག༔ རྒྱུ་དང་རྐྱེན་ལ་མི་ལྟོས་པར༔ རང་གྲོལ་རང་དབང་མངོན་ཐོབ་པས༔ གཞིར་གནས་རིག་པ་ཚད་ཕེབས་ནས༔ ཕྱག་རྒྱའི་རིག་འཛིན་ཉེར་ཐོབ་ཤོག༔ ཆོས་ཅན་སྣང་བའི་གཟུང་འཛིན་ཆོས༔ ཆོས་ཉིད་བློ་འདས་ཆེན་པོ་རུ༔ ཟད་ནས་གདིང་ཐོབ་བཙན་ས་ཟིན༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཤོག༔ ཁམས་གསུམ་འཁོར་བའི་སེམས་སྣང་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ གདོད་མའི་ནང་དབྱིངས་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ ཅེས་སོ༔ ཡང་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་དགོངས་སུ་གསོལ༔ ད་ཟབ་གསང་བླ་ན་མེད་པའི་ཐེག་པ་འདི་ཉམས་སུ་ལེན་པ་རྣམས་ལ་ནོར་སའི་འཕྲང་མཆིས་སམ་མ་མཆིས༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ རིགས་ཀྱི་བུ་ཤེས་རབ་དང་བརྩོན་འགྲུས་དུས་འཛོམ་པའི་སྐྱེས་བུ་མ་གཏོགས་པར་སོ་སོའི་སྐྱེ་བོ་དམུས་ལོང་རྣམས་ཀྱིས་ལ་ལས་ནི་གཏིང་མ་དཔོག་པའི་ཁ་འབྱམས་ལ་གདིང་འཆའ༔ ལ་ལས་རང་ཉིད་གཟེངས་བསྟོད་ཅིང་གཞན་དག་ཁྱད་དུ་གསོད་པའི་ཆགས་སྡང་གི་རྩོད་པ་ལ་ཞེན༔ ལ་ལས་ནི་ཚིག་གི་རྗེས་སུ་ལ་ཟློས་ནས་མི་ཚེ་སྟོང་ཟད་ལ་བཏང་༔ ལ་ལས་ནི་ལས་དང་པོ་པས་ལམ་ལྟ་སྒོམ་དམིགས་གཏད་ཅན་ལ་གདིང་འཆའ་སྟེ་མཆོག་འཛིན་བྱེད༔ ལ་ལས་ནི་ཡོན་ཏན་མེད་ཀྱང་ཡོད་པར་སྐད་དེ་རང་ཆེ་ལ་བྲི་བར་དོགས་ནས་གཞན་ལ་བགྲོ་གླེང་མི་བྱེད་པར་རང་མགོ་བསྐོར༔ ལ་ལས་ནི་རང་ཆེ་བ་བསྐྱེད་ཕྱིར་གྲོང་ཡུལ་དུ་ཆོས་སྟོན་ཅིང་འདོད་སྲེད་ཁྱི་སྤྲང་ལས་ཀྱང་ཆེ༔ ལ་ལས་ནི་གསོན་སྐྱབས་གཤིན་འདྲེན་ནུས་པར་སྐད་ནས་གཞན་སྣང་བསྒྱུར་བའི་མཛེས་ཆོས་ལ་གཟབ་པ་དང་༔ ལ་ལས་ནི་ཉམས་སྣང་དང་རྨི་ལམ་གྱི་འཁྲུལ་སྣང་གཞན་ལ་འདོམས་ནས་གྲོང་ཡུལ་ཀུན་ཏུ་ཆོག་ཤེས་མེད་པར་ཉུལ་བ་ལ་ལྷ་འདྲེ་ནག་ཕྱོགས་པ་དག་གིས་མགོན་བྱེད་ཅིང་ལེགས་ཉེས་སྟོན་པ་ལ་བདེན་ཞེན་སྐྱེས་ནས་མི་ཚེ་གཏོ་ཡས་ལ་ཟད་པ་དེ་དག་ནི་མི་མགོ་བསྐོར་བའི་ལས་ལ་བརྩོན་པས་རང་མགོ་འཁོར་བ་ནི་འདི་ལྟ་སྟེ༔ དཔེར་ན་སྲིན་བུའི་ཁ་ཆུས་གཞན་འཆིང་བར་འདོད་ནས་བཀྲམ་པས་རང་འཆིང་བ་དང་འདྲ་མཚུངས་པ་ཁོ་ནའོ༔ དེ་ལྟར་མ་ཡིན་པ་ངའི་གདུལ་བྱར་གྱུར་པ་ཟབ་གསང་བླ་ན་མེད་པའི་གདམས་ངག་ཟབ་མོའི་སྣོད་དུ་རུང་བའི་སྐལ་ལྡན་ནི་འདི་ལྟ་སྟེ༔ རྡོ་རྗེའི་བླ་མ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ༔ ཐེག་པ་ཆེན་པོའི་དོན་ལ་མོས་ཤིང་གུས་པ༔ འཁོར་བ་ལ་སྙིང་པོ་མེད་པར་ཤེས་ནས་འཛིན་ཞེན་ཆུང་བ༔ འདུས་བྱས་མི་རྟག་པ་རྒྱུད་ལ་སྐྱེས་ནས་ངང་བརྟན་པ༔ མི་མེད་རི་སུལ་ལ་མོས་ཤིང་རང་ཚོད་ཟིན་པ༔ བློ་རྣོ་བ་རིག་པ་ཧུར་བ་རྒྱུད་བརྟན་པ་བློ་རྩེ་གཅིག་པ་འགྱུར་ལྡོག་མེད་པ་དེ་དག་དུས་འཛོམ་པ་ནི་ངའི་སྤྲུལ་པ་ང་དང་གཉིས་སུ་མེད་པར་ཚེ་གཅིག་ལུས་གཅིག་གིས་གྲོལ་བ་ཤ་སྟག་གོ༔ འདི་ནི་སྣོད་ཀྱི་མཚན་ཉིད་ཀྱི་དབྱེ་བ་སྤྱིར་བསྟན་པའོ༔ མདོར་ན་ཚེ་འདིའི་དོན་ལ་གཡེལ་ཞིང་ཕྱི་མའི་དོན་ལ་རྟག་ཏུ་བརྩོན་པ་མིའི་ཁྱུ་ནས་བུད་པ་དག་ནི་སྣོད་དང་ལྡན་པའི་སྐྱེས་བུ་ཡིན་ནོ༔ ཀྱཻ་རིགས་ཀྱི་བུ་ལེགས་པར་ཉོན་ཅིག༔ གོ་དོན་ཤན་འབྱེད་པའི་གདམས་པ་ཟབ་མོ་ངས་བཤད་ཀྱི་ཟུངས་ཤིག༔ ཀུན་གཞི་དང་ཆོས་སྐུ་གཉིས་ཀྱི་དབྱེ་བ་མ་ཤེས་ན་ཀུན་གཞི་ལ་ལམ་བྱས་ནས་དེའི་ངང་དུ་དུབ་པས་སྲིད་པའི་རྩེར་འདུ་བྱེད་པའི་སྐྱོན་ཡོད་པས་དེའི་དབྱེ་བ་ནི་འདི་ལྟ་སྟེ༔ ཀུན་གཞི་ལ་མཚན་ཉིད་པ་དང་འཕྲལ་དུ་གསལ་བ་གཉིས་ཡོད་པ་ལས༔ དང་པོ་ནི་གཞིའི་ཞལ་རས་མ་རིག་པས་བསྒྲིབས་ཏེ་མ་རིག་པ་གཞི་དང་འདྲེས་པ་དཔེར་ན་སྤྲིན་མེད་པའི་ནམ་མཁར་སྲོད་མུན་འཁྲིགས་པ་ལྟ་བུའོ༔ དེའི་དུས་སུ་ཡང་ནམ་མཁའ་མུན་པར་མ་གྱུར་མུན་པ་ནམ་མཁར་མ་གྱུར་བར་རྒྱུ་རྐྱེན་དུས་འཛོམ་པ་སོ་སོར་གྱེས་པའི་ཚེ་ཡང་ནམ་མཁའ་མེད་དུ་མི་འགྲོ་བ་ལྟ་བུར་མ་རིག་པ་གཞི་རུ་མ་གྱུར་གཞི་མ་རིག་པ་རུ་མ་གྱུར་བར་རྒྱུ་རྐྱེན་དུ་འཛོམ་པ་འཁོར་བ་ཀུན་གྱི་གཞི་རུ་གྲུབ་པ་ལ་ཀུན་གཞི་ཞེས་བྱའོ༔ དེ་ཡང་མུན་ནག་འཐིབ་པ་ལྟ་བུའི་ནག་འཐིབ་པ་ཡང་མིན་ཏེ་རང་ཞལ་བསྒྲིབ་པའི་ཕྱིར་མུན་པར་དཔེར་མཚོན་པ་ཡིན༔ དོན་ལ་སྟོང་ཧད་དེ་བ་ཅི་ཡང་མི་སེམས་པ་བེམ་སྟོང་དུ་གནས་པའོ༔ དེར་འཛིན་པའི་མུ་བཞི་ཡོད་དེ༔ ནམ་མཁའ་ལྟ་བུ་ཞེས་དང་༔ ཅི་ཡང་མེད་དོ་ཞེས་དང་༔ ཡོད་མིན་མེད་མིན་ཞེས་དང་༔ རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་དེ་དག་རྣམས་རང་ཤེས་ཀྱི་འཛིན་པ་ཕྲ་མོས་ཀུན་གཞིར་གཅུད་དེ་བརྟན་པའི་ཚེ་མུ་བཞིར་གོལ་ཏེ་གནས་པར་འགྱུར་རོ༔ ཡང་ཅི་ཡང་མི་སེམས་པའི་ངང་སྟོང་ཧད་དེར་གནས་པ་དེ་ཡང་འདུ་ཤེས་མེད་པར་འདུ་བྱེད་པའོ༔ གཉིས་པ་འཕྲལ་དུ་གསལ་བ་ནི་སྟོང་པའི་ངང་དུ་སང་ངེར་བཞག་ནས་བསྒོམས་པས་འགྱུ་དྲན་གྱི་རྟོག་ཚོགས་གོ་འགགས་པས་སྟོང་གསལ་ཀྱི་ལེ་བ་ཞིག་འཆར་ཏེ་སྒོམ་གྱི་མཆོག་ཏུ་བཟུང་ནས་བསྒོམས་པས་ཀྱང་སྲིད་པའི་རྩེ་རུ་འཕེན་ཏེ་འཁོར་བ་ལས་མི་འདའ་བའོ༔ དེ་གཉིས་ཀ་སེམས་ཀྱི་དགེ་བ་སྟོབས་ཆེ་བ་ཡིན་པས་ཟག་བཅས་ཀྱི་དགེ་བ་གང་གིས་འགྲན་ཟླ་བྲལ་བ་ཡིན་ཡང་འཁོར་བ་ལས་མི་འདའ་བའི་སྐྱོན་དེས་བཅིངས་པས་སོ༔ དེ་ཀ་ངོ་ཤེས་པར་བྱས་ནས་ལམ་མ་ཡིན་པར་ཐག་བཅད༔ ཆོས་སྐུ་ནི་བེམ་སྟོང་ཧད་དེ་བ་མ་ཡིན་པར་མ་བཅོས་རང་བབས་སུ་བཞག་པས་རང་གྲོལ་བ༔ ཤེས་རབ་ཆེན་པོས་ངང་རང་གསལ་བ༔ གདངས་རྩལ་གྱི་གོ་མ་འགགས་པ༔ ཡུལ་ལ་མི་འཇུག་པ་དང་ལྡན་པ་ནི་རྒྱུའི་ཆོས་སྐུ་ཞེས་བྱ་བ་ཡིན་ནོ༔ དེ་ལྟར་བཅོས་སུ་མེད་པ་དེ་ཡང་ངང་གིས་དྭངས་ནས་རང་བྱུང་དབུས་མཐའ་དང་བྲལ་བའི་དབྱིངས་སུ་གཉིས་མེད་ཆེན་པོར་འབྱམས་ཀླས་པ་མཁྱེན་གཟིགས་ཀྱི་ཡེ་ཤེས་ཆེན་པོ་གཏིང་གསལ་སངས་རྒྱས་པའི་མཚན་ཉིད་ཐམས་ཅད་མངོན་དུ་གྱུར་པ་ནི་འབྲས་བུའི་ཆོས་སྐུ་ཞེས་བྱ་བ་ཡིན་ནོ༔ དེ་ཡང་སྔ་མ་ནི་ངོ་བོའི་ངང་ལ་ཤེས་པས་ལམ་བྱེད་པ་སྟེ༔ ཕྱི་མ་ནི་དེ་གཉིས་ཀ་དབྱེར་མི་ཕྱེད་པའི་ངང་དུ་རང་སངས་ཏེ་དེ་ཉིད་དུ་འབྱམས་ཀླས་པའོ༔ ཀྱཻ་རིགས་ཀྱི་བུ་ཡིད་དང་ཤེས་རབ་ཀྱི་དབྱེ་བ་ནི་འདི་ལྟ་སྟེ༔ ཡིད་ནི་ཤེས་རབ་ཀྱི་གདངས་རྩལ་ཀུན་གཞིའི་བསྒྲིབས་པ་ལས་བྱུང་བ་ཡིན་ཏེ༔ སྣང་སེམས་ཐམས་ཅད་རང་ཤེས་སུ་ཡོད་པ་འཁྲུལ་པའི་གཞི་འཛིན་པ་དེ་ལ་བྱའོ༔ ཤེས་རབ་ལ་མངོན་གྱུར་གྱི་ཤེས་རབ་དང་ལམ་གྱི་ཤེས་རབ་གཉིས་ཡོད་པ་ལས༔ སྔ་མ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཏུ་མཁྱེན་ཅིང་མངོན་དུ་གྱུར་པ་ཡིན༔ ཕྱི་མ་ནི་ཤེས་པ་རྒྱ་ཡན་ཟང་ཀ་མ་ངོས་བཟུང་དང་བྲལ་བ་བློ་ཡིད་རྟོག་པས་མ་བཅོས་པར་ངང་བཞག་ཏུ་ལམ་བྱས་པས༔ ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་རང་གྲོལ་བ་ཡུལ་ལ་མི་འཇུག་པ་གོ་མ་འགགས་པའོ༔ དེ་ལ་གོམས་པས་ཚིག་དོན་ཀློང་བརྡོལ་དུ་ཤེས་པ་བསླབ་པ་ལ་མི་ལྟོས་པར་བསྟན་བཅོས་རྩོམ་ནུས་པ་མགུར་དབྱངས་ལེན་པ་ལ་མི་ཐོགས་པ་རྣམས་ནི་དེའི་རྩལ་ཡིན་ནོ༔ དེ་ལ་ཡང་མངོན་པའི་ང་རྒྱལ་སྐྱེས་ཏེ་ཞེན་པར་གྱུར་ན་ཤེས་རབ་འགྲིབ་ཅིང་ལམ་ལས་ལྡོག་པ་ནི་འདི་ལྟ་སྟེ༔ དཔེར་ན་རྙེད་པ་ཆེན་པོ་ཐོབ་ལ་ཁད་དུ་ཡོད་པ་ན་རྐུན་པོར་ཤོར་བ་ལྟ་བུའོ༔ བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཀློང་བརྡོལ་བའི་ཚེ་གོལ་འཕྱུག་མེད་པའི་གནད་དང་ལྡན་པར་གྱིས་ཤིག༔ ཡིད་ནི་སེམས་ཀྱི་གཞི་ཡིན་ཏེ་བཅས་བཅོས་སྤང་ལེན་མྱོང་ཞེན་ཅན་དེ་ལ་ལམ་མི་བྱ་བ་གནད་དོ༔ ཤེས་རབ་ནི་ཅི་ཡང་མ་བྱས་པ་ཉིད་དོ༔ ལམ་ཡང་དག་ཏུ་ཤེས་པར་གྱིས་ཤིག༔ ཀྱཻ་རིགས་ཀྱི་བུ་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་ཤན་དབྱེ་བ་ནི་འདི་ལྟ་སྟེ༔ རྣམ་པར་ཤེས་པ་ནི་ཤེས་རབ་ཀྱི་མིག་བསྒྲིབས་ནས་ཀུན་གཞི་ལས་ཚོགས་པ་མཆེད་པ་དུམ་བུར་འཕྲོ་བ་སྐྱེ་ཞིང་འགགས་པ་ཅན་འཁོར་བར་འདུ་བྱེད་པ་རྟོག་ཤིང་དཔྱོད་པའི་རང་བཞིན་ཅན་ནོ༔ དེ་ནི་ཡེ་ཤེས་ཀྱི་གདངས་རྩལ་ཡིན་ཏེ་ཡེ་ཤེས་དངོས་ནི་མ་ཡིན་ནོ༔ ཡེ་ཤེས་ནི་ཡེ་གདོད་མ་ནས་རང་ཤར་བའོ༔ མ་རིག་པའི་དྲི་མ་དབྱིངས་སུ་སངས་ཏེ་རྣམ་པར་ཤེས་པ་གཞི་ལ་དྭངས་པའི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ནས་ས་ལམ་གྱི་བྱེ་བྲག་ཡན་ཆད་སྔ་ཕྱི་སྐྱེ་འགགས་འཕོ་འགྱུར་ཅན་གྱི་བློ་ཡིད་རྟོག་པ་ལྟ་བུ་མ་ཡིན་པར་རང་བྱུང་རང་ཤར་ཆེན་པོར་ཡོད་པ་ནི་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཞེས་ཀྱང་བྱ་བའོ༔ ལམ་གྱི་ཡེ་ཤེས་ནི་ཀུན་གཞིའི་སྒྲིབ་གཡོགས་དང་བྲལ་ཚེ་སྣ་ཚོགས་ཤར་བའི་སྒོ་མ་འགགས་པ་དེ་ཀ་ཡིན༔ མདོར་ན་ཡེ་ཤེས་ནང་མདངས་སུ་ནུབ་པའི་གདངས་སྣང་བ་དང་རྩལ་རྣམ་པར་ཤེས་པ་ཡིན༔ ཀྱཻ་རིགས་ཀྱི་བུ་སེམས་དང་རིག་པའི་དབྱེ་བ་ནི་འདི་ལྟ་སྟེ༔ སེམས་ཞེས་བྱ་བ་ནི་འཁོར་བའི་ངོ་བོ༔ རྒྱུ་མ་རིག་པ༔ འཕྲུལ་སྣང་བ༔ རྩལ་རྣམ་པར་རྟོག་པ༔ རོལ་པ་ཀུན་རྫོབ་བོ༔ མདོར་ན་ཀུན་གཞི་ལས་མཆེད་ཅིང་ངོ་བོ་དང་ཤེས་རབ་མཉམ་པར་བརྡལ་བའི་ངང་མ་མངོན་པའི་དགེ་བ་དང་མི་དགེའི་ལས་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཟག་པ་དང་བཅས་པ་འཁོར་བའི་གསོས་སུ་འགྱུར་བ་ཁོ་ན་ལས་མེད་པའོ༔ སེམས་ཀྱི་དགེ་བ་ནི་རྒྱུ་བསྒྲུབ་པས་འབྲས་བུ་ལ་རེ་བ་ཙམ་ལས་སངས་རྒྱས་པ་ནི་རི་བོང་གི་རྭ་ལས་སྐས་བྱེད་པར་འདོད་པ་དང་༔ མོ་ཤམ་གྱི་བུ་ཁྱིམ་གྱི་བདག་པོར་འདོད་པ་ལྟ་བུའི་ཕྱོགས་སུ་ངེས་སོ༔ ཀུན་གཞིས་དབང་དུ་བསྒྱུར་ཏེ་ཤེས་རབ་ལ་དབང་མ་འབྱོར་བ་ཐམས་ཅད་སེམས་ཡིན་ཏེ༔ དེ་ལ་འཁྲུལ་པའི་སེམས་དང་ལམ་འཚོལ་གྱི་སེམས་གཉིས་སུ་ཡོད་པ་ལས༔ སྔ་མ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་འཁྲུལ་པའི་འཁོར་ལོ་ཅན་ལ་བྱའོ༔ ཕྱི་མ་ནི་ཡང་དག་པའི་ལམ་དུ་འཇུག་པར་འདོད་ནས་སེམས་ལ་ལམ་བྱེད་པ་ཐམས་ཅད་དོ༔ དེའི་རྒྱུ་འཁོར་བའི་གཞིས་བསྐྱེད་པའི་ཕྱིར་འབྲས་བུ་ཡང་འཁོར་བ་ཁོ་ནའི་ཕྱོགས་སུ་ངེས་པ་ཡིན་པས་ཀུན་རྫོབ་བོ༔ རིག་པ་ནི་ཤེས་རབ་ཆེན་པོས་རང་དབང་བསྒྱུར་བ་ལ་བྱ་སྟེ༔ དེའི་ཚེ་ཡང་གཞི་ཆོས་སྐུ༔ གདངས་ཤེས་རབ༔ རྩལ་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པ་སྟེ༔ སྐུ་གསུམ་ལྷུན་གྲུབ་ཀྱི་གཞིས་བསྐྱེད་པའི་ཕྱིར་ལྟ་སྒོམ་ཐམས་ཅད་རྣམ་མཁྱེན་གྱི་འབྲས་བུ་ཁོ་ནར་འགྱུར་བ་ཡང་དག་པའོ༔ རིག་པ་ལ་ཡང་རྒྱུའི་རིག་པ་དང་འབྲས་བུའི་རིག་པ་གཉིས་སུ་ཡོད་དེ༔ ངོ་བོ་ཁྱབ་བརྡལ་དབུས་མཐའ་བྲལ་བའི་ངང་དུ་རང་བབས་སུ་མ་བཅོས་པར་ཡན་པའི་ཤེས་རབ་ཆེན་པོས་དབང་བསྒྱུར་ཞིང་གདངས་རྩལ་གྱི་གོ་མ་འགགས་པ་ཡུལ་གྱིས་རྐྱེན་མི་འཇུག་ཅིང་ཡུལ་ལ་མི་འདྲེས་པའོ༔ དེ་ཡང་ལས་དང་པོ་པས་ངོ་འཕྲོད་ཀྱང་བརྗེད་ངེས་ཆེ་སྟེ་གནས་འཁྲུལ་གྱི་ཐོབ་ཤོར་ཅན་དུ་ཡོད་པའི་ཚེ་བློ་དང་ཡིད་ཀྱི་འཛིན་རྩོལ་ཕྲ་བ་བག་ཉལ་དུ་ཡོད་པའི་བརྡར་གནས་འཁྲུལ་སྐབས་གཉིས་སུ་མཆིས་པ་ཡིན་ཏེ༔ དེ་ནི་ལམ་དུ་ཞུགས་པ་ཙམ་ལས་བརྟན་ཐོབ་དང་སོ་ཟིན་མེད་པའི་ཕྱིར་ལམ་ཤེས་པ་ཙམ་གྱི་གནས་སྐབས་སོ༔ དེ་ལ་ཆེས་ཆེར་གོམས་པའི་སྟོབས་ཀྱིས་ཉིན་སྣང་དུ་གནས་འཁྲུལ་གྱི་སྐབས་མེད་པར་ངང་གནས་ཀྱི་ཀློང་དུ་འབྱམས་ཀླས་པ༔ རྨི་སྣང་དུ་དེ་ལྟར་མ་ཡིན་པ་རེས་འགའ་ངང་གནས་ཀྱི་དབང་དང་རེས་འགའ་ཡེངས་འཁྲུལ་དུ་འཆོར་བའི་དུས་དེ་ནི་ལམ་ཐོབ་པ་ཙམ་གྱི་གནས་སྐབས་ཡིན་པས་ལམ་ཐོབ་ཀྱི་རིག་པའོ༔ དེ་ལ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱིས་རྨི་སྣང་དང་ཉིན་སྣང་ཐམས་ཅད་རིག་པ་རང་གི་དབང་ལས་གཞན་དུ་མི་འགྱུར་བ་ནི་ཀློང་གྱུར་གྱི་རིག་པ་ཞེས་བྱའོ༔ དུས་དང་རྣམ་པ་ཀུན་ཏུ་རིག་པ་འོད་གསལ་ཆེན་པོ་ལས་དུས་དང་སྐབས་མི་འབྱེད་པར་དཔེར་ན་ནམ་ལངས་ཚེ་ཉིན་མོ་ལས་མུན་པ་མེད་པ་ལྟ་བུར་རིག་པ་མངོན་དུ་གྱུར་ཏེ་ལྟ་སྒོམ་ཕྲ་རགས་ཀྱི་འཛིན་སྟངས་ཐམས་ཅད་རང་སར་ཞིག་ནས་སེམས་ཀྱི་དྲི་མ་མི་འབྱུང་བ་ནི་གདིང་ཐོབ་ཀྱི་རིག་པ་ཡིན་ནོ༔ ད་དུང་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་པ་དེ་ནི་ཀུན་གཞིའི་སྒྲིབ་པ་ལས་མ་འདས་པའི་བརྡར་མཆིས་པས་རྒྱུའི་རིག་པ་སྟེ་དེའི་མཚོན་དཔེ་ནི་ནམ་ལངས་ཏེ་ཉི་མ་ཤར་བ་ལྟ་བུའོ༔ ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་རྒྱུའི་རིག་པ་འབྲས་བུ་ཆེན་པོའི་དབྱིངས་སུ་སད་དེ་ཆོས་སྐུ་མཚན་མ་དང་བྲལ་བའི་ལྷུམས་སུ་ཞུགས་ནས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ་ནི་འབྲས་བུའི་རིག་པ་སྟེ༔ དེ་དག་གི་མཚོན་དཔེ་ནི་མཚན་མོའི་མུན་པ་སངས་ཏེ་ཉི་མ་མ་མངོན་པར་ནམ་ལངས་པ་ལྟ་བུའི་དུས་ནི་རྒྱུ་རུ་བསྟན་པ་དང་༔ ཉི་མ་ཤར་ཚེ་ནམ་ལངས་པའི་འོད་དེ་ཡང་ཉི་འོད་དུ་བརྡལ་བ་ལྟ་བུར་འབྲས་བུའི་རིག་པ་ཆོད་ཆེ་བའི་ཚུལ་དུ་ངས་བསྟན་ཏོ༔ གལ་ཏེ་དང་པོའི་གནས་སྐབས་ཉིད་རྒྱུ་མ་ཡིན་པར་འབྲས་བུ་ཡིན་པར་སེམས་ན་རིག་པ་ངོ་འཕྲོད་ཀྱང་ད་དུང་འཁོར་བ་ལས་སྤུ་རྩེ་ཙམ་ཡང་མ་འཕགས་པའི་ཆོས་ཅན༔ འདི་ནི་འབྲས་བུའི་ཐེག་པར་སྨྲ་བ་འབྲས་བུ་སངས་རྒྱས་སུ་རློམ་ནས་ལུས་ངག་བློ་ཡིད་ཀྱི་དགེ་བ་རྒྱུ་རུ་བསྒྲུབ་པ་ལྟར་མ་ཡིན་པར་ཆོས་ཉིད་རང་ལ་ལམ་བྱས་ནས་བསྒོམས་པས་རང་སར་གྲོལ་བ་ལས་འབྲས་བུ་ལེན་ཐོབ་མེད་པས་ན་འབྲས་བུའི་ཐེག་པར་བརྗོད་པའོ༔ ཀྱཻ་རིགས་ཀྱི་བུ་གོ་བ་དང་རྟོགས་པའི་ཤན་འབྱེད་པར་གྱིས་ཤིག༔ གཏིང་མ་དཔོག་པའི་སྐྱེས་བུ་རྣམས་ཀྱིས་གོ་བ་རྟོགས་པར་རློམ་ནས་འཁྲུལ་པའི་འཁོར་ལོར་ཁ་འཆོལ་བའི་ཚུལ་ནི་འདི་ལྟ་སྟེ༔ ཕྱིའི་སྣང་བ་ཐམས་ཅད་རྟོག་དཔྱོད་ཀྱི་བློ་དང་ཡིད་ཀྱིས་གཏན་ལ་ཕབ་སྟེ་བདེན་མེད་སྟོང་པ་རུ་ཐག་བཅད་ནས་སླར་ཡང་གང་སྣང་ཐམས་ཅད་སྟོང་པའོ་སྙམ་ནས་ཡང་སྟོང་པར་དཔྱོད་པ་ནི་སྟོང་ཉིད་ཡིད་དཔྱོད་དུ་གོ་བ་ཞེས་བྱའོ༔ སྣང་སེམས་ཐམས་ཅད་བློ་ཡིད་ཀྱིས་གཏན་ལ་ཕབ་སྟེ་སེམས་གཅིག་པུར་ཐག་བཅད་ནས་སྟོང་འཛིན་ལ་གདིང་འཆའ་བ་ཐམས་ཅད་སྟོང་ཉིད་སྟོང་འཛིན་དུ་གོ་བ་ཞེས་བྱའོ༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་ངས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡིན་པས་རྒྱུ་འབྲས་ཀུན་རྫོབ་ཙམ་དུ་ཡང་མེད་སྙམ་ནས་བག་མེད་དུ་འཆོལ་བ་ནི་སྟོང་ཉིད་བག་མེད་དུ་གོ་བ་ཡིན༔ ཡང་སྣང་སེམས་ཐམས་ཅད་གཏན་ལ་ཕབ་ནས་སྟོང་པ་ཡུལ་མེད་དུ་ཐག་བཅད་དེ་ཐམས་ཅད་སྟོང་པའི་རང་བཞིན་དུ་བསྒོམ་དང་མི་བསྒོམ་མེད་ཅེས་སྨྲ་ཞིང་འཁྲུལ་པ་རྒྱ་འབྱམས་སུ་བཞག་པ་ནི་སྟོང་ཉིད་ལོག་པར་གོ་བ་ཡིན༔ ཡང་སྣང་སེམས་ཐམས་ཅད་གཏན་ལ་ཕབ་ནས་སྟོང་པ་ཡུལ་མེད་དུ་ཐག་བཅད་དེ་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁ་ཁྱེར་ཚིག་ཁྱེར་ཙམ་དུ་སྨྲ་བ་གོ་ནས་འདི་ནི་བདག་གི་ལྟ་བའོ༔ ལྟ་སྒོམ་སྤྱོད་པ་མི་དགོས་པར་རང་ལ་ཡོད་པའི་ཡོན་ཏན་ནོ༔ ཞེས་སྙམ་ནས་ཉམས་སུ་མི་ལེན་པར་བག་མེད་དུ་ཁ་འཆོལ་ན་ཡོན་ཏན་ཕན་མེད་གནོད་མེད་རི་མོའི་མར་མེ་ལྟར་སོང་བས་དོན་མེད་པའི་གོ་བ་ཡིན༔ སེམས་རིག་གི་དབྱེ་བ་ཕྱེས་ནས་རིག་པ་ངོ་སྤྲད་པ་ཙམ་ནས་ངེས་པར་རྟོགས་སོ་སྙམ་སྟེ་ཆོས་བརྒྱད་ཀྱི་དབང་དུ་འཁྲུལ་པ་ནི་འཁྲུལ་པའི་གོ་བ་ཞེས་བྱ་བ་ཡིན༔ སེམས་ཀྱི་ཤེས་རྒྱུད་སྔར་ལས་མ་འཕགས་པ་ལ་མི་སེམས་པར་ང་ནི་གྲོལ་བའི་འབྲས་བུ་ལ་དབང་འབྱོར་བ་ཡིན་སྙམ་ནས་གོ་ས་ཆེན་པོར་རློམ་པ་ནི་ནོར་བའི་གོ་བ་ཡིན༔ གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཀུན་རྫོབ་ཏུ་གཟུགས་དང་མཚན་མ་རིས་ཆད་ཅན་དུ་བཅོས་པའི་ཐེག་པ་དོན་དམ་པར་འདོད་ནས་དེ་ངོ་སྤྲད་དེ་གདིང་འཆའ་བ་ནི་དོན་དམ་ཀུན་རྫོབ་ཏུ་གོ་བ་ངེས་པའོ༔ རྟོགས་པ་ནི་འདི་ལྟ་སྟེ༔ ཕྱིའི་སྣང་བ་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་སྟེ་བདག་མེད་མིག་ཡོར་ལྟ་བུ་དང་༔ བདེན་མེད་རྨི་ལམ་ལྟ་བུ་དང་༔ ཡུལ་མེད་ནམ་མཁའི་ཁོར་ཡུག་ཏུ་ཐག་གཏིང་ནས་ཆོད་པའི་མཐར༔ དུས་དང་རྣམ་པ་ཀུན་ཏུ་བདེན་འཛིན་མེད་པའི་ངང་དུ་མ་བཅོས་རང་བབས་སུ་གནས་པ་ནི་དང་པོའི་གནས་སྐབས་སུ་གོ་བ་རྒྱུད་ལ་ཆགས་པ་ཙམ་གྱི་གནས་སྐབས་སོ༔ དེ་ནས་གཟུང་འཛིན་གྱི་ཆོས་ཐམས་ཅད་ཚོགས་ཡུལ་རང་ལས་མ་འདས་ཤིང་རྣམ་རྟོག་གཉིས་སུ་ཐག་ཆོད་དེ་སྣང་སེམས་ཐམས་ཅད་ངོ་བོ་ཉིད་དུ་རོ་གཅིག་པ་བདེན་པའི་ངང་མཐོང་ནས་སྣང་བའི་ཆོས་ཐམས་ཅད་སྨིག་སྒྱུ་ལྟ་བུར་བན་བུན་དུ་ཤར་ཏེ་དེར་འཛིན་མེད་པར་རབ་རིབ་ལྟ་བུར་འགྱུར་བའི་ཚེ་སྣང་བ་སྒྱུ་མར་ཤར་བའི་གནས་སྐབས་སོ༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་རིག་པ་རང་གི་ཁོར་ཡུག་ལས་སེམས་སུ་མི་འགྱུར་བ་སྙིང་པོ་མི་འགྱུར་བའི་རྟོགས་པ་དང་༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བློ་ཡིད་རྟོག་པས་བཟོ་མི་འཆོས་པར་རྨི་ལམ་ངོས་ཟིན་པས་བདེན་འཛིན་མེད་པ་ལྟར་དེར་འཛིན་རང་ཞིག་པ་དང་༔ དེ་ཡང་སྤྲུལ་པ་སྤྲུལ་གཞི་ལྟ་བུར་ཁ་ཕྱིར་ལྟ་རུ་མི་གོལ་བར་ཆོས་དབྱིངས་ཀུན་ནས་ཟླུམ་པའི་ཀློང་དུ་འུབ་ཆུབ་ཀྱི་རོལ་པར་འབྱམས་ཀླས་པར་བྱ་བ་ནི་ཡང་ཟབ་འདིའི་གནད་ཀྱི་ཆིངས་གཅིག་གོ༔ དེ་ཡང་ནང་འཛིན་དང་སྟེང་འོག་སོགས་སུ་མི་གོལ་ཞིང་མཚན་མ་དམིགས་བསམ་ལས་འདས་པར་ངང་ལས་གཉིས་སུ་མེད་པའི་ཚུལ་ཇི་བཞིན་དུ་ཤེས་པར་གྱིས་ཤིག༔ ཀྱཻ་རིགས་ཀྱི་བུ་གྲོལ་བ་དང་འཁྲུལ་པའི་ཤན་འབྱེད་ནི་འདི་ལྟར་ཤེས་པར་གྱིས་ཤིག༔ བདག་མེད་ཀྱི་དོན་གཏན་ལ་ཕབ་ནས་དེར་གོམས་པའི་སྟོབས་ཀྱིས་འདི་ལྟར་སྣང་སེམས་ཀྱི་སྤུན་ཐག་ཆད་དེ་འཁོར་བ་ལ་འཇུག་མི་ཤེས་པ་ནི་ལམ་ལ་བརྟེན་ནས་གྲོལ་བའོ༔ ལམ་གྱི་རིག་པ་ངོ་འཕྲོད་ནས་བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ཉམས་སུ་བླངས་པའི་སྟོབས་ཀྱིས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་ཆེན་པོ་རང་བརྡོལ་ནས་བདེན་པ་གཉིས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་བདེན་པ་མཐོང་བའི་རྣལ་འབྱོར་རོ༔ དེ་དུས་ཀྱང་བར་མ་ཆད་པར་ཉམས་སུ་བླངས་པས་མཐར་གཟུང་འཛིན་གྱི་ཟེར་ཐག་ཐད་ཀར་ཆད་ནས་སྣང་བའི་ཡུལ་ཟད༔ བདག་འཛིན་གྱི་འཕྱང་བ་སྙིང་ཀ་ནས་ཞིག་པས་འཛིན་པའི་སེམས་ཟད༔ མ་རིག་པའི་བག་རྡུལ་གཞི་ལ་སངས་ནས་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ནི་གྲོལ་བར་ངེས་པའོ༔ དེའི་དུས་སུ་ཆོས་ཟད་བློ་འདས་ཆེན་པོའི་ངང་དུ་འབྱམས་ཀླས་པས་འཁོར་བའི་བྱ་བྱེད་ཐམས་ཅད་ལ་མི་འཇུག་པའོ༔ ཚོགས་སྨོན་ལས་འཕྲོ་དང་ལྡན་པའི་གསང་སྔགས་ཟབ་མོའི་སྣོད་དུ་གྱུར་པ་བརྩོན་འགྲུས་ཀྱི་ཤིང་རྟ་དང་ལྡན་ཅིང་ཤེས་རབ་ཀྱི་མིག་རྣོ་བ་རྣམས་ལ་ཚད་གསུམ་རྨི་ལམ་དུ་འབྱུང་བ་ནི་འདི་ལྟ་སྟེ༔ རབ་ཀྱིས་རྨི་ལམ་འོད་གསལ་དུ་དག་ནས་ཁོར་ཡུག་འདྲེས་པ་ནི་ཆོས་ཀྱི་སྐུར་འཚང་རྒྱ༔ འབྲིང་གིས་རྨི་ལམ་དུ་ངོ་ཤེས་ནས་སྤྲུལ་བསྒྱུར་ནུས་པའི་དུས་ན་སྤྲུལ་པའི་སྐུར་དབུགས་འབྱིན༔ ཐ་མས་བག་ཆགས་ངན་གོམས་ཀྱི་རྨི་ལམ་རྒྱུན་ཆད་དེ་བཟང་པོ་ཁོ་ན་རྨི་བའི་དུས་སུ་སྐྱེ་བ་སྤྲུལ་སྐུར་དབུགས་འབྱིན་ཐོབ་པ་ཁོ་ནར་ངེས་པ་ཡིན༔ སྤྱོད་པའི་ཚད་ཀྱང་ཆོས་བརྒྱད་ཀྱི་བྱ་བ་ལ་མི་འཇུག་པར་བྱ་བཏང་དུ་གནས་པ་ཡིན་པས་ཤེས་པར་གྱིས་ཤིག༔ འཁྲུལ་པའི་སེམས་ཅན་ནི་འདི་ལྟ་སྟེ༔ རྒྱུད་དུ་འཁྲུལ་པ་དང་༔ གོལ་སར་འཁྲུལ་པ་དང་༔ ལམ་དུ་འཁྲུལ་པ་གསུམ་ཡོད་པ་ལས༔ དང་པོ་ནི་ཁམས་གསུམ་འཁོར་བའི་རྒྱུད་དུ་འཁྲུལ་པ་བསྐལ་པ་ཐོག་མ་མེད་པ་ནས་ལམ་གྱི་སྒོ་མ་མཐོང་བ་ལ་བྱའོ༔ གཉིས་པ་ནི་བདེ་ཉམས་ཀྱིས་སྨྱོས་པ་ཉེ་བར་ལེན་ཅིང་ཆགས་པས་འཁྲུལ་པ༔ རྩུབ་ཉམས་ཀྱིས་རྒྱུད་བསླང་ནས་སྨྱོ་འབོག་ཏུ་འཁྲུལ་པ༔ གསལ་ཉམས་ཀྱིས་རྒྱུད་བསླང་ནས་ལྷར་སྣང་འདྲེར་སྣང་རྨི་སྣང་མ་ངེས་པར་ཤར་བ་ལ་མཆོག་འཛིན་བྱེད་ཅིང་སྣང་བའི་ཡུལ་དུ་འཁྲུལ་པ་རྣམས་སོ༔ གསུམ་པ་ནི་ཡང་དག་པའི་ས་ལམ་དུ་ཚུད་པའི་ཕྱིར་སྣང་བ་ཐམས་ཅད་གཏན་ལ་ཕབ་ནས་སྟོང་པར་རྩེ་གཅིག་ཏུ་འཇོག་པ་ནི་ལམ་སྟོང་འཛིན་དུ་འཁྲུལ་པ་ཡིན༔ ཡང་ཕྱིའི་སྣང་བ་གཏན་ལ་ཕབ་ནས་ཅང་མེད་དུ་ཐག་བཅད་དེ་དགེ་སྟོང་སྡིག་སྟོང་དུ་ཁ་འཆོལ་བ་ནི་སྨན་དུག་ཏུ་སོང་བ་ལྟ་བུའི་ལོག་རྟོགས་སོ༔ ཡང་ཕྱིའི་སྣང་བ་གཏན་ལ་ཕབ་ནས་ཕྱི་སྟོང་༔ ནང་ལུས་སེམས་གཏན་ལ་ཕབ་ནས་བདག་སྟོང་༔ དེ་མཐར་བཏང་སྙོམས་སུ་འཇོག་པ་ནི་སྟོང་ཉིད་ཕན་མེད་གནོད་མེད་དུ་འཁྲུལ་པ་ཡིན༔ ཕྱིའི་སྣོད་ནང་གི་སེམས་བར་གྱི་འདོད་ཡོན་ཐམས་ཅད་གཏན་ལ་ཕབ་ནས་རྒྱུ་མཚན་ཇི་བཞིན་དུ་ཤེས་ནས་དེར་འཛིན་མེད་པའི་ངང་དུ་རང་བབས་སུ་འཇོག་ཅིང་གྲོལ་བ་མངོན་དུ་མ་གྱུར་གྱི་བར་དུ་རྒྱུ་དང་འབྲས་བུ་ཁྱད་དུ་མི་གསོད་པ་ལག་ལེན་དུ་གདའ་བའི་ཚུལ་ལས་ལྡོག་སྟེ༔ གོ་བ་རྟོགས་པ་རུ་ནོར་ནས་ཐམས་ཅད་སྟོང་པའོ་ཆོས་ཀྱི་དབྱིངས་སོ་ལས་རྒྱུ་འབྲས་མེད་སངས་རྒྱས་སེམས་ཅན་མེད་ཅི་བྱས་སྒོམ་ཡིན་ཟེར་ནས་བག་མེད་ཀྱི་སྤྱོད་པ་འཇོལ་ཉོག་ཏུ་སྤྱོད་ཅིང་མཐོ་སྐད་བྱེད་པ་དག་གིས་རང་རྒྱུད་འཁོར་བ་ལས་མ་འཕགས་པ་ལ་བློས་གཞིག་པའི་ཤེས་རབ་ཀྱི་མིག་ལོང་བའི་དམུས་ལོང་རྣམས་ལ་རབ་ཏུ་འཇིགས་པའི་སྟོབས་ལྡན་དམྱལ་ཆེན་གྱི་དབང་པོ་མེད་པའི་ཕུག་ནས་ལངས་ཏེ་ཕྱག་འབེབས་གནང་བ་ཨ་ཙ་མ༔ འོ་ན་འཁྲུལ་པ་རྔམས་པོ་ཆེའི་འཕྱང་ཆེན་པོ་འདི་མེད་པའི་ཚུལ་ཤེས་པ་ཙམ་གྱིས་ཞིག་པ་ནི་མ་ཡིན༔ གྲོལ་བ་ཡང་མ་ཡིན༔ ཕན་པ་ཡང་མེད་ན༔ འདི་ཅིའི་ཕྱིར་གཏན་ལ་དབབ་ཅེ་ན༔ གཏན་ལ་དབབ་པའི་ཡོན་ཏན་ནི་བརྩོན་འགྲུས་དྲག་པོས་ཉམས་སུ་བླང་ན་ཆོས་ཉིད་ཟད་པའི་ས་ལ་མ་སླེབ་ཀྱི་བར་དུ་ཡང་དག་པའི་ལམ་གྱི་ས་མཁན་ཆེན་པོ་ཡིན་པའི་ཕྱིར་བསྟན་པ་དང་༔ ལམ་མྱུར་བུལ་ཡང་ཉི་ཟླའི་འགྲོས་དང་ཤིང་རྟའི་འགྲོས་ལྟ་བུར་ཁྱད་པར་ཡོད་པས་གཏན་ལ་དབབ་པ་ཡིན་ཏེ༔ གལ་ཏེ་རྒྱུ་འབྲས་མེད་པའི་ཚུལ་ཤེས་པ་ཙམ་གྱི་ངང་དུ་བཞག་པས་ཆོག་སྙམ་ན་བདུད་ཀྱི་བསྟན་པ་ཟབ་ཁྱད་ཅན་མཆོག་ཏུ་བསྔགས་པའི་རྗེ་འབངས་སླེབ་པ་ཨོ་ཨོ༔ ངའི་བསྟན་པ་ནི་དེ་ལྟར་མ་ཡིན་པར་འཁོར་འདས་ཐམས་ཅད་ཀྱི་ཚུལ་གནས་ལུགས་རྫོགས་པ་ཆེན་པོའི་གྲུབ་མཐར་ངེས་པར་བྱས་ནས་ངང་ལས་མི་འདའ་བར་བརྩོན་འགྲུས་དྲག་པོའི་ཤིང་རྟ་ལ་ཞོན་ཏེ་སྲིད་དང་ཞི་བའི་རྒྱ་མཚོའི་ཕ་མཐར་རིག་པའི་རང་སྟོབས་ཀྱིས་བགྲོད་པ་ལས་རྒྱུ་དང་འབྲས་བུ་ལ་མི་ལྟོས་པ་གཏན་ཚིག་ཡིན་པས༔ ཀུན་རྫོབ་ཀྱི་གནས་ཐམས་ཅད་ཡུལ་མེད་དུ་སངས་ཚེ་སངས་རྒྱས་ཀུན་ཏུ་བཟང་པོ་མངོན་དུ་གྱུར་པ་དེ་ཨ་ལ་ལ༔ འཁོར་བ་དང་འཁྲུལ་པ་ག་ལ་ཡོད༔ ཁྱོད་ཀྱི་སྣང་སེམས་གཟུང་འཛིན་ཐམས་ཅད་ཀྱི་རྩ་བ་ཆད་དེ་ཀུན་ཏུ་བཟང་པོ་ངེས་པར་ཐོབ་མ་ཐོབ་ལྟོས་ཤིག༔ རྟོགས་ཤིག༔ གལ་ཏེ་མ་རྟོགས་པར་ལམ་ཁྱེར་ཙམ་ལ་གདིང་འཆའ་བ་དེ་རྒྱུ་འབྲས་སུ་འདུག་པས་མཚང་བརྡོལ་བ་ཨ་ཙ་མ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ལམ་ཁྱེར་ལ་རེ་བ་དེ་སངས་རྒྱས་སེམས་ཅན་ལ་རེ་བའི་དུས་ལ་བབས་པ་དེ་ཧེ་ཧེ༔ གལ་ཏེ་ཆོས་ཐམས་ཅད་རྟོག་དཔྱོད་ཀྱིས་སྟོང་པར་གཏན་ལ་དབབ་ནས་རྟོགས་པ་རུ་རློམ་སྟེ་རྒྱུ་འབྲས་མེད་པར་སེམས་ན་ཁྱོད་ལ་གཟུགས་མ་མཆིས་སམ༔ གལ་ཏེ་གཟུགས་མཆིས་ན་གཟུགས་ཉེ་བར་ལེན་པའི་མཁན་པོ་དེ་རྒྱུ་འབྲས་ཀྱི་རྟེན་ཡིན༔ གཟུགས་དེ་འབྲས་བུར་གྲུབ་པ་ཡིན་པས་ཤེས་པར་གྱིས་ཤིག༔ དེ་བཞིན་དུ་ཁྱོད་ལ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་མ་མཆིས་སམ༔ གལ་ཏེ་མཆིས་ན་ཉེ་བར་ལེན་པའི་མཁན་པོ་དེ་རྒྱུ་འབྲས་ཀྱི་རྟེན་ཡིན༔ ཡུལ་དེ་རྒྱུ་དང་འབྲས་བུར་ངེས་པ་དེ་ཧ་ཧ༔ ང་དང་ལས་འཕྲོ་ཡོད་པའི་སྐལ་པ་བཟང་པོའི་སྐྱེས་བུ་རྣམས་ཀྱིས་རང་རྒྱུད་ལ་བརྟག་དཔྱད་ཞིབ་ཏུ་གྱིས་ལ་གྲོལ་འཁྲུལ་གྱི་ཤན་འབྱེད་པ་ལ་མཁས་པར་གྱིས་ཤིག༔ ཁམས་གསུམ་འཁོར་བའི་མིང་ཙམ་ཡང་མེད་པར་སངས་མངོན་སུམ་དུ་མ་རྒྱས་ཀྱི་བར་དུ་བག་མེད་ཀྱི་དབང་དུ་མི་གཏོང་བ་གནད་ཀྱི་ཡང་ཟབ་དང་གདམས་པའི་མཆོག་ཏུ་ཟུངས་ཤིག༔ འཆོངས་ཤིག༔ རིགས་ཀྱི་བུ་སངས་རྒྱས་དང་སེམས་ཅན་གྱི་དབྱེ་བ་མ་ཤེས་ན་སངས་རྒྱས་སེམས་ཅན་དུ་བལྟ་བས་ལོག་རྟོགས་སུ་འཕྱན་པས་འདི་ལྟར་ཤན་དབྱེ་བར་གྱིས་ཤིག༔ སངས་རྒྱས་ནི་བརྡལ་ཁྱབ་འཕོ་འགྱུར་དང་བྲལ་བ༔ ཕྱོགས་གང་དུའང་མ་ལྷུང་བ༔ མཐའ་ཀུན་ལས་འདས་པ༔ སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ༔ ཡུལ་ལས་འདས་པ༔ སྟོན་འཁོར་དུ་མ་གྲུབ་པ༔ ལུས་ལས་འདས་པ༔ བདག་གཞན་གྱི་མཐར་མ་ལྷུང་བ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་མཉམ་བརྡལ་ཤེས་རབ་ཀྱི་མདངས་མངོན་དུ་གྱུར་པ༔ མཚན་མ་རིས་ཆད་དུ་མ་གྱུར་པ་ཉིད་དུ་ཤེས་པར་གྱིས་ཤིག༔ ཀྱཻ་རིགས་ཀྱི་བུ་སངས་རྒྱས་ལ་གཟུགས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་གཟུགས་ཀྱི་ཕུང་པོས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ལ་རྣམ་པར་ཤེས་པ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་རྣམ་པར་ཤེས་པའི་ཕུང་པོས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ལ་ཚོར་བ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་ཚོར་བའི་ཕུང་པོས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ལ་འདུ་ཤེས་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་འདུ་ཤེས་ཀྱི་ཕུང་པོས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ལ་འདུ་བྱེད་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་འདུ་བྱེད་ཀྱི་ཕུང་པོས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ལ་སྟོན་འཁོར་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་གཟུང་འཛིན་གྱིས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ལ་སྟོན་བྱ་སྟོན་བྱེད་ཀྱི་བདག་ཡུལ་ཡོད་པར་མ་སེམས་ཤིག༔ གལ་ཏེ་ཡོད་པར་སེམས་ན་གཉིས་འཛིན་གྱིས་ཕུང་བའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་འདས་པའི་དུས་སུ་བྱུང་བར་མ་སེམས་ཤིག༔ གལ་ཏེ་སེམས་པར་གྱུར་ན་སྐྱེ་འཆིའི་དབང་དུ་གྱུར་པའི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་མ་འོངས་པར་འབྱུང་བར་མ་སེམས་ཤིག༔ གལ་ཏེ་སེམས་ན་ཐོབ་ལེན་རིས་ཆད་ཀྱི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ སངས་རྒྱས་ད་ལྟ་ཡོད་པར་མ་སེམས་ཤིག༔ གལ་ཏེ་སེམས་པར་གྱུར་ན་རྟག་བརྟན་ཐེར་ཟུག་ཅན་གྱི་སེམས་ཅན་དུ་བལྟ་བ་མ་ལགས་སམ༔ ཀུན་གཞི་ལས་ངར་འཛིན་སྐྱེས་པས་ཉོན་ཡིད་ཀྱི་སྣང་བ་མཆེད༔ དེ་མཆེད་པས་ཡིད་མཆེད༔ དེ་མཆེད་པས་དབང་པོ་མཆེད༔ དེ་མཆེད་པས་རྣམ་པར་ཤེས་པ་མཆེད༔ དེ་མཆེད་པས་ཉེ་བར་ལེན་པའི་རྣམ་པར་རྟོག་པ་མཆེད༔ དེ་དག་དུས་འཛོམ་པ་ནི་སེམས་ཅན་ཁོ་ནར་ངེས་པ་ཡིན༔ ཚོགས་པ་གནས་སུ་འགྱུར་བས་དུས་གསུམ་དུ་ཤར་བ་ཡིན༔ དེ་དག་དང་ལྡན་པའི་སངས་རྒྱས་ཞིག་ཡོད་པར་སེམས་ན་དེ་ནི་སངས་རྒྱས་སེམས་ཅན་དུ་ལྟ་བའི་ལོག་རྟོག་ཆེན་པོ་ཡིན༔ དེ་ཡོད་ཀྱང་སངས་རྒྱས་ཀྱི་རྒྱུད་ལ་ཡེ་ཤེས་ཡོན་ཏན་ཡོད་པར་སེམས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀུན་ཏུ་བཟང་པོའི་ཀློང་ལས་མ་འདས་པས་སངས་རྒྱས་སེམས་ཅན་གཉིས་སུ་མི་འབྱེད་པས་ཐམས་ཅད་སངས་རྒྱས་ལས་མེད་པ་ཨ་ལ་ལ༔ ཡང་ན་སངས་རྒྱས་ཀྱི་ཡུལ་ས་བདེ་ཞིང་འཇམ༔ གནས་ཁང་བཀོད་ལེགས༔ མཛའ་གྲོགས་རྒྱུད་བཟང་༔ འདོད་ཡོན་ལོངས་སྤྱོད་ཀྱི་དཔལ་ཆེ་བ་ཡོད་ཅེས་སེམས་ན་གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པས༔ གཟུགས་ཁམས་སུ་སྐྱེས་པས་ཆོག་པར་མངོན་ནོ༔ གདུལ་བྱ་རང་སྣང་གི་སྟོན་པ་རང་ལ་རང་གྲོལ་གྱི་ལམ་སྟོན་སློབ་དཔོན་དང་ཡི་གེ་ལ་སོགས་པ་ཐམས་ཅད་གློ་བུར་དུ་སྣང་བ་ཡིན་པ་ལས་ཡེ་གྲུབ་རང་རྒྱུད་ཅན་ནི་མ་ཡིན་པར་ཤེས་པར་གྱིས་ཤིག༔ སངས་རྒྱས་སེམས་ཅན་འདོད་ཡོན་ཐམས་ཅད་རང་ངོས་ན་མེད་ཕྱིའི་ཡུལ་ཁོ་རང་གི་ངོས་ན་ཡོད་ཅེས་སྨྲ་ཞིང་སེམས་ན་དེ་མི་རིགས་ཏེ་སེམས་ཅན་གང་གིས་ཀྱང་རང་ངོ་ན་རང་ལས་སྲིན་བུ་མ་གཏོགས་མེད་པར་ཤེས་མོད༔ སྣང་བའི་ཡུལ་བདེན་ཞེན་རང་རྒྱུད་པར་བཟུང་ནས་འཁྲུལ་པ་ཡིན༔ དཔེར་ན་རྨི་ལམ་དུ་ཡང་སྣང་བའི་ཡུལ་ཤར་ཚེ་རང་འགྲོ་འོང་གི་དུས་སུ་སེམས་ཅན་དང་སྣང་ཡུལ་དེ་ཤུལ་དུ་བཞག་པ་དང་༔ ཡུལ་ནས་ཡུལ་དུ་བགྲོད་ཚེ་དམྱལ་བ་དང་ཡི་དྭགས་བར་དོ་ལ་སོགས་པ་རང་རྒྱུད་པར་ཡོད་པ་ཁོ་ནར་ངེས་དགོས་པས་ཤུལ་དུ་ལུས་པར་སེམས་པ་དེ་བདེན་ན་ཐམས་ཅད་སྟོང་པ་མ་ཡིན༔ གཟུང་འཛིན་རྣམ་པར་རྟོག་པ་ཡང་མ་ཡིན༔ ཆོས་སྐུའི་ཀློང་ཡང་མ་ཡིན༔ སོ་སོ་རང་གི་རྒྱུད་ཅན་དེ་བདག་ཡུལ་གཉིས་སུ་འདུག་པ་དེ་ཡང་བདེན་པར་ངེས་པའོ༔ བདག་ཡོད་ཀྱི་རྟོག་པ་ལངས་ནས་གཏན་ལ་ཕབ་པས་བདག་མེད་ཀུན་རྫོབ་ཏུ་བསྒྲལ་ཏེ་བདག་ཡོད་པ་དོན་དམ་པར་འཛིན་པ་སྒང་ལོག་ཏུ་ཐལ་བ་ཨོ་ཨོ༔ འོ་ན་ངའི་ཐེག་པ་ནི་དེ་ལྟར་ཡོད་ལ་མེད་ཚུལ་བསྟན་པའི་ཟོབ་རྫུན་མ་ཡིན་པར་སྣང་བ་ཐམས་ཅད་བདག་མེད་ཡུལ་མེད་འཁྲུལ་སྣང་ཁོ་ནར་ཐག་བཅད་དེ་གཞི་གཅིག་པུར་བསྟན་པ་ཡིན་པས་ཤེས་པར་གྱིས་ཤིག༔ སེམས་ཅན་སོ་སོ་རང་རྒྱུད་ཅན་མཆིས་ན་སངས་རྒྱས་ཡང་དེ་ལྟ་བུར་མཆིས་པས་གཞི་གཅིག་ཏུ་མ་ངེས་པར་དུ་མའི་མཐར་ངེས་པའོ༔ གལ་ཏེ་སེམས་ཅན་རང་ངོས་ན་ཡོད་དེ་གཞི་གཅིག་པར་སེམས་ན་སེམས་ཅན་གཅིག་སངས་རྒྱས་ཀྱང་གཞན་སངས་མ་རྒྱས་པས་གཞི་དེ་ཡང་ཁབ་མིག་ཙམ་ཆོས་སྐུ་མ་ཡིན་པར་ཐམས་ཅད་ཀུན་གཞིར་འདུག་པའམ༔ ཡང་ན་དེ་སངས་རྒྱས་ནས་སེམས་ཅན་དེ་དག་གཞིར་འདྲེས་པས་སླར་ཡང་འཁོར་བར་སོང་བ་གཉིས་གང་གི་ཕྱོགས་སུ་མི་ལྷུང་བའི་ཐབས་མེད་པ་ཡིན་པས་གཏིང་དཔོག་པ་གནད་དུ་ཆེ་སྟེ་ནན་དུ་ལྟོས་ཤིག༔ དོན་དམ་པར་སྣང་བ་ཐམས་ཅད་སེམས་ལ་སྣང་བ་ལས་རང་རྒྱུད་པར་མ་གྲུབ་སྟེ་སྣང་སེམས་ཐམས་ཅད་གཉིས་མེད་ཀྱི་རོལ་པ་ལས་མ་འདས་པས་གྲོལ་བ་ཡང་གཞི་དབྱིངས་སུ་དུས་མཉམ་དུ་གྲོལ་བ་ཡང་དག་པའོ༔ ཀྱཻ་རིགས་ཀྱི་བུ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གཞི་ཁྲེགས་ཆོད་རང་ལམ་གྱིས་གྲོལ་བ་དང་༔ ལམ་ཐོད་རྒལ་ལ་བརྟེན་ནས་གྲོལ་བའི་ཚུལ་གཉིས་སུ་ཡོད་པ་ལས༔ ཟབ་གསང་བླ་ན་མེད་པའི་སྣོད་མཆོག་ཏུ་གྱུར་པའི་སྐལ་ལྡན་སྐྱེས་བུ་ཆེན་པོ་རྣམས་ཀྱིས་བརྩོན་འགྲུས་ཐང་ལྷོད་མེད་པའི་སྒོ་ནས་ཉམས་སུ་བླངས་པའི་སྟོབས་ཀྱིས་དང་པོ་གོ༔ བར་དུ་མྱོང་༔ ཐ་མ་རྟོགས༔ མཐར་ཐུག་གདིང་ཐོབ་ཅིང་གྲོལ་བ་མངོན་དུ་འགྱུར་བ་ཡིན༔ དང་པོ་ཕྱིའི་སྣང་བ་དབྱིངས་སུ་འཇིག་པའི་ཚུལ་ནི་འདི་ལྟ་སྟེ༔ འདི་ལྟར་སྣང་སེམས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་གདངས་ཡིན་པས་གདངས་མདངས་སུ་གྲོལ་བ་ལན་ཚྭ་ཆུར་ཞུ་བ་ལྟར་འགྲོ་འོང་སྐྱེ་འགགས་དང་བྲལ་བར་རང་གྲོལ་བ་ཕུང་པོ་ལྔ་སྐུའི་རོལ་པར་ཞི༔ འོད་ལྔ་ཡེ་ཤེས་ཀྱི་རོལ་པ་དང་༔ འབྱུང་ལྔ་དབྱིངས་ལྔའི་རོལ་པ་དང་༔ ཡིད་ཤེས་རབ་ཀྱི་རོལ་པ་དང་༔ རྣམ་ཤེས་ཡེ་ཤེས་ཀྱི་རོལ་པ་དང་༔ ངོ་བོ་ཆོས་སྐུའི་རོལ་པར་ཞི་སྟེ་གཉིས་མེད་དུ་རང་གྲོལ་བའོ༔ སེམས་སྣང་སངས་རྒྱས་པ་ཡང་ཡུལ་ནས་ཡུལ་དུ་བགྲོད་པའི་གནས་འཕོ་ལྟར་མ་ཡིན་པ་རྨི་ལམ་དབྱིངས་སུ་སད་པ་ལྟ་བུ་ཡིན༔ དེ་ཡང་རྨི་ལམ་གྱི་ཡུལ་ཅན་སད་དུས་ཀྱང་དེ་དུས་ཀྱི་ཡུལ་ཡུལ་ཅན་ལྟར་མ་ཡིན་པར་དཔེར་ན་ཆུ་འཁྱགས་པས་བསྡམས་པ་ཆུ་རུ་ཞུ་བ་ལྟར་བདག་དང་ཡུལ་མ་གྲུབ་པ་ཡེ་གཞི་བདེ་གཤེགས་སྙིང་པོའི་ཀློང་དུ་འབྱམས་ཀླས་པའོ༔ ཆོས་དབྱིངས་ཆོས་དབྱིངས་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུ་དང་༔ ཤེས་རབ་ཤེས་རབ་ལ་ཐིམ་པ་ནི་འོད་འོད་ལ་ཐིམ་པ་ལྟ་བུའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ཆུ་སྐམ་པའི་ཆུ་ཟླ་ཟླ་བ་རུ་ཡལ་བ་ལྟ་བུའོ༔ མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་རོལ་པར་གྲོལ་བ་ནི་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ༔ སྣང་སེམས་དབྱེར་མེད་དུ་གྲོལ་བ་སྒྱུ་མའི་འཕྲུལ་འཁོར་དབྱིངས་སུ་ཞིག་པ་ལྟ་བུའོ༔ དེ་ལྟར་གྲོལ་བའི་སྔ་ཐོག་ཏུ་ཐོབ་པ་བཞི་སྔ་ལྟས་སུ་འབྱུང་བ་འདི་ལྟ་སྟེ༔ རང་ངོ་ཀ་ནས་དག་པའི་རང་གདིང་མངོན་དུ་གྱུར་པས་སངས་རྒྱས་ཀྱི་ཡོན་ཏན་འཐོབ་ཏུ་རེ་བའི་རློམ་སེམས་མེད་པའི་ང་རྒྱལ་ཐོབ༔ རིག་པ་རང་གྲོལ་ཏེ་རྒྱུ་འབྲས་རྣམ་སྨིན་གྱི་བདག་པོ་ཡུལ་མེད་དུ་སོང་བས་སངས་རྒྱས་ཀྱི་ཡོན་ཏན་མི་འཐོབ་ཏུ་དོགས་པ་མེད་པའི་ང་རྒྱལ་ཐོབ༔ སྣང་སྲིད་སྒྱུ་མའི་དཔེ་རུ་ཤར་ནས་སྒོ་གསུམ་འཁོར་བའི་བྱ་བ་ལ་མི་འཇུག་པས་འཁོར་བ་ངན་སོང་དུ་མི་ལྟུང་གི་རེ་བ་མེད་པའི་ང་རྒྱལ་ཐོབ༔ རིག་པ་གདོད་མའི་མགོན་པོའི་དབྱིངས་སུ་གདིང་ཆེན་རྙེད་ནས་འཁྲུལ་མི་ཤེས་པའི་ངང་ཐོབ་པས་འཁོར་བ་དང་ངན་སོང་ལ་ལྷུང་གི་དོགས་པ་མེད་པའི་ང་རྒྱལ་ཐོབ༔ འདི་ལྟ་བུའི་འབྲས་བུ་གང་གིས་ཀྱང་འགྲན་ཟླ་མེད་པས་ཆེན་པོར་གྱུར་པའོ༔ སངས་རྒྱས་པ་ཡང་རང་ས་ཉིད་ནས་མ་རིག་པའི་གཉིད་ལས་སད་དེ་ཡེ་གཞི་མཚན་མ་དང་བྲལ་བ་བརྡལ་ཁྱབ་དབུས་མཐའ་བྲལ་བའི་དབྱིངས་སུ་འབྱམས་ཀླས་ཏེ་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ངང་མདངས་སུ་རྒྱས་ཤིང་མངོན་དུ་གྱུར་པའོ༔ ངོ་བོ་ཆོས་ཉིད་བདེ་བ་ཆེན་པོ༔ རང་བཞིན་ཡོན་ཏན་ལོངས་སྤྱོད་དུ་རྫོགས་པ༔ ཐུགས་རྗེ་ཡེ་གདངས་གོ་མ་འགགས་པ༔ དག་པ་དང་གྲོལ་བ་དང་ཕྱོགས་སུ་མ་ལྷུང་བ༔ སྤྲོས་པའི་མཐའ་ཐམས་ཅད་བྲལ་བ༔ རྒྱ་གར་ཡང་མ་ཆད་པ༔ རྣམ་པར་ཐར་པའི་སྒོ་ཐམས་ཅད་ལྡན་པ༔ ཤེས་རབ་ཡེ་ཤེས་ཆེན་པོའི་ངང་རྒྱས་པ༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་དཔལ་ཡོན་རང་བྱུང་བ་སོགས་ཡོན་ཏན་སྤུངས་པ་ལྟ་བུའི་སྐུ་ཡང་དག་པའོ༔ དོན་དམ་པའི་སངས་རྒྱས་ནི་འདི་ཀ་ཡིན་ཏེ་འདི་ལས་གཞན་དུ་མ་ཚོལ་ཅིག༔ ༈གཞི་འདི་ལ་བརྟེན་ནས་ལམ་ཐོད་རྒལ་གྱི་ལམ་ལ་འཇུག་སྟེ་སྨིན་ཅིང་གྲོལ་བའི་ཚུལ་ནི་འདི་ལྟ་སྟེ༔ ཀྱཻ་རིགས་ཀྱི་བུ་ལེགས་པར་ཉོན་ཅིག༔ ལམ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པ་ལ་སྔོན་འགྲོ་དང་དངོས་གཞི་རྗེས་ཐོབ་གསུམ་དུ་ཡོད་པ་ལས༔ དང་པོ་སྔོན་འགྲོ་ལ་ཡང་སྒོ་གསུམ་སྦྱོང་བའི་རིམ་པ་ལས༔ དང་པོ་ལུས་ཀྱི་མངོན་ཞེན་བཟློག་ཅིང་བར་ཆད་ཀྱི་གེགས་བསལ་བའི་ཕྱིར་ལུས་སྦྱང་བ་ལ༔ གནས་དབེན་པ་མི་མེད་ལུང་སྟོང་དུ་འགྲོ་སྟེ་ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མ་གསོལ་ཞིང་ས་ལམ་གྱི་བར་ཆད་བཟློག་པའི་ཕྲིན་ལས་བཅོལ༔ དེ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་ཁྲི་མུན་ལས་འདོན་པའི་ཕྱིར༔ ངས་འཁོར་འདས་རུ་ཤན་འབྱེད་ཅིང་༔ ཚེ་གཅིག་ལུས་གཅིག་ཏུ་རྒྱལ་བ་ཀུན་ཏུ་བཟང་པོའི་གོ་འཕང་ལ་བགྲོད་པར་བྱའོ་ཞེས་སེམས་བསྐྱེད༔ དེ་ནས་བླ་མ་སྤྱི་བོར་བསྒོམ་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་རང་གི་སྤྱི་བོ་ནས་ལུས་ལ་ཞུགས་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་དངོས་མེད་དུ་ཞིག་པར་བསམ༔ དེ་ནས་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེ་ཆེན་པོའི་ནང་ཁོངས་སུ་རང་ལུས་རྡོ་རྗེ་སྔོན་པོ་རྭ་གདེངས་པ་ཞིག་ཏུ་བསྒོམ་སྟེ་ལག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཞིང་གྲུ་མོ་ཕྱིར་བགྲད༔ རྐང་པའི་མཐིལ་སྤྲད་དེ་པུས་མོ་ཡང་བསྒྲད༔ ཐིག་ལེའི་ཕྱི་རིམ་དུ་མེ་དཔུང་འབར་ཞིང་ཚྭ་ཚྭ་འཕྲོ་བར་བསྒོམ༔ དེ་ལ་དག་པ་དྲན་པ་ནི༔ ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་༔ མར་རྩེ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་༔ སྐེད་པ་གཅིག་ཏུ་དྲིལ་བ་ནི་ཐབས་ཤེས་གཉིས་སུ་མེད་པའི་མཚོན་བྱེད་དུ་ཤེས་པར་བྱའོ༔ ཡང་ལུས་གན་རྐྱལ་དུ་ལོག་ནས་སྔ་མ་ལྟར་ལུས་ཀྱི་བྱ་བ་དང་དག་པ་དྲན་པར་བྱ༔ དེ་ལྟར་ཞག་བཞི་བཅུར་གནད་དུ་བསྣུན་པས་གནས་སྐབས་སུ་ལུས་རྡོ་རྗེ་མེ་འབར་བར་མཐོང་ནས་བགེགས་དང་བར་ཆད་ཞི༔ མཐར་ཐུག་ལུས་སྒྲིབ་དག་ཅིང་ལུས་རྡོ་རྗེ་སྐུའི་རོལ་པར་སངས་རྒྱས་པར་འགྱུར་རོ༔ གཉིས་པ་ངག་གི་ཞེན་པ་བཟློག་པའི་ཕྱིར་ངག་སྦྱང་བ་ལ༔ སྤྱི་བོར་བླ་མ་བསྒོམ་པའི་གསུང་གི་གསང་བ་ཆེན་པོ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་གི་མགྲིན་པར་ཐིམ་པས་མ་དག་པའི་རྩ་དང་རླུང་ཁམས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་མོས༔ རང་ལུས་གསང་བདག་ཕྱག་ན་རྡོ་རྗེ་སྐུ་ཆེ་ལ་ཡན་ལག་རགས་པ་ནམ་མཁའི་མཐའ་དང་མཉམ་པ་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ཞིག་བསྒོམ་སྟེ༔ ཧཱུྃ་གི་སྒྲ་བསྒྲགས་པས་ཧཱུྃ་ཡིག་ཁ་དོག་མཐིང་ཀ་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་འཕྲོས་པས་སྣང་སྲིད་ཁམས་ཀྱི་བརྟན་གཡོ་ཐམས་ཅད་ཧཱུྃ་གི་རོལ་པར་གྱུར་ནས་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུའི་ཧཱུྃ་གིས་སྟོང་ཁམས་ཐམས་ཅད་ཁེངས་པར་བསམ་ཞིང་༔ ངག་ཏུ་ཡང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་གླུ་དལ་བུས་བརྗོད་ཅིང་༔ ཡང་ཧཱུྃ་ཐམས་ཅད་རང་གི་ཞལ་དུ་ཞུགས་ཏེ་ལུས་ཀྱི་རྩ་དང་རླུང་ཁམས་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རང་ལུས་ཧཱུྃ་གི་ཡི་གེ་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པའི་ཕུང་པོར་བསྒོམ་སྟེ་ཧཱུྃ་གི་གླུ་དལ་བུས་སྙན་པའི་དབྱངས་ཀྱིས་ལེན༔ འདིའི་དུས་དམིགས་པ་གཞན་དུ་མི་ཡེངས་པ་གནད་དམ་པའོ༔ དེ་ཡང་ཞག་བཅུར་གནད་དུ་བསྣུན་ནས་ཉམས་སུ་བླངས་པས་གནས་སྐབས་རྩ་རླུང་ལས་སུ་མི་རུང་བའི་གེགས་སེལ༔ མཐར་ཐུག་ངག་གི་སྒྲིབ་པ་དག་ཅིང་དབྱངས་སྙན་པ་དང་རྡོ་རྗེ་གསུང་གི་རོལ་པར་སངས་རྒྱས་པར་འགྱུར་རོ༔ གསུམ་པ་ཡིད་སྦྱང་བ་ནི༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟར་གཡོ་འགུལ་དང་བྲལ་བར་བཞག༔ ངག་སྨྲ་བརྗོད་དང་བྲལ་བ་ལྐུགས་པ་ལྟ་བུར་བཞག༔ སེམས་ནི་སྤྲིན་དྭངས་པའི་ནམ་མཁའ་ལྟ་བུར་བཟོ་མི་འཆོས་པར་བཞག༔ རེས་འགའ་ཁྲོ་བོའི་ལྟ་སྟངས་དང་སྟངས་སྟབས་བྱས་ནས་ཧཱུྃ་ཧཱུྃ་ཞེས་དྲག་ཏུ་བརྗོད་ཅིང་སྣང་བ་གཏད་མེད་དུ་བཏང་༔ རེས་འགའ་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་ངང་ནས་སེམས་མ་བཅོས་པར་ལྷོད་དེ་ཤིག་གེར་བཞག༔ དེ་ལྟར་ཞག་ཉེར་གཅིག་ལ་ཉམས་སུ་བླངས་པས་ཡིད་སྒྲིབ་དག་ཅིང་རིག་པ་རང་བྱུང་གི་ངང་མཐོང་སྟེ་ཆེས་ལམ་དུ་འགྲོ་བའི་དགོས་པ་ཡོད༔ ཀྱཻ་རིག་པའི་རྡོ་རྗེ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ངས་བཤད་དེ༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོའི་གདམས་པ་ཉམས་སུ་ལེན་པའི་ཚུལ་ནི༔ ལུས་ཀྱི་གནད་སེངྒེ་འབྲུག་ལ་རྔམ་པ་ལྟ་བུ་དང་༔ གླང་ཆེན་བདེ་ལུགས་སུ་ཉལ་བ་ལྟ་བུ་དང་༔ དྲང་སྲོང་གི་ཡུལ་དཔྱོད་བྱེད་པའི་འདུག་སྟངས་ལྟ་བུའི་བཞུགས་སྟངས་ལ་བརྟེན་ནས༔ གཟིགས་སྟངས་ཀྱང་དང་པོ་ལ་གྱེན༔ གཉིས་པ་ལ་ཐད་དྲང་༔ གསུམ་པ་ལ་ཐུར་དུ་བལྟ་བ་ཡིན་པས་ཤེས་པར་གྱིས༔ ངག་གི་གནད་ནི་མཆུ་སོ་མ་རེག་པའི་བར་ནས་རླུང་གི་འགྲོ་འོང་དལ་བ་ལ་བསླབ༔ སྨྲ་བརྗོད་བཟླས་པ་ཐམས་ཅད་ཅོག་གེར་བཞག་ནས་བདེ་ལུགས་སུ་རང་བབ་ཏུ་གནས་པ་དང་༔ སེམས་ཀྱི་གནད་ལྷོད་དེ་ཤིག་གེར་བཞག་པ་དང་གསུམ་ནི་ཆིངས་གསུམ་གྱིས་རྣལ་དུ་དབབ་པ་ཡིན༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུར་བསྒུལ་བསྐྱོད་དང་བྲལ་བར་སྡོད་པ་དང་༔ ངག་ལྐུགས་པ་ལྟ་བུར་སྨྲ་བཅད་དུ་སྡོད་པ་དང་༔ སེམས་དབྱིངས་རིག་མི་འགྱུར་བའི་ངང་དུ་སྡོད་པ་ནི་སྡོད་པ་གསུམ་གྱིས་ས་བཟུང་བ་ཡིན༔ ལུས་ལ་ལྷོད་ཆགས་པ་མི་བསྒྲིམ་ཞིང་ཆུན་མི་བཙལ་བར་བབས་ཀྱིས་བཞག༔ ངག་ལ་ལྷོད་ཆགས་པ་དབུགས་ཀྱི་འགྲོ་འོང་དགག་སྒྲུབ་མེད་པར་བཞག་པ་དང་༔ སེམས་ལ་ལྷོད་ཆགས་པ་ཡིད་དཔྱོད་དགག་སྒྲུབ་མེད་པར་བཞག་པ་ནི་ལྷོད་པ་གསུམ་གྱི་ངང་ཆགས་པ་ཞེས་བྱའོ༔ ཡང་ལུས་དང་ངག་མི་འགུལ་བས་རྩ་དང་རླུང་མི་འགུལ༔ དེ་མ་འགུལ་བས་སྒོ་དང་སྣང་སེམས་མི་འགུལ་བ་སྟེ༔ མི་འགུལ་བ་གསུམ་གྱིས་གནད་བསྣུན་པའོ༔ ལུས་དྲང་པས་རྩ་དྲང་༔ རྩ་དྲང་པས་རླུང་སེམས་བདེ་ལུགས་སུ་རྒྱུ་ཞིང་དྲང་བ་ཡིན་ཏེ་དྲང་བ་གསུམ་གྱིས་གཟེར་གདབ་པ་ཞེས་བྱའོ༔ དེ་ནས་ལུས་ཀྱི་གསེང་ལམ་སྒྲོན་མ་དྲུག་ཏུ་ཡོད་པ་ནི་འདི་ལྟ་སྟེ༔ རང་གི་སྙིང་ཙིཏྟ་ཤའི་སྒྲོན་མའི་དབུས་སུ་དྭངས་མ་རྩའི་སྒྲོན་མ་ཞེས་བྱ་བ་རྟ་རྔ་བརྒྱད་གཤགས་ཀྱི་ཆ་གཅིག་ཙམ་པ་དྭངས་གསལ་ཤེལ་གྱི་སྦུ་གུ་ལྟ་བུའི་ཡར་རྩེ་རྒྱང་ཞགས་ཆུའི་སྒྲོན་མའི་ཨ་འབྲས་སུ་ཁ་ཕྱེས་པའི་ནང་ཁོངས་སུ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་རིས་ཀྱི་གང་བའི་ཟ་འོག་ཁ་ཕྱེ་བ་ལྟ་བུའི་ཀློང་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མོའི་ཆུ་ལ་རྡོ་བསྐྱུར་བ་ལྟ་བུ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པ་བདེ་གཤེགས་སྙིང་པོ་སྒྲོན་མ་ལྔའི་འཆར་གཞིར་བྱས་པ་ནི་ལམ་རང་བྱུང་བའོ༔ གསང་བ་ཆེན་པོ་རང་བྱུང་གི་ལམ་དེ་ལ་བརྟེན་ནས་འབྲས་བུ་བླ་ན་མེད་པའི་སར་བསྐྱལ་བ་ནི་ལམ་མྱུར་ཞིང་ཆོད་ཆེ་བ་བླ་ན་མེད་པའོ༔ དེ་ལ་ལས་དང་པོ་པས་སཱུཪྻ་དང་ཙནྡྲ་ལ་ཁྲུ་གང་མ་རེག་པའི་སར་བལྟ་བ་དང་༔ མན་ཤེལ་དང་ཨཱ་ལོ་ཀེ་ལ་ཙཀྵུ་ཕྱེད་བཙུམ་གྱིས་བལྟས་ནས་རིག་པ་གདུང་ཚུགས་སུ་མིག་ལ་གཏད་ཅིང་སྡོད་པས༔ སྣང་བའི་འོད་གསལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཟ་འོག་ཁ་ཕྱེ་བ་ལྟ་བུའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་ཅན་གྱི་རྣམ་པར་འཆར་སྟེ༔ དེ་དག་གི་གོ་འཚམས་སུ་རིག་པའི་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུར་གསལ་ལ་འཚེར་བ་ཕྲ་ལ་འཁྱོགས་པར་འཆར་རོ༔ སྒོའི་གནད་མ་བརྟན་པའི་ཕྱིར་དང་པོའི་གནས་སྐབས་སུ་འདར་འཕྲིག་དང་འགྲོ་འོང་ཅན་གྱི་རྣམ་པར་འཆར་རོ༔ དེ་ནས་ཅུང་ཟད་གོམས་པའི་སྟོབས་ཀྱིས་སྒྲོན་མའི་སྣང་བ་ཐམས་ཅད་བརྟན་ཅིང་གནས་པར་འགྱུར་རོ༔ དེའི་ཚེ་སྔ་དྲོ་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྡོད་པ་དང་༔ དཀར་ཁུང་དང་གསལ་ལམ་ལ་བལྟས་པས་ཆོག་པ་ཡིན༔ དེ་ལྟར་ཉམས་སུ་ལེན་པའི་སྐྱེས་བུ་ལམ་མ་ནོར་བ༔ དད་པ་བརྟན་པ༔ དམ་ཚིག་ཐུབ་པ༔ ངོ་ལྐོག་དང་གཡོ་སྒྱུ་མེད་པ་དག་ལ་བརྒྱུད་རིམ་གཉིས་ཚུན་ཆད་དུ་ངའི་དགོངས་རྒྱུད་འཕོ་སྟེ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་༔ གོལ་ཤོར་གྱི་གེགས་དང་འཕྲང་ལས་གྲོལ་ཏེ་ཚེ་གཅིག་གིས་འཇའ་ལུས་འོད་སྐུར་གྲོལ་བ་གཏན་ཚིག་གོ༔ ཀྱཻ་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་ཁྱོད་ལེགས་པར་ཉོན་ཅིག༔ དེ་ལྟར་གནད་ལ་བརྟེན་ནས་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པའི་སྟོབས་ཀྱིས༔ དང་པོ་སྒོའི་གནད་བརྟན་པའི་རྟགས་སུ་མིག་ཡུལ་ལ་ཅི་ཙམ་གཏད་ཀྱང་ཚུགས་པ་དང་༔ འོད་གསལ་གྱི་སྣང་བ་འདར་འཕྲིག་མེད་པར་ཁྲིག་གེར་གནས་པ་དང་༔ ལུས་ཀྱང་འདུག་སར་སྡོད་ཚུགས་པའོ༔ དེ་ལ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱིས་སྣང་བ་བཞིའི་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་རིག་འཛིན་རྣམ་པ་བཞིའི་ས་ལམ་ལ་ངེས་པར་བཞུད་པའོ༔ དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ བུམ་དབང་གི་ནུས་པ་རྒྱུད་ལ་ཐེབས་པའི་རྟགས་སུ་ལུས་དཀའ་ཞིང་ངལ་བའི་རྣམ་པས་འགུལ་སྙིང་མི་འདོད་པ་དང་༔ ངག་སྨྲ་བརྗོད་མི་འདོད་པར་ལྐུགས་པ་ལྟ་བུར་གནས་པ་དང་༔ སེམས་རྣམ་པར་རྟོག་པ་དུམ་བུར་འཕྲོ་བའི་རྒྱུན་ཆད་ནས་གར་གཏད་དུ་སྡོད་པ་དང་གསུམ་ནི་སྒོ་གསུམ་གྱི་ནང་རྟགས་སུ་འཆར་བའོ༔ ཁྲེགས་ཆོད་ལྟ་བུ་ལྐོག་གྱུར་གྱི་མུན་སྒོམ་མ་ཡིན་པར་དབང་པོའི་སྒོར་འོད་གསལ་གྱི་ཆོས་ཉིད་མངོན་སུམ་དུ་འཆར་བའི་ཕྱིར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ༔ འདི་དུས་འོད་གསལ་གྱི་སྣང་བ་རྒྱ་ཆེ་ལ་ལྷུན་འཐུག་པ་རང་བབས་སུ་གནས་ཤིང་ངང་བརྟན་པར་འཆར་བ་ཡིན༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ གསང་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པའི་རྟགས་སུ་དང་པོ་སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་དུ་ན་ཚ་མི་བདེ་བའི་ཟུག་རྔུ་སྣ་ཚོགས་རླུང་དང་བད་ཀན་ལྟ་བུར་ལྡང་སྟེ༔ དེ་ཡང་ཉམས་སུ་ངོ་ཤེས་ཏེ་སྦྱངས་པས་བར་དུ་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁྱབ་ཅིང་རེས་འགའ་ནི་བརྒྱལ་བ་དང་༔ རེས་འགའ་ནི་ཤིན་ཏུ་མི་བཟད་པའི་ན་ཚ་དྲག་པོ་འབྱུང་བ་དང་༔ རྩ་ཐམས་ཅད་སོ་སོར་གཟེར་ཞིང་འཐེན་པ་ལྟ་བུའི་ཉམས་མ་ངེས་པ་འཆར་བའོ༔ ལུས་སྒེག་ཆོས་ངོ་ཚ་དང་བྲལ་ཏེ་སྐྱེས་བུ་ཆང་གིས་མྱོས་པ་ལྟར་ཟ་ཟི་བྱ་སྤྱོད་སྣ་ཚོགས་པས་སྡོད་མི་ཚུགས་པ་དང་༔ ངག་ཀྱང་སྨྱོན་པའི་ཅ་ཅོ་ལྟར་གླུ་དང་མགུར་མ་ལ་སོགས་པ་མ་ངེས་པར་རང་ཚིག་ཏུ་བརྡོལ་བ་དང་༔ སེམས་ཀྱང་གཟའ་གཏད་མེད་པར་སྨྱོན་པ་འུར་ལངས་པ་ལྟ་བུར་གཏད་མེད་རྒྱ་འབྱམས་སུ་ཡན་པ་དང་གསུམ་ནི་སྒོ་གསུམ་གྱི་ནང་རྟགས་སོ༔ སྣང་བ་ཐམས་ཅད་འོད་དང་ཐིག་ལེའི་རང་བཞིན་དུ་ཤར་ནས་གོ་འཚམས་མི་ཕྱེད་པ་ནི་དབང་པོའི་སྒོར་འཆར་བ་ཡིན༔ ལྷར་སྣང་བ་འདྲེར་སྣང་མངོན་ཤེས་སྣ་ཚོགས་པ་འཆར་བ་དང་༔ རེས་འགའ་དད་མོས་ངེས་འབྱུང་དྲག་པོ་བཟོད་མེད་དུ་སྐྱེ་བ་དང་༔ རེས་འགའ་ནི་ང་རྒྱལ་དྲག་པོས་རྒྱུད་ཁེངས་ནས་རང་ལྟ་ལ་དཔང་བསྟོད་བྱེད་པ་དང་༔ རེས་འགའ་ནི་སྣང་སེམས་ཐམས་ཅད་སྡུག་བསྔལ་དུ་མངོན་ནས་བློ་ཡིད་མི་བདེ་བས་གང་བ་དང་༔ རེས་འགའ་ནི་དགའ་བ་དང་བདེ་བའི་རང་བཞིན་མ་ངེས་པར་འཆར་བ་དེ་དག་ཐམས་ཅད་ཉམས་ཀྱི་སྣང་བ་ངེས་པར་གདོན་མི་ཟའོ༔ འདིའི་དུས་སུ་ཞིང་དང་གནས་ཀྱི་མཁའ་འགྲོས་ལྷར་སྣང་གི་རྗེས་སུ་འཁྲིད་དེ་བསླུ་བ་འབྱུང་བ་ནི༔ ཞིང་གི་མཁའ་འགྲོ་སྟེ་གནས་དང་ཡུལ་གྱི་མཁའ་འགྲོ་མ་རྣམས་ཀྱིས་ཡེ་ཤེས་དབྱིངས་ཀྱི་མ་མོ་མཁའ་འགྲོ་མའི་མིང་དང་ཚུལ་དུ་བརྫུས་ནས་ལུང་སྟོན་པ་འབྱུང་སྟེ༔ དེ་ལ་བདེན་ཞེན་སྐྱེས་ནས་དེ་དག་གིས་སྨྲ་བ་ལྟར་བསྒྲུབ་ན༔ བདག་ཉིད་མཁའ་འགྲོའི་དབང་དུ་གྱུར་ནས་འཁོར་བའི་གནས་སུ་ངེས་པར་མཐའ་མེད་དུ་འཁྲུལ་ལོ༔ གནས་ཀྱི་མཁའ་འགྲོ་མ་སྟེ་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཡུལ་གྱི་བུད་མེད་དག་གི་སྙིང་ལ་ཞུགས་ནས་ཐབས་སྣ་ཚོགས་ཀྱིས་བསླུ་བ་འབྱུང་སྟེ༔ དེ་དག་གི་དབང་དུ་གྱུར་ན་འཁོར་བ་མཐའ་མེད་པའི་གནས་སུ་ཕྱིར་ལྡོག་པ་ཡིན༔ དེའི་དུས་སུ་འཁོར་འདས་རང་སྣང་ལས་མི་གཞན་པའི་ཚུལ་ཇི་ལྟ་བ་བཞིན་ཏུ་ཤེས་པའི་ངང་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུར་དེར་འཛིན་དང་བྲལ་བར་ཞེན་མེད་ཀྱི་ངང་དུ་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་གསང་བ་མཆོག་གི་དངོས་གྲུབ་མ་བཙལ་རང་བབས་སུ་ཐོབ་པར་འགྱུར་རོ༔ འདིའི་དུས་སུ་བར་ཆད་བདུད་ཀྱི་བསླུ་བ་ཡང་འདི་ལྟ་སྟེ༔ ཡིད་བརྟན་མི་རུང་བའི་ཉམས་རྟོགས་གློ་བུར་དུ་སྐྱེ་བ་དང་༔ ཕ་རོལ་གྱི་སེམས་ཤེས་སྙམ་པ་དང་༔ ལུས་དང་ཁ་དོག་སྣ་ཚོགས་སུ་སྤྲུལ་ནུས་པའི་སྣང་བ་དང་༔ གྲིབ་མ་གཉིས་དང་མེ་ལོང་ལ་གཟུགས་བརྙན་གཉིས་སུ་འཆར་བ་རྣམས་བྱུང་ན་བདུད་ཀྱི་དབང་དུ་བྱེད་དུ་ཉེ་བའི་ལྟས་སུ་ཆེ་བས༔ དེའི་དུས་སུ་གུ་གུལ་གྱི་དུད་པས་བདུག་ཅིང་༔ བདུད་རྩི་ཆེ་ཆུང་གི་ཆུས་བཀྲུས་ཏེ་ཡན་ལག་ལ་སྡེར་ཚོ་རྙིང་པའི་འདག་པ་བྱུག་སྟེ་བར་ཆད་སེལ་བའི་སྔགས་བརྗོད་པས་སེལ་ལོ༔ ལྷར་སྣང་གི་རྗེས་སུ་ཁྲིད་ནས་བསླུ་བ་ཡང་བགེགས་ཡི་དམ་གྱི་གཟུགས་སུ་བརྫུས་ནས་ཞལ་ངོམས་ཤིང་ལུང་སྟོན་པ་འབྱུང་བ་རྣམས་ནི་བདུད་ཀྱི་བསླུ་བར་ངེས་པས༔ དེའི་དུས་སུ་འཁོར་འདས་ཐམས་ཅད་རང་སྣང་ལས་མེད་ཅིང་གཟུགས་དང་མཚན་མར་གྲུབ་པའི་ལྷ་དང་སངས་རྒྱས་ཐམས་ཅད་འཁྲུལ་པ་ལས་མེད་པའི་ཚུལ་ཤེས་ནས་ཞེན་མེད་དུ་བཞག་པ་དང་༔ རང་ཡི་དམ་དྲག་པོ་བསྒོམ་ནས་དྲག་སྔགས་བཟླས་པས་ཀྱང་ངེས་པར་ཐུབ་པ་ཡིན༔ ལར་ཉམས་སྣང་གོང་དུ་འཕེལ་བའི་དུས་འདིར་རགས་པའི་སྣང་བ་དང་རྩ་རླུང་ཐམས་ཅད་ཕྲ་བ་ཆོས་ཉིད་འོད་གསལ་ཆེན་པོའི་དབྱིངས་སུ་འཇུག་པའི་སྐབས་ཡིན་པས༔ ན་ཚ་དང་ཟུག་རྔུ་མ་ངེས་པར་འབྱུང་བ་ཡིན་ཏེ་ཤེས་པར་གྱིས་ཤིག༔ ཕ་རོལ་གྱི་མི་དང་འཕྲད་པའི་ཚེ་ན་ཡང་དེའི་གྲིབ་ཀྱིས་སྡང་བ་ལྟ་བུར་ཉམས་ཀྱི་ཟུག་རྔུ་སློང་ནས་ཉ་བྱེ་ཚན་དུ་བསྒྲིལ་བ་ལྟ་བུའི་ཟུག་རྔུ་འབྱུང་བ་ཡང་འདྲེ་དང་གནོད་བྱེད་དུ་མི་འཛིན་པར་ཉམས་སྣང་དུ་ཐག་བཅད་པ་གནད་ཡིན་ཏེ་ཤེས་པར་གྱིས་ཤིག༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ ཤེར་དབང་གི་ནུས་པ་སེམས་དང་ཐིག་ལེ་རུ་ཕེབས་པའི་སྟོབས་ཀྱིས་རླུང་སེམས་གཉིས་ལ་རང་དབང་ཐོབ་ནས་གྲུབ་པ་བརྒྱད་ལ་མངའ་བརྙེས་པ་དང་༔ ལུས་འོད་གསལ་དུ་སྨིན་ནས་རི་བྲག་ཐོགས་རེག་གི་གནས་ཐམས་ཅད་ཟང་ཐལ་བ་དང་༔ ངག་རྡོ་རྗེ་གསུང་གི་རོལ་པར་སྨིན་ཅིང་དག་ནས་ཅི་སྨྲས་ཐམས་ཅད་གཞན་གྱི་རྣ་བར་སྙན་ཅིང་རྒྱུད་ལ་ཕན་ཐོགས་པ་དང་༔ རྒྱུ་དང་རྐྱེན་ལ་མི་ལྟོས་པར་ཡང་དག་རྒྱུད་ལུང་མན་ངག་གི་ཆོས་ཚིག་ཐམས་ཅད་རང་རྡོལ་དུ་འབྱུང་བའོ༔ སེམས་རིག་པར་གྲོལ༔ རིག་པ་རང་ཐོག་ཏུ་སད་ཅིང་༔ ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་ཚུད་པས་སྣང་སྲིད་འཁོར་འདས་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་སྒྲིབ་མེད་པའི་མངོན་ཤེས་ཀྱིས་གཟིགས་ཤིང་དེར་འཛིན་དང་བདེན་ཞེན་ལས་འདས་པ་ཡིན༔ འདིའི་དུས་སུ་རིག་པ་ལ་རང་དབང་ཐོབ་པས་ཡུལ་དང་རྐྱེན་ལ་མི་ལྟོས་པར་གོལ་ཤོར་གྱི་གནས་ལ་མི་ཐོགས་ཤིང་རང་སྟོབས་ཀྱིས་བརྒལ་བའོ༔ སྣང་བ་ལ་རང་དབང་ཐོབ་ནས་སྣང་སྲིད་གཏེར་དུ་བསྒྱུར་ཀྱང་འགྱུར་བ་ཡིན༔ སྐྱེ་བ་ལ་རང་དབང་ཐོབ་ནས་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་ཀྱང་སྤྲུལ་པའི་སྐུ་སུམ་སྟོང་འབྱུང་ཞིང་འགྲོ་དོན་བྱེད་པ་དང་༔ དགྲོལ་བ་ལ་རང་དབང་ཐོབ་པས་མཚམས་མེད་པ་ལྔ་སྤྱོད་པའི་སྡིག་པོ་ཆེ་ལའང་རིག་པ་གཏད་པ་ཙམ་གྱིས་སྒྲོལ་ནུས་པ་དང་༔ ཕྱི་འབྱུང་བ་ལ་རང་དབང་བསྒྱུར་བས་ཇི་ལྟར་བསྒྱུར་ཀྱང་བསྒྱུར་དུ་བཏུབ་པ་དང་༔ ནང་འབྱུང་བ་ལ་རང་དབང་བསྒྱུར་བས་ལུས་ལ་གཉེར་མ་མེད་ཅིང་མེ་ལོང་གི་བྱད་ལྟར་དྭངས་པ་དང་༔ སྐྲ་དཀར་ནག་པོར་འགྱུར་ཞིང་སོའུ་སྐྱེ་བ་དང་༔ ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་ཡི་གེ་བཀྲ་བ་དང་༔ སྐྲ་སེན་སྐྱེ་བའི་རྒྱུན་ཆད་པ་དང་༔ ཕྱི་ནང་གི་སྲིན་བུ་ཐམས་ཅད་གྲོལ་བའི་རྟགས་སུ་ཤིག་སྲོ་མི་འབྱུང་བ་དང་༔ ལུས་ཤིང་བལ་ལྟར་ཡངས་ཤིང་དབུགས་ཀྱི་འགྲོ་འོང་མི་མངོན་པ་རྣམས་ནི་ཡང་དག་པའི་ལམ་མཐའ་རུ་ཕྱིན་པའི་རྟགས་གོར་མ་འཕྱུག་པའོ༔ སྣང་བ་འོད་གསལ་གྱི་ཀློང་ཆེན་པོའང་འདི་ལྟ་སྟེ༔ དབྱིངས་ཀྱི་སྣང་བ་གྲུ་ཆད་ལྟ་བུ་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེ་དང་མིག་མང་རིས་དང་དྲྭ་བ་དྲྭ་ཕྱེད་འཁོར་ལོ་པདྨ་མཁར་ཐབས་གཞལ་ཡས་ཁང་ལྟ་བུར་འཆར་སྟེ༔ དེ་དག་གི་ཀློང་དུ་དང་པོ་ཐིག་ལེ་ལྔ་ཚོམ་གྱི་ནང་དུ་རྒྱལ་བ་རིགས་ལྔའི་སྐུ་ཕྱེད་ཆར་སྣང་བ་དང་༔ བར་དུ་སྐུ་རྐྱང་ཚང་བར་འཆར་བ་དང་༔ ཐ་མ་ཡབ་ཡུམ་ཟུང་འབྲེལ་དུ་འཆར་བ་དང་༔ དེ་ནས་ཚད་དུ་རྫོགས་པའི་ཚེ་ཐིག་ལེ་ཆེན་པོ་གཅིག་གི་ཀློང་དུ་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་ཀློང་དུ་རིགས་ལྔ་རང་མདོག་གི་ཚོམ་བུ་ལྔ་ལྔར་འཆར་ཏེ༔ རིག་གདངས་ཡང་ལྷུན་ཆགས་ཤིང་ངང་བརྟན་ཏེ་དྲྭ་བ་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ འདི་དུས་སུ་སྣང་བ་ཐམས་ཅད་དབྱིངས་དང་ཐིག་ལེ་ལྷ་སྐུའི་རོལ་པར་སྨིན་ཏེ་འབྱུང་ལྔའི་སྣང་བ་དབྱིངས་སུ་ནུབ་ནས་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བའི་གནས་སྐབས་ཡིན་ནོ༔ སྣང་བ་དེ་གསུམ་ནི་དཔེར་ན་ཚེས་གཅིག་གི་ཟླ་བ་ལྟ་བུ་མངོན་སུམ་གྱི་སྣང་བ་ནས་བཟུང་སྟེ་ཟླ་བ་ཆ་གང་གི་བར་ལྟ་བུར་གོང་འཕེལ་དང་༔ ཆ་གང་བ་ནི་ཚད་ཕེབས་ཀྱི་དུས་ལྟ་བུར་དཔེས་མཚོན་པ་ཡིན༔ དཔེ་ཟླ་བ་དེ་ཡང་རང་ངོས་ནས་གོང་འཕེལ་དུ་མེད་ཀྱང་དབྱིངས་ནས་ཆ་མཉམ་དུ་མཐོང་མི་མཐོང་གི་དབང་གིས་འཕེལ་བའི་ཚིག་གི་སྒྲོ་བཏགས་པ་ལྟར༔ དཔེ་ཅན་འོད་གསལ་གྱི་སྣང་བ་ཡང་རང་ངོས་ནས་འཕེལ་དུ་མེད་ཀྱང་ལོངས་སྤྱོད་རྫོགས་པའི་ཡོན་ཏན་ཐམས་ཅད་གོམས་ཤུགས་ཀྱི་དབང་གིས་རིམ་པར་མཐོང་བ་ལ་མིང་གསུམ་དུ་ཚིག་སྒྲར་བསྟན་པ་ཡིན་ནོ༔ དེ་ལྟར་རྐྱེན་དང་བར་ཆད་ཀྱི་དབང་དུ་མ་སོང་བར་ཉམས་སུ་ལེན་པའི་སྐྱེས་བུ་དེ་འཆི་བའི་དབང་དུ་གྱུར་ནས་མཚམས་ཆད་ནའང་མངོན་སུམ་གྱི་དུས་སུ་སྤྲུལ་པའི་སྐུར་དབུགས་འབྱིན༔ གོང་འཕེལ་གྱི་སྐབས་སུ་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་ཐོབ༔ ཚད་ཕེབས་ཀྱི་དུས་སུ་བར་དོ་མེད་པར་རང་གྲོལ་བའོ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ དེ་ལྟར་ཤར་བའི་དབྱིངས་དང་ཐིག་ལེ་ཟད་པའི་སྔ་ཐོག་ཏུ་དབྱིངས་ཀྱི་སྣང་བ་མཐིང་གའི་ཀློང་དུ་ཐིག་ལེ་མཐིང་ནག་བསེ་ཕུབ་ཙམ་གྱི་ནང་དུ་མི་བསྐྱོད་པ་གཙོ་བོར་བཞུགས་པའི་མཐིང་ག་ལྔ་ཚོམ་ཤར་བའི་བར་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐིང་ནག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་མཐིང་ག་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུར་བརྩེགས་མར་བྱས་པ་འཆར་རོ༔ དེ་རྫོགས་པའི་ཚེ་དབྱིངས་དཀར་གསལ་གྱི་ཀློང་དུ་ཐིག་ལེ་དཀར་པོ་བསེ་ཕུབ་ཙམ་གྱི་ནང་དུ་རྣམ་པར་སྣང་མཛད་གཙོ་བོར་བཞུགས་པའི་གཙོ་འཁོར་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་ཟླ་ལྟར་དཀར་བ་རང་གི་སྙིང་ཁར་ཟུག་པའི་སྟེང་དུ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པ་འཆར་རོ༔ དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་སེར་པོའི་ཀློང་དུ་ཐིག་ལེ་སེར་པོ་ཕུབ་ཀྱི་སྦ་འཁོར་ཙམ་གྱི་ནང་དུ་རིན་འབྱུང་གཙོ་བོར་བཞུགས་པའི་གཙོ་འཁོར་ལྔ་ཚོམ་འཆར་བའི་བར་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཕྲེང་བ་ལྟ་བུར་ཆེ་ལ་འོད་དང་ལྡན་པར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་སེར་པོའི་སྣམ་བུ་རང་གི་སྙིང་ཀར་ཟུག་པའི་སྟེང་དུ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུར་ཐིག་ལེ་བརྩེགས་མར་འཆར་རོ༔ དེའི་རྗེས་སུ་དབྱིངས་དམར་པོའི་ཀློང་དུ་ཐིག་ལེ་དམར་པོ་བསེ་ཕུབ་ཙམ་གྱི་ནང་དུ་སྣང་མཐའ་ཡབ་ཡུམ་གཙོ་བོར་བཞུགས་པའི་གཙོ་འཁོར་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གོང་ལྟར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་རོ༔ ལྷ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དམར་པོ་དཔེར་ན་བྱི་རུའི་ཕོར་པ་ཁ་སྦུབས་པ་ལྟ་བུར་བརྩེགས་མས་བརྒྱན་པ་འཆར་རོ༔ དེའི་རྗེས་སུ་དབྱིངས་སྣང་ལྗང་གུའི་ཀློང་དུ་ཐིག་ལེ་ལྗང་ཁུ་བསེ་ཕུབ་ཙམ་གྱི་ནང་དུ་དོན་གྲུབ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་འཆར་རོ༔ དེ་དག་གི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གཡུ་ཕྲེང་ལྟ་བུར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་ལྗང་གུའི་སྣམ་བུ་རང་གི་སྙིང་ཁར་ཟུག་པའི་སྟེང་དུ་ཐིག་ལེ་ལྗང་གུ་དཔེར་ན་གཡུའི་ཕོར་པ་ཁ་སྦུབས་པ་ལྟ་བུར་འཆར་རོ༔ འོད་དེ་དག་ཤར་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་ནོད་པས་རང་ལུས་འོད་ཀྱི་ཀློང་དུ་ལག་སོར་བཀྲམ་པའི་རྣམ་པ་ཙམ་ལས་མེད་པར་འོད་གསལ་དུ་དེངས་པ་དང་༔ ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་འོད་གསལ་དུ་དེངས་ནས་མ་དག་པའི་སྣང་བ་རྡུལ་ཕྲན་ཙམ་ཡང་མི་འབྱུང་ངོ་༔ དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྟེང་ཕྱོགས་ཀྱི་རྣམ་པར་སྣང་བའི་ཚེ་ན་རང་ལུས་ཀྱང་འོད་ཀྱི་ངང་དུ་ལན་ཚྭ་ཆུར་ཞུ་བ་ལྟར་དེངས་པས་སྐད་ཅིག་ཏུ་ཤེས་པ་སྐར་མདའ་ཙམ་དུ་རྒྱུ་བའི་སྣང་སེམས་ཀྱི་སྐབས་འབྱེད་པ་ཙམ་མོ༔ དེ་ནས་རིམ་གྱིས་ཟད་པ་ནི༔ འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེ་ཐམས་ཅད་སྤྲིན་ཕུང་དབྱིངས་སུ་ཡལ་བ་ལྟར་རིམ་གྱིས་ཡལ་ཏེ༔ དག་དང་མ་དག་པའི་སྣང་བ་ཐམས་ཅད་ཟད་པའོ༔ ཀུན་གཞིའི་སྒྲིབ་པ་དབྱིངས་སུ་དེངས་ནས་མ་རིག་པ་གཞི་ལ་སངས༔ ཉོན་ཡིད་ཀྱི་ངར་འཛིན་རང་སར་ཞི་ནས་གཟུང་འཛིན་གྱི་འཕྱང་བ་གྲོལ༔ ཡུལ་འཛིན་གྱི་ཤེས་པ་ངོ་བོར་གྲོལ་ནས་བློའི་ཟུང་ཟད༔ ཚོགས་བརྒྱད་ཀྱི་རྟོག་པ་ཡེ་ཤེས་སུ་འཕོས་ཏེ་སེམས་དང་སེམས་བྱུང་གི་རྟོག་པ་ཟད༔ མཆེད་གཞིའི་སེམས་རྟོག་ཟད་པས་མཆེད་པ་རང་སར་ཡལ༔ ཡུལ་འཛིན་གྱི་ཤེས་པ་ཟད་པས་གཟུང་བའི་ཡུལ་ཟད༔ བདག་འཛིན་གྱི་རྒྱ་གྲོལ་ཏེ་ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་ཟད་པའོ༔ འདིའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུར་སྲོག་གཅོད་སྟོང་གིས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་ཡང་མེད་པ་དང་༔ ངག་རང་སྒྲ་བྲག་ཆ་ལྟ་བུར་སོང་ནས་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཟློ་བ་དང་༔ སེམས་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་རིག་པ་གདོད་མའི་མགོན་པོའི་དབྱིངས་སུ་མྱང་ངན་ལས་འདས་པས་འཁྲུལ་མི་ཤེས་པའོ༔ འདིའི་དུས་སུ་རང་རིག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་གྱུར་པ་དེ་ལས་ཡུལ་རྐྱེན་ལ་མི་ལྟོས་པའི་ཕྱིར་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཡང་དད་པ་ཅུང་ཟད་ཙམ་ཡང་མེད་པའི་གདིང་ཐོབ༔ རང་རིག་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་ཆམ་བརྡལ་བས་བདུད་དང་གཤེད་མ་འབུམ་གྱིས་བསྐོར་ཀྱང་བག་ཚ་བ་ཅུང་ཙམ་ཡང་མེད་པའི་གདིང་ཐོབ༔ རང་ངོར་རང་གདིང་ཐོབ་པ་ལས་མྱང་འདས་རང་མཚན་པ་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཐོབ༔ རང་ངོ་གདིང་ནས་འཁྲུལ་མི་ཤེས་པའི་ངང་དུ་རང་གྲོལ་བས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཐོབ༔ མཐར་ཡང་ཤེས་སྒྲིབ་ཕྲ་བའི་ཟེར་ཐག་སྙིང་ག་ནས་ཆད་དེ་དྭངས་མའི་ལུས་དེ་ཡང་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ཀ་དག་གཞོན་ནུ་བུམ་སྐུའི་ངང་དུ་འབྱམས་ཀླས་པའོ༔ དེ་ནི་ཀ་དག་ཆོས་ཀྱི་སྐུ་མངོན་གྱུར་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ༔ འགའ་ཞིག་གི་ལུས་ལ་འོད་འཁྲིགས་ཤིང་འོད་ཀྱི་ངང་དུ་ཡལ་བ་དང་༔ འགའ་ཞིག་གི་མཁའ་ལ་འཇའ་སྤྲིན་འཁྲིགས་པའི་འོད་ཀྱི་སྣམ་བུས་དཀྲིས་ཤིང་འཇའ་ཚོན་གྱི་ངང་དུ་ཡལ་བ་དེ་གཉིས་ནི་འོད་ཕུང་དང་འཇའ་ལུས་ཆེན་པོར་ལུས་སེམས་མ་བྲལ་བར་སངས་རྒྱས་སོ༔ འགའ་ཞིག་ལུས་སེམས་བྲལ་བའི་རྗེས་སུ་འཇའ་དང་འོད་ཀྱི་ངང་དུ་ཕུང་པོ་ལྷག་མ་མེད་པར་ཡལ་བ་དང་༔ འགའ་ཞིག་ཞག་གྲངས་བདུན་ཕྲག་ཚུན་ཆད་དུ་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་སེན་ཙམ་སྙིགས་མར་ལུས་པ་གཉིས་ནི་འཇའ་ལུས་ཆུང་ངུ་དང་༔ རྡུལ་ཕྲན་དུ་དེངས་པ་གཉིས་ནི་དབང་པོའི་བྱེད་ལས་ཀྱིས་གྲོལ་ཚུལ་ཐ་དད་དུ་ཡོད་ཀྱང་སྔ་མ་ནི་ཚེ་ཚད་ལ་མི་ལྟོས་པར་ཆོས་སྐུར་སངས་རྒྱས་པ་དང་༔ བར་མ་གཉིས་ནི་ཚེ་ཚད་ཀྱི་དུས་སུ་གྲོལ་བ་དབང་པོ་འབྲིང་ལ་གྲོལ་ལུགས་གཉིས་སུ་གདའ་བ་ཡིན༔ ཕྱི་མ་གཉིས་ནི་དབང་པོ་ཐ་མ་ལ་གྲོལ་བའི་ལུགས་གཉིས་སུ་ཡོད་པའོ༔ ལ་ལས་ནི་འཇའ་ལུས་ལ་ཁ་ཆེམས་མེད་པར་འདོད་ཀྱང་སྔ་མ་ལྟར་གྲོལ་བ་དེ་ཀ་ཡིན༔ ལ་ལས་ནི་འཇའ་ལུས་ལ་ཟུག་གཟེར་མེད་པར་འདོད་པ་བར་མ་གཉིས་ལྟར་གྲོལ་བ་དེ་ཡིན༔ ལ་ལས་ནི་འཇའ་ལུས་ལ་འཕོ་བ་ཡོད་པར་འདོད་པ་ཕྱི་མ་གཉིས་ལྟར་གྲོལ་བ་ལ་བྱའོ༔ དེ་ལྟར་རང་གྲོལ་ལྷུམས་འཇུག་གི་ཆོས་སྐུ་དང་༔ ཟུང་འཇུག་གཉིས་མེད་ཀྱི་ཆོས་སྐུ་དང་༔ འཕོ་བ་ཡེ་ཤེས་ཀྱི་ཆོས་སྐུ་དང་གསུམ་གང་དུ་གྲོལ་ཡང་ཆོས་ཀྱི་སྐུ་གཡོ་བ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ་ལས༔ གཟུགས་ཀྱི་སྐུ་གང་ལ་གང་འདུལ་གྱི་ཚུལ་དང་ཐབས་སྣ་ཚོགས་ཀྱིས༔ འགྲོ་ཁམས་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་ནི་ཟླ་བ་དང་ཆུ་ཟླ་ལྟ་བུའོ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲོག་གི་ཡང་ཐིག་དམ་པ་བཅུད་དུ་དྲིལ་བའི་གདམས་པ་འདི་ཉིད་དཔལ་ལྡན་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱི་དང་༔ གནོད་སྦྱིན་ཤན་པ་དམར་ནག༔ གཟའ་བདུད་དུག་གི་སྤུ་གྲི་འཁོར་དང་བཅས་པ་ཡོངས་ལ་གཏད་དོ༔ གཉེར་རོ༔ བཅོལ་ལོ༔ སྙིང་ཐིག་ཟབ་མོའི་གདུལ་བྱར་གྱུར་པ་རྣམས་ལ་སྤྲོད་ཅིག༔ ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་སྤེལ་ལ་བར་ཆད་ཀྱི་རྐྱེན་ངན་ཐམས་ཅད་བཟློག་པའི་ལས་མཛོད་ཅིག༔ དམ་ཉམས་བཀའ་ལོག་མཁས་རློམ་སྒྲོ་སྐུར་མཁན་གྱི་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཞེས་བཀའ་རྩིས་ཀྱི་ཕྱག་རྒྱས་བཏབ་སྟེ༔ ཀྱཻ་ང་ནི་ཁྱབ་བདག་མི་གཡོ་བའི་རྒྱལ་པོ་ཀུན་ཏུ་བཟང་པོའོ༔ འཁྲུལ་པ་གཞི་ལ་སངས་པའི་ཚུལ་ནི་འདི་ལྟ་བུའོ༔ ཞེས་གསུངས་ནས་འོད་ཀྱི་ཐིག་ལེ་མཐིང་ནག་ཞིག་ཏུ་གྱུར་ཏེ་འཁོར་ཐམས་ཅད་འོད་ཀྱི་ཀློང་དུ་སྐད་ཅིག་གིས་སྣང་བར་གྱུར་ཏེ་སྣང་མ་ཐག་ཏུ་རིམ་གྱིས་འོད་དུ་ཐིམ་ནས་ལན་ཚྭ་ཆུར་ཞུ་བ་ལྟ་བུར་འོད་དེ་ཉིད་དུ་དེངས་ནས་དབྱིངས་ཉིད་ཀུན་ཏུ་བཟང་མོའི་མཁའ་གསང་བདེ་བ་ཆེན་པོར་འབྱམས་ཀླས་སོ༔ ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་སྒྱུ་མར་རོལ་པའི་སྣང་ཉམས་སུ་ཤར་བ་གདུལ་བྱ་དུས་ལ་བབས་ཚེ་སྐལ་བཟང་སློབ་མ་རྣམས་ཀྱི་དོན་དུ་དག་པར་ཟབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཚེས་བཅུའི་མིང་ཅན་ནོ། །དགེའོ།། །།