TTDL-ZABTER-01-KA-037: Difference between revisions

From Dudjom Wiki
TTDL-ZABTER-01-KA-037
No edit summary
(No difference)

Revision as of 10:42, 2 August 2024

Wylie title TTDL-ZABTER-01-KA-036.pdf
Location bdud 'joms gling pa zab gter
Volume 1, Text 36, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་སྒྲུབ་པའི་

ཁ་སྐོང་མེ་མཆོད་སྲེག་བླུག་བཞུགས་སོ༔

༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ༠༠༠༠༠བརྡ་ཡིག༣༣༦༔ པདྨ་དྲག་པོའི་རྣལ་འབྱོར་གྱིས༔ དུར་ཁྲོད་རི་ཁྲོད་བྲག་རིའི་ཁྲོད༔ ཡང་ན་རབ་དབེན་གཙང་མའི་ཚལ༔ གཞན་དང་ཐུག་འཕྲད་མེད་པའི་ས༔ གནས་བཟང་མཆོག་ལ་བརྟེན་བྱས་ཏེ༔ བསྐྱེད་རིམ་གནད་ལྡན་བསྙེན་པའི་ཚད༔ འབུམ་ཕྲག་བརྒྱ་གྲངས་མ་རྫོགས་པར༔ སྨྲ་བཅད་མི་དང་མི་འཕྲད་པར༔ སྒྲུབ་གནས་མི་འཕོ་གཅིག་ཏུ་བསྒྲུབ༔ སྒྲུབ་པའི་དམིགས་པ་དང་ལྡན་པས༔ སྒྲུབ་སྔགས་འབུམ་ཕྲག་གཅིག་བཟླ་ཞིང་༔ ལས་སྦྱོར་ཁྲི་ཁྲག་གྲངས་འཁྱོལ་བྱ༔ དེ་ནས་ཞི་རྒྱས་དབང་དྲག་གི༔ སྲེག་བླུག་འབུམ་ཕྲག་བཞི་རྫོགས་བྱ༔ གཞི་མ་དཀར་པོ་ཟླུམ་པོའི་སྟེང་༔ མུ་ཁྱུད་རིམ་པ་གསུམ་བསྐོར་བའི༔ ལྟེ་བར་ཧ་དང་རཾ་ཡིག་བྲིས༔ དེ་མཐར་པདྨ་འདབ་བརྒྱད་ལ༔ འབྲུ་ཡི་ཚོམ་བུ་བརྒྱད་བཀོད་བྱ༔ དེ་མཐར་ཁོར་ཡུག་སྟོང་པར་བཞག༔ དེ་མཐར་མེ་རི་པ་ཏྲ་རིས༔ བྲིས་ཏེ་གླང་མ་བལ་དཀར་གྱིས༔ ཧོམ་ནི་ཟླུམ་པོར་བརྩིག་པར་བྱ༔ རྒྱས་པར་མེ་དཀྱིལ་གྲུ་བཞི་སེར༔ གོང་བཞིན་གྲུ་བཞི་རིམ་བཞིན་དབུས༔ རི་དང་རཾ་གྱི་ཡི་གེ་བྲིས༔ ཕྱི་རིམ་ཁོར་ཡུག་མུ་ཁྱུད་ལ༔ ཚོམ་བུ་བདུན་ཅུ་རྩ་བཞིས་བསྐོར༔ ཕྱི་རིམ་མེ་རི་པ་ཏྲ་རིས༔ ཤུག་པ་དང་ནི་སྟར་ཀ་ཡིས༔ ཧོམ་ནི་གྲུ་བཞིའི་དབྱིབས་སུ་བརྩིག༔ དབང་ལ་མེ་དཀྱིལ་དམར་པོའི་སྟེ༔ ཟླ་གམ་དམར་པོ་རིམ་གཉིས་བྲིས༔ ལྟེ་བར་ནི་དང་རཾ་ཡིག་བྲིས༔ དེ་མཐར་ཁོར་ཡུག་རྣམས་སུ་ཡང་༔ ཚོམ་བུ་བདུན་ཅུ་རྩ་བཞིས་བསྐོར༔ ཕྱི་རིམ་མེ་རི་པ་ཏྲ་བྲིས༔ ཙནྡན་དམར་པོ་ལ་སོགས་པས༔ སྟེང་དུ་ཧོམ་ཡང་ཟླ་གམ་བརྩེགས༔ དྲག་པོའི་མེ་དཀྱིལ་དམར་ནག་ཏུ༔ གྲུ་གསུམ་རིམ་གསུམ་ལྟེ་བ་རུ༔ ས་དང་རཾ་གྱི་ཡི་གེ་བྲིས༔ གོང་བཞིན་ཚོམ་བུ་བཀོད་པ་དང་༔ མཐའ་མ་མེ་ཡིས་བསྐོར་བར་བྱ༔ ཚེར་མ་ཅན་གྱི་རྩིག་ཤིང་གིས༔ ཧོམ་ནི་གྲུ་གསུམ་དབྱིབས་སུ་བརྩིག༔ དང་པོ་བགེགས་བསྐྲད་བྱ་བ་ལ༔ ཧཱུྃ༔ ང་ནི་དུས་གསུམ་རྒྱལ་བའི་ཡབ༔ འཁོར་འདས་དབང་བསྒྱུར་དྲག་པོའི་སྐུ༔ དཀྱིལ་འཁོར་ཆེན་པོའི་ས་གཞི་ལ༔ གནས་ཤིང་བདག་ཏུ་འཛིན་པ་ཡི༔ ལྷ་དང་ཀླུ་དང་གཉན་ས་བདག༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན༔ དཀར་དམར་འདོད་ཡོན་གཏོར་མ་དང་༔ ངར་མི་ཆངས་བུ་ཞལ་ཟས་དང་༔ གསལ་བའི་མར་མེ་འབྲས་ཆན་རིགས༔ ཤ་ཁྲག་འདོད་ཡོན་འདི་ལོངས་ལ༔ དཔག་ཚད་རྒྱང་གྲགས་ཚུན་ཆད་ལ༔ མ་གནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ གནས་འདིར་ཡེ་ཤེས་ཁྲོ་བོ་ཡིས༔ དཀྱིལ་འཁོར་གཉན་པོ་འདེབས་འཚལ་གྱི༔ ཁྱོད་རྣམས་མགོ་འགས་ལུས་བསྲེག་ཅིང་༔ བརླག་པར་འགྱུར་བ་གདོན་མི་ཟ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཐུན་གྱིས་བྲབ་ཅིང་ཧཱུྃ་བཞིའི་དྲག་སྔགས་བརྗོད༔ ཞི་བ་ལ༔ ཧཱུྃ༔ ཡེ་ཤེས་ཁྲོ་བོའི་སྤྲུལ་པའི་དལ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་དུ༔ ཞི་བའི་མེ་རི་འབར་བ་ཡིས༔ བགེགས་དང་ལོག་འདྲེན་ཀུན་གཞོམ་གྱུར༔ རྒྱས་པ་ལ༔ ཧཱུྃ༔ སེར་གསལ་གྲུ་བཞིའི་དཀྱིལ་འཁོར་དུ༔ མཉམ་ཉིད་ཡེ་ཤེས་འབར་བའི་མེ༔ ཡང་གསང་ལྟ་བར་མི་དབང་བའི༔ ལོག་འདྲེན་བགེགས་ཀྱི་མཚམས་ཆོད་ཅིག༔ དབང་ལ༔ ཧཱུྃ༔ དམར་ནག་ཟླ་གམ་དཀྱིལ་འཁོར་དུ༔ སོར་རྟོག་ཡེ་ཤེས་འབར་བའི་མེ༔ ཡང་གསང་བལྟ་བར་མི་དབང་བའི༔ ལོག་འདྲེན་བགེགས་ཀྱི་མཚམས་ཆོད་ཅིག༔ དྲག་པོ་ལ༔ ཧཱུྃ༔ ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ བྱ་གྲུབ་ཡེ་ཤེས་འབར་བའི་མེ༔ ཡང་གསང་བལྟ་བར་མི་དབང་བའི༔ ལོག་འདྲེན་བགེགས་ཀྱི་མཚམས་ཆོད་ཅིག༔ དེ་ནས་བསྲེག་རྫས་བྱིན་གྱིས་བརླབ་པ་ལ༔ མཆོད་རྫས་ཀྱི་དངོས་འཛིན་བག་ཆགས་ཀྱི་དྲི་མ་འབག་རྩོག་ཏུ་གྱུར་པའི་ཉེས་པ་ཐམས་ཅད་སངས་ཀྱིས་དག་ནས་སྟོང་པ་ཉིད་དུ་གྱུར༔ སྭ་བྷཱ་ཝ་སོགས་ཀྱིས་བྲན༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་བཤམས་པའི་དངོས་པོ་དང་སྣོད་བཅུད་འབྱུང་བའི་ངོ་བོ་ཐམས་ཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བསྲེག་རྫས་རྣམས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ དེ་ནས་གཞུང་གི་ལྷ་བསྐྱེད་ལ་འཇུག༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དང་བཅས་པ་རྫོགས་མཐར༔ བྱོན་སྐྱེམས་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་གསུམ་གྱིས་བྱིན་རླབས་པའི༔ ཟག་མེད་བདེ་ཆེན་བདུད་རྩི་འདིས༔ སྣང་སྲིད་ཁམས་ཀུན་ཡོངས་ཁྱབ་གྱུར༔ ཧཱུྃ༔ བཅོམ་ལྡན་འདིར་ནི་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་བར་ལྡན༔ བདག་གི་མཆོད་ཡོན་བཞེས་ནས་ཀྱང་༔ འདི་ཉིད་དུ་ནི་བཞུགས་ནས་སུ༔ མཆོག་རྣམས་ལེགས་པར་སྩལ་ཏུ་གསོལ༔ རྩ་སྔགས་མཐར༔ ཨ་མྲྀ་ཏ་ཁཱ་ཧི༔ ལན་བདུན་བརྗོད༔ དེ་ནས་གཞུང་གི་ཕྱི་ནང་གསང་བ་ཁྱད་པར་གྱི་མཆོད་རྫས་རྣམས་ཕུལ༔ བསྟོད་པ་བྱས་མཐར་བསྲེག་རྫས་འབུལ་བ་ལ༔ ཧཱུྃ་ཧྲཱིཿབཤམས་པའི་རྫས་དང་སྣང་སྲིད་འབྱུང་བའི་བཅུད༔ དགྲ་བགེགས་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ཀུན༔ གཅིག་ཏུ་བསྡུས་ཏེ་འདོད་རྒུའི་དཔལ་ཡོན་དུ༔ བསྒྱུར་ཏེ་བླ་མ་དྲག་པོའི་ལྷ་ལ་འབུལ༔ བཞེས་ནས་ཕྱི་ནང་གསང་བའི་མི་མཐུན་ཕྱོགས༔ དགྲ་བགེགས་གནོད་བྱེད་མ་ལུས་རྡུལ་དུ་རློག༔ ཅེས་སྡང་བའི་དགྲ་དང་གནོད་པའི་བགེགས་བར་དུ་གཅོད་པར་བྱེད་པ་ཐམས་ཅད་འབྲས་བུ་ཕུལ་གྱིས་བཅུས་པ་བཞིན་དུ་མི་ཕོ་མོའི་གཟུགས་ཀྱི་རྣམ་པར་བསྡུས་ཏེ་བླ་མ་དྲག་པོའི་ཞལ་དུ་མགོ་མཇུག་ལོག་ནས་རྐང་མཐིལ་སྐྱ་ལྷག་ལྷག་སོང་སྟེ་ལྷ་རྣམས་མཐུ་དང་ནུས་པ་ཉམས་དང་བདེ་བ་གཟི་བརྗིད་འོད་ཕུང་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་བསམ་ལ༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་མཱ་ར་ཡ་ཕཊ་ཀྱིས་ཅི་མང་ཕུལ༔ དགྲ་བགེགས་ཀྱི་ཆེད་དུ་དོ་གལ་ཆེན་པོ་བྱུང་ན་རཱུ་པ་བརྒྱ་རྩ་བརྒྱད་བཤམས་ཏེ་རྩང་རི་ལ་བསྐྱོན་པ༔ ན་མོ༔ དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་སྟོབས་ཀྱིས༔ དགྲ་བགེགས་མ་ལུས་རཱུ་པ་འདི་ལ་ཁུག༔ བླ་མ་དྲག་པོའི་ལྷ་ཚོགས་ཞལ་དུ་བསྟབས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མྱུར་འགྲུབ་མཛོད༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ལྟར་ཡང་ཡང་བསྐྱར་ཏེ་འབུལ་བར་བྱ༔ མཐར་འདོད་གསོལ་བྱ་བ་ལ༔ ཧོཿབླ་མ་དྲག་པོའི་དཀྱིལ་འཁོར་སྲུང་མ་དང་བཅས་པ་ཁྱེད་རྣམས་ཀྱིས་དྲག་པོའི་སྲེག་བླུག་གི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་རྗེས་ཤུལ་ལྷག་མེད་དུ་བརླག་ཅིང་རོལ་པའི་ཕྲིན་ལས་མཛོད་ཅིག༔ དེ་ནས་གོང་བཞིན་མཆོད་རྫས་རྣམས་ཕུལ་མཐར་བསྟོད་པ་བྱས་ལ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿདྲག་པོ་ཐོད་ཕྲེང་ལྷ་ཚོགས་དགོངས༔ བདག་གིས་མ་རྙེད་མ་འཚལ་ཞིང་༔ རྒྱུད་གཞུང་ལུང་དང་འགལ་བ་ཡི༔ ལྷག་ཆད་འགལ་འཁྲུལ་གྱུར་པ་ཀུན༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཤེགས་སྐྱེམས་འབུལ་བ་ལ༔ ཧོཿབླ་མ་དྲག་པོའི་ལྷ་ཚོགས་འཁོར་དང་བཅས༔ བདུད་རྩི་སྐྱེམས་ཀྱི་མཆོད་པ་འདི་བཞེས་ལ༔ སྒྲུབ་པའི་རྣལ་འབྱོར་མཆེད་དང་ལྕམ་དྲལ་ལ༔ མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་སྩོལ་ཅིང་༔ སྐད་ཅིག་འབྲལ་བ་མེད་པར་རྗེས་སུ་ཟུངས༔ ཞལ་གཟིགས་ལུང་སྟོན་དབང་སྐུར་བྱིན་གྱིས་རློབས༔ ཚེ་འདིར་རིག་འཛིན་མཆོག་གི་ས་རུ་དྲོངས༔ སྔགས་མཐར༔ ཨ་མྲྀ་ཏ་ཁཱ་ཧི༔ ལན་ཉེར་གཅིག་གམ་བདུན་གྱིས་ཕུལ༔ དེ་ནས་གཤེགས་གསོལ་བྱ་བ་ལ༔ ཧོཿབླ་མ་དྲག་པོའི་ལྷ་ཚོགས་རྣམས༔ རང་སྣང་དོན་གྱི་འོག་མིན་དུ༔ བརྡལ་ཁྱབ་བདེ་བ་ཆེན་པོར་གཤེགས༔ སྐུ་དང་ཡེ་ཤེས་རང་ཞལ་སྤྲོད༔ འཁྲུལ་པ་མེད་པར་ཐུགས་རྗེས་ཟུངས༔ བཛྲ་མུཿཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་མེ་འབར་བའི་རང་བཞིན་དུ་གྱུར་ཏེ་སྦྱིན་སྲེག་ཟ་བའི་གདོན་རྣམས་བསྲེག་ཅིང་བརླག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ རཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཕྲིན་ལས་དབང་དྲག་རོལ་པའི་ཐབ་ཁུང་དུ༔ ཁྲག་འཐུང་ཁྲོ་བོ་འབར་བའི་ལྷ་ཚོགས་ཀྱིས༔ མངོན་སྤྱོད་ལས་ཀྱིས་འཁོར་བ་དབྱིངས་སུ་བསྒྲལ༔ བཀའ་ཉན་ལས་བྱེད་དྲེགས་པ་ཕོ་མོ་ཡི༔ སྒྲོལ་བྱེད་ལས་ཀྱི་མཚོན་ཆའི་འཁྲུལ་འཁོར་གྱིས༔ གནོད་བྱེད་དགྲ་བགེགས་ཕྱེ་མར་བརླག་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བསྐྱེད་དང་རྫོགས་པའི་གདིང་ལྡན་པའི༔ བླ་མ་དྲག་པོའི་རྣལ་འབྱོར་གྱིས༔ དེ་ལྟར་སྲེག་བླུག་ཟབ་མོ་ལ༔ བརྩོན་པས་མངོན་སྤྱོད་ཕྲིན་ལས་འགྲུབ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ དྲང་སྲོང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་པས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།