ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་བསྐང་གསོལ་མངོན་སྤྱོད་ལྷུན་གྲུབ༔

From Dudjom Wiki
Revision as of 12:04, 16 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-09-TA-032
Wylie title zab gsang mkha' 'gro'i snying thig las: btsan rgod srog len dmar po'i bskang gsol mngon spyod lhun grub: TTDL-ZABTER-09-TA-032.pdf
Location bdud 'joms gling pa zab gter
Volume 9, Text 32, Pages 227-229 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las btsan rgod srog len dmar po'i bskang gsol mngon spyod lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 227-229. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་སློབ་བུ་འཇིགས་མེད་དམ་ཆོས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang slob bu 'jigs med dam chos kyis bskul ngor bdud 'joms rdo rjes zab gsang mkha' 'gro'i brda ris las dag par phab pa'i yi ge pa ni mkhyen rab rgya mtsho'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་བསྐང་གསོལ་མངོན་སྤྱོད་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འབྱོར་ཚོགས་བཤམས་པའི་ཡོ་བྱད་རྣམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་སྔགས་ཀྱིས་སྤེལ་ཞིང་༔ འདོད་ཡོན་མི་ཟད་གཏེར་དུ་དམིགས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ སྤྲུལ་པ་བཙན་ཆེན་རོལ་པ་བདུན༔ ཡུམ་མཆོག་སྲོག་ལེན་དམར་མོ་ལྕམ༔ འབྱུང་བ་ལྔ་ཡི་བཙུན་འཁོར་གྲལ༔ དམ་ཚིག་གཉན་པོའི་འབོད་བསྒྲུབ་ཀྱིས༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ རིག་འཛིན་བདག་གི་སྲུང་མ་མཛོད༔ ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི༔ དཀར་དམར་ཇ་ཆང་སྐྱེམས་ར་གསུར༔ དམར་གཏོར་བཤོས་བུ་བདུན་བསྐོར་དང་༔ དགྲ་བོའི་ཤ་ཁྲག་སྲོག་དབུགས་བླ༔ བཙོས་ཤ་རྗེན་ཤ་རྐང་ཚིལ་རུས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཚོགས༔ འདོད་རྒུའི་དཔལ་གྱིས་ཐུགས་དམ་བསྐང་༔ དར་ཟབ་ཟ་འོག་ལྷབ་ལྷུབ་དང་༔ སྟག་གཟིག་གཅན་གཟན་ལྤགས་སྣ་ཚོགས༔ མི་དམར་རྟ་དམར་བྱ་ཁྱི་དམར༔ གཟུགས་འགྲོས་སྣ་ཚོགས་གདོང་དང་མཚོན༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གནོད་སྦྱིན་ཙིའུ་དམར་ཐུགས་དམ་བསྐང་༔ སྤྲུལ་པའི་བཙན་རྒོད་ཆེན་པོ་བདུན༔ ཡུམ་དང་སྤྲུལ་འཁོར་ཐུགས་དམ་བསྐང་༔ སྡེ་བརྒྱད་འཁོར་གྱི་ཐུགས་དམ་བསྐང་༔ བཙན་པོ་ཁ་བཞིའི་ཐུགས་དམ་བསྐང་༔ སྣང་སྲིད་དྲེགས་པའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་མངོན་པར་བསྟོད༔ མདོས་དང་མདངས་ཀྱིས་མཆོད་དོ་གསོལ༔ ཐུགས་དང་འགལ་བ་ཅི་མཆིས་བཤགས༔ བདག་གིས་མ་རིག་མ་ཚོར་བས༔ ལས་དང་བྱ་བྱེད་སྣ་ཚོགས་ལ༔ ཀོ་ལོང་རུ་ང་ཕྲག་དོག་དང་༔ ཁྲོ་འཁྲུགས་འཁུ་ལྡོག་མ་མཛད་ཅིག༔ བདག་གི་ཉེ་འཁོར་རྩ་ལག་དང་༔ དཀོར་ནོར་རྟ་ཕྱུགས་ལོངས་སྤྱོད་ལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་ཅིང་༔ དགྲ་དང་བགེགས་ཀྱི་མགོ་བོ་ཆོམ༔ རྦད་བསྐུལ་ལས་ལ་མངགས་པའི་དུས༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ གཞན་ཡང་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་གང་བསམ་ཐམས་ཅད་ཀུན༔ ཐོགས་པ་མེད་པར་མྱུར་འགྲུབ་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་གྱི་དམ་མ་ཉམས༔ མ་འདའ་བཛྲ་ས་མ་ཡ༔ ཤུ་ལ་ཏྲི་ས་མ་ཡ་ཛ་ཛཿས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ལྟར་གྲངས་མང་བསྐྱར་ཏེ་གསོལ༔ མི་འབྲལ་གྲོགས་དང་བྲན་དུ་འཁོར༔ མངོན་སུམ་དབང་པོའི་ཡུལ་དུ་ལྷག༔ འཁུ་ལྡོག་གདུག་རྩུབ་མི་འབྱུང་ཞིང་༔ ནང་དུ་བྱམས་ཞིང་དགྲ་ལ་རྣོ༔ གང་ལ་བརྣག་པའི་ལས་ཀུན་འགྲུབ༔ བཀའ་སྲུང་བཙན་རྒོད་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་འཇིགས་མེད་དམ་ཆོས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །དགེའོ།། །།