ལུང་བྱང་དབྱར་རྔའི་རྒྱལ་པོ་ཁྲིར་ཕེབས་ནས་སོགས་དང་མགོན་འཇམ་དཔལ་སྨྲ་སེང་ཞལ་ན་རེ་སོགས་བཅས།

From Dudjom Wiki
Revision as of 14:47, 22 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-038
Wylie title lung byang dbyar rnga'i rgyal po khrir phebs nas sogs dang mgon 'jam dpal smra seng zhal na re sogs bcas TTDL-ZABTER-14-PHA-038.pdf
Location bdud 'joms gling pa zab gter
Volume 14, Text 38, Pages 355-364 (Folios 1a1 to 5b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Lung byang dbyar rnga'i rgyal po khrir phebs nas sogs dang mgon 'jam dpal smra seng zhal na re sogs bcas. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 355-364. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: lung byang   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Treasure Certificates - lung byang
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༁ྃ༔ དག་སྣང་ལས༔ ལུང་བྱང་ནི༔ དབྱར་རྔ་ཡི་རྒྱལ་པོ་ཁྲིར་ཕེབ་ནས༔ གཡང་དཀར་མོ་བློན་དུ་ཆས་པའི་ཚེ༔ སྟོང་ཆེན་མོ་དམག་མིར་བབས་པའི་དུས༔ གཉིད་འོད་གསལ་འདྲེས་པའི་དག་སྣང་ངོར༔ སྨིན་མཚམས་ནས་འོད་གསལ་འཇའ་ཐིག་མཆེད༔ དེར་ཨོ་རྒྱན་པད་འབྱུང་ཡིན་སྐད་པའི༔ བན་ན་སོ་རྒན་སོང་ཞིག་ན་རེ༔ ཕྱོགས་བཞི་རུ་ལྟད་མོ་ལྟོས་དང་བུ༔ ཞེས་ཟེར་བ་ཐོས་ནས་བལྟས་པའི་མོད༔ ལྷོའི་ནམ་མཁར་ཁྲག་སྤྲིན་འཁྲིགས་པའི་ཀློང་༔ མི་མགོ་བརྙན་ཅན་གྱི་སྡེ་ཚོགས་ཀྱིས༔ མཚོན་སྣ་ཚོགས་ཡོ་ལང་སྐྱིན་ཐང་བཞིན༔ བར་མེད་པར་འབེབས་ཤིང་དབུས་སུ་རྒོལ༔ ནུབ་ཕྱོགས་སུ་མི་ནག་མང་པོ་ཡིས༔ སའི་རྩི་ཤིང་རྫས་སྔགས་ཀྱིས་སྦག་ནས༔ འབུ་སྲིན་གྱིས་ས་གཞི་གང་བ་མཐོང་༔ ཤར་ཕྱོགས་སུ་མི་དཀར་དཔུང་ཆེན་གྱིས༔ མཚོ་ཆེན་པོ་དུག་གིས་སྦག་པ་ཡིས༔ དེའི་རླངས་པ་གནམ་དུ་སོང་བ་ལས༔ སྟེང་ལྷ་ཁམས་ནད་ཀྱིས་སྦག་པ་དང་༔ བར་སྡེ་བརྒྱད་འབྱུང་པོ་བྲན་དུ་བཀུག༔ འོག་ཀླུ་ཡི་ཁམས་ཀྱང་འཁྲུགས་པ་མཐོང་༔ དེའི་སྦྲུལ་ནག་མགོ་གསུམ་ཞིག་བྱུང་ནས༔ ཤར་ཁ་ལོ་བསྒྱུར་ལ་ཆས་པ་དེ༔ རུང་སྨུག་ནག་རལ་པ་ཅན་གྱིས་ཁྱུས༔ ལས་མངོན་སྤྱོད་སྟོབས་ཀྱིས་ཆོམ་པ་རྨིས༔ ལྷོའི་དཔུང་ཆེན་དེ་ཡི་ཕོ་ཉ་རུ༔ ཕུང་རྔ་མོང་ནག་པོ་ཧོར་ཡུལ་བྱུང་༔ དེས་ལ་ལུང་དགུ་རུ་རྫས་སྔགས་གཏོར༔ ཡུལ་གཞི་ཡི་བདག་པོའི་དབུ་འཕང་ཕབ༔ ནུབ་མི་ནག་ཁྲོད་ཀྱི་ཕོ་ཉ་རུ༔ འཕྲུལ་ཡ་མ་ཟུང་དུ་བརྫུ་བ་མཁན༔ བྱ་ནག་པོ་དྲུག་ཅུ་དབུས་སུ་ཆས༔ ཡུལ་ཀུན་གྱི་ས་དཔལ་ས་མིག་འཕྲོག༔ ལྷ་ཟོ་དོར་མང་པོ་བྲན་དུ་བཀོལ༔ ལྟས་དེ་འདྲ་ཤར་ལ་བློ་ཡིད་ཧར༔ མི་བདག་གིས་བནྡྷེ་དེ་ཉིད་ལ༔ ཕྱོགས་གསུམ་གྱི་མི་སྡུག་ལྟས་འདི་ཉིད༔ ཅིའི་ལྟས་ལགས་མ་ཤེས་བཤད་དུ་གསོལ༔ ཞེས་དྲིས་པའི་ལན་དུ་འདི་སྐད་ཟེར༔ ཚུར་ཉོན་དང་བདུད་འཇོམས་ཁྲོ་ལོད་རྩལ༔ ངས་བརྡ་དགུ་ལྟས་བཅུའི་གླུ་ཞིག་ལེན༔ ལྷོའི་ནམ་མཁར་ཁྲག་སྤྲིན་འཁྲིགས་པ་འདི༔ དམེ་འཁྲུག་དང་རྩོད་པ་དར་བའི་བརྡ༔ མི་མགོ་བརྙན་ཅན་གྱི་དཔུང་ཚོགས་འདི༔ གནས་རི་རབ་ཟོམ་གྱི་འབྱུང་དམག་བརྡ༔ མཚོན་སྔོན་པོའི་ཡོ་ལངས་འཚུབས་པ་འདི༔ ཡུལ་ཙཱི་ནས་དབང་དུ་བྱེད་པའི་བརྡ༔ ནུབ་མི་ནག་དཔུང་ཆེན་འདུ་བ་འདི༔ བདུད་དྭ་ནག་བསྟན་ལ་རྒོལ་བའི་བརྡ༔ ས་རྩི་ཤིང་རྫས་སྔགས་ཀྱིས་སྦག་པ༔ ཀླུ་ས་བདག་འབངས་སུ་བཀོལ་བའི་བརྡ༔ འབུ་སྲོག་ཆགས་ཕྲ་མོ་འགྱེད་པ་འདི༔ དབུས་སྐྱེ་འགྲོའི་བདེ་སྐྱིད་གཞོམ་པའི་བརྡ༔ ཤར་མི་དཀར་མང་པོའི་དཔུང་ཆེན་འདི༔ ལྷར་བརྫུ་བའི་ལྷ་མིན་ཆོ་འཕྲུལ་བརྡ༔ མཚོ་ཆེན་པོ་དུག་གིས་སྦག་པ་འདི༔ སོག་སེར་པོ་ཁ་ལོ་བསྒྱུར་བའི་བརྡ༔ སྔགས་མཁན་གྱིས་མངོན་སྤྱོད་ཀྱིས་ཐུལ་བ༔ ཡུལ་དེ་ཡིས་ཉེས་སྐྱོན་བཟློག་པའི་བརྡ༔ ལྷོའི་རྔ་མོང་ཧོར་ཡུལ་སླེབ་པ་འདི༔ བདུད་ཧ་ནག་བསྟན་པའི་སྲོག་ཤིང་ཡིན༔ དེ་བླ་མར་བརྫུས་ནས་ཡུལ་ཉུལ་རྟགས༔ ལ་ལུང་དགུར་རྫས་སྔགས་གཏོར་བ་འདི༔ མིའི་ལྷ་བཅུ་རྫས་ཀྱིས་བསྒྱུར་བའི་ལྟས༔ ཡུལ་གཞི་བདག་དབུ་འཕང་ཕབ་པ་འདི༔ ལྷ་དཀར་ཕྱོགས་ནག་པོར་བསྒྱུར་བའི་ལྟས༔ ནུབ་བྱ་ནག་དྲུག་ཅུ་འབྱུང་བ་འདི༔ ཡུལ་དྲུག་ཅུ་ཕོ་ཉས་ས་འཛིན་ལྟས༔ ཡུལ་ཀུན་གྱི་ས་མིག་འཕྲོག་པ་འདི༔ སྣོད་འབྱུང་བའི་བཅུད་དཔལ་བསྡུ་བའི་ལྟས༔ ལྷ་ཟོ་དོར་མང་པོ་བྲན་བཀོལ་དེ༔ མི་ཕོ་མོ་ཐབས་ཀྱིས་བསྒྱུར་བའི་ལྟས༔ ཤར་མཚོ་སྔོན་རླངས་པ་གནམ་ཕྱུར་བ༔ རྒྱ་སོག་དང་བསྡེབ་ནས་འཁྲུགས་པའི་ལྟས༔ སྟེང་ལྷ་ཁམས་ནད་ཀྱིས་སྦག་པ་འདི༔ སྟོད་རྒྱ་གར་ཁ་ལོ་བསྒྱུར་བའི་ལྟས༔ བར་སྡེ་བརྒྱད་བྲན་དུ་འགུགས་པ་ནི༔ བོད་ཕལ་ཆེར་དབང་དུ་བྱེད་པའི་ལྟས༔ འོག་ཀླུ་ཁམས་ཐམས་ཅད་འཁྲུགས་པ་ནི༔ རྒྱ་ནག་པོའི་ཡུལ་ཁམས་དཀྲུགས་པའི་ལྟས༔ ཡང་བདག་གིས་དེ་ལ་འདི་སྐད་དྲིས༔ ཀྱེ་མ་ཀྱེ་ཧུད་བླ་མ་རྗེ༔ མུ་ཏོ་བདུད་ཀྱི་བསྟན་པ་འདི༔ ཇི་ལྟར་འབྱུང་དང་ཇི་ལྟར་གནས༔ གནས་སྐབས་བཟློག་ཐབས་ཇི་ལྟར་གདའ༔ མ་འོངས་ཐུལ་དུས་ཡོད་དམ་མེད༔ ཞུས་པའི་ལན་དུ་འདི་སྐད་ཟེར༔ ཀྱེ༔ གསོན་དང་སྐལ་བཟང་སྙིང་གི་བུ༔ ལོག་པ་བདུད་ཀྱི་འབྱུང་ཚུལ་ནི༔ དང་པོ་ས་གནས་གཉན་པོ་དཀྲུགས༔ ལོ་ཉེས་སད་སེར་མུ་གེ་འབྱུང་༔ དེ་ལ་ཟས་ནོར་ལྟད་མོ་འཕྲུལ༔ བར་དུ་སྡེ་བརྒྱད་ཀླུ་གཉན་དཀྲུགས༔ ནད་དང་རིམས་ཀྱི་ཡོ་ལངས་འཚུབས༔ འཚོ་བྱེད་སྨན་གྱིས་གསོ་བ་འདེབས༔ ཐ་མ་མཚོན་འཁྲུགས་གཡུལ་འཁྲུག་འགྱེད༔ རང་དབང་མེད་པར་སྐྱེ་འགྲོ་བཀོལ༔ བར་སྐབས་འབུ་སྲིན་རྫས་ཀྱིས་འཕྲུལ༔ རྩི་ཤིང་ལོ་ཐོག་ཐམས་ཅད་བཅོམ༔ བར་བར་སྲོག་ཆགས་མ་ངེས་འཕྲུལ༔ རྫས་ལ་མེ་ལྕེ་མཆེད་པ་བཞིན༔ རྩི་ཤིང་ལོ་འབྲས་རིམ་གྱིས་འཇོམས༔ བར་བར་ཡུལ་ཉུལ་བརྫུ་བ་མཁན༔ རྒྱ་སོག་མོན་གྱི་སྐྱེ་བོར་བརྫུས༔ དབང་སྡུད་རྫས་སྔགས་ཡུལ་ལ་གཏོར༔ ས་ལ་རྟག་འཇུག་ཡུལ་ལ་དཔྱད༔ ད་ལྟ་བཟློག་ཐབས་མི་བརྩོན་ན༔ མདོ་ཁམས་སྒང་དྲུག་མྱུར་དུ་དམངས༔ དེ་ནས་མི་ལོ་བརྒྱ་ཕྲག་ཚུན༔ རིམ་བཞིན་དབང་དུ་ཐབས་ཀྱིས་སྡུད༔ ལོ་ནི་བརྒྱ་དང་གསུམ་གྱི་སྐབས༔ འབྲུག་པའི་ཆོས་ལུགས་ཆོམ་པའི་ཕྱིར༔ དམག་འཁྲུག་ཁྲག་གི་མཚོ་མོ་འཁྱིལ༔ དེ་ཚེ་སྦས་ཡུལ་འབྲས་ལྗོངས་སུ༔ ལས་ཅན་ཕོ་མོ་བཅུ་གཉིས་ཀྱིས༔ གནས་སྒོ་འབྱེད་ཅིང་བསྟན་པ་ཡི༔ ས་བོན་ཡིབ་ཅིང་གནས་གཞི་འཛུག༔ ད་དུང་མི་ལོ་དྲུག་ཅུ་ཚུན༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་ཡི༔ སྒྲུབ་པ་ཆེན་པོ་ལ་བརྟེན་ནས༔ དྲག་པོ་མངོན་སྤྱོད་ལས་ལ་འབད༔ ལྷ་ཆེན་དབང་ཕྱུག་ཚོགས་བདག་གཉིས༔ སྒྲུབ་མཆོད་ལོ་རེ་བཞིན་བརྩོན་ནས༔ ཕ་རོལ་བཟློག་པའི་ལས་བཅོལ་འབད༔ དགོན་གནས་ཀུན་གྱིས་ལྷ་ཆེན་པོ༔ སྒྲུབ་རྟགས་མ་བྱུང་བར་དུ་འབད༔ དུས་ཀུན་སྒྲུབ་པའི་ལས་བརྩོན་ཞིང་༔ ཕྲིན་ལས་བཅོལ་བ་གནད་དུ་ཟུངས༔ ལོ་བཞིན་ཚོགས་མཆོད་ཁྲི་རེ་དང་༔ མ་མོ་དམ་ཅན་འཁྲུགས་བསྐང་འབད༔ དཔལ་ཆེན་ཕྲིན་ལས་སྒྲུབ་པ་ལ༔ བརྟེན་ནས་བྱུར་སྲི་མནན་ལས་འབད༔ དེ་ཡིས་དགེ་ལེགས་རེ་ཞིག་འཕེལ༔ ཡུལ་ཀུན་ཕྱོགས་བཞིར་བྱང་ཆུབ་དང་༔ རྣམ་རྒྱལ་ལྷ་བབ་བདུད་འདུལ་གྱི༔ མཆོད་རྟེན་བཞེངས་ཏེ་དེ་ཡི་འོག༔ བྱུར་སྲི་མནན་པ་བྱ་བ་གནད༔ དེ་ཡིས་མི་ལོ་དྲུག་ཅུ་ཐུབ༔ དེ་མིན་མྱུར་དུ་དེའི་འོག་འགྲོ༔ རྒྱལ་བསྟན་ཉི་མ་ནུབ་རིར་ཕྱོགས༔ སྐྱེ་འགྲོའི་ཐར་ལམ་སྒོ་ཡང་འགགས༔ ངན་སོང་གསུམ་གྱི་སྒོ་འཕར་འབྱེད༔ བདུད་བསྟན་ལོ་གྲངས་ཉིས་བརྒྱ་དང་༔ ཉི་ཤུའི་རྗེས་སུ་ཤམ་བྷ་ལའི༔ རིགས་ལྡན་དྲག་པོའི་གདུལ་བྱ་སྟེ༔ ཉུང་དཀར་བྲེ་བརྒྱད་གྲངས་ཀྱི་དམག༔ མཁའ་ལས་སྐྱིན་ཐང་བཞིན་དུ་འབྱུང་༔ འཇིགས་མེད་རྡོ་རྗེའི་ལུས་ཅན་ལ༔ གཅིག་ལས་གྲངས་མེད་སྤྲུལ་པ་བསྒྱུར༔ དེ་དག་འཕགས་པ་ཤ་སྟག་ལས༔ ཉོན་མོངས་སེམས་ཅན་གང་ཡང་མེད༔ དེ་ཚེ་ལོ་གྲངས་བཅོ་ལྔ་ལས༔ བར་འདས་མི་རྣམས་ཐམས་ཅད་བསྒྲལ༔ བསྟན་པའི་གཞི་འཛུག་ཀཿཐོག་མཐིལ༔ སེང་གེ་ཁ་ཡི་སྦས་གཏེར་འབྱིན༔ ལས་ཅན་སྐྱེས་བུ་འགའ་ཡིས་སྤྱོད༔ སྦས་པའི་ཡུལ་གྱི་བསྟན་པ་ཡང་༔ ཕྱིར་འབྱུང་རྒྱལ་བསྟན་ཉིན་མོར་བྱེད༔ བསྟན་འགྲོའི་ལེགས་ཉེས་དེ་ཙམ་མོ༔ ཞེས་ཟེར་སྟེང་གི་ནམ་མཁར་གཟིགས༔ ཨེ༔ བརྟན་མེད་ཀྱི་སྣོད་བཅུད་སྣང་སྲིད་ཀུན༔ སྒྱུ་མ་དང་རྨི་ལམ་ཇི་བཞིན་དུ༔ འགྱུ་ལྡོག་དང་གཡོ་འཁྲུགས་རྣམ་འགྱུར་ངོམས༔ སྐྱེ་འགྲོ་ཡི་བདེ་སྐྱིད་དམ་པའི་ཆོས༔ ཉི་གཞོན་བཞིན་གདུལ་བྱའི་དཔལ་དུ་ངོམས༔ བདུད་སྡེ་ཡི་སྤྲིན་ནག་ཡོ་ལང་གིས༔ བསྒྲིབ་ཉེ་རུ་ལྟོས་དང་སྐྱེས་བུ་རྣམས༔ ལར་འདུས་བྱས་ཆོས་ཀུན་རྨི་ལམ་བཞིན༔ ཚུལ་ངེས་པར་རྟག་པ་ཡོད་མ་ཡིན༔ དོན་ཆོས་ཀུན་སྣང་བའི་རྫུན་རིས་ལ༔ བརྟན་གནས་པ་མ་ཡིན་དབྱིངས་སུ་འཇིག༔ ང་ཆོས་ཉིད་སྒྱུ་མ་འཕྲུལ་གྱི་ལྷ༔ དབྱིངས་ཟག་མེད་ཆེན་པོར་འབྱམས་ཤིང་ཀླས༔ ཞེས་ཟེར་ཞིང་ཆོས་ཉིད་སྒྱུ་མར་ཡལ༔ མི་རྒན་པོ་བདུད་འཇོམས་ཁྲོ་ལོད་ཀྱིས༔ ཉམས་འོད་གསལ་སྒྱུ་མའི་སྣང་ཆའོ༔ ༁ྃ༔ མགོན་འཇམ་དཔལ་སྨྲ་སེང་ཞལ་ན་རེ༔ ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད༔ སྤྱིར་དུས་ཀྱི་སྙིགས་མར་སླེབ་པ་དང་༔ སྒོས་མི་རྣམས་དམུ་རྒོད་དུག་ལྔ་རགས༔ དེའི་རྐྱེན་གྱིས་ནག་ཕྱོགས་བདུད་ཁ་དར༔ མཐའི་འབྱུང་པོ་བསླང་ནས་མགོ་འཕང་མཐོ༔ གླིང་ཁ་ལོ་བསྒྱུར་ལ་ཆས་པ་ཡིས༔ ཕྱོགས་ཀུན་ཏུ་མགྲོན་གྱིས་ས་ཚུག་འཛིན༔ ཡུལ་ཀུན་གྱི་ཟོ་དོར་དབང་བསྒྱུར་ཕྱིར༔ ལྷ་ཁམས་གསུམ་དབང་པོའི་དབང་སྡུད་དང་༔ གནས་རི་རབ་ཟོམ་གྱི་འབྱུང་པོ་བསྒྲུབ༔ ཡུལ་ཀུན་ལ་སྣ་ཚོགས་གཟུགས་བརྫུ་ཞིང་༔ འཕྲུལ་ཡོ་ལངས་འགྱེད་པའི་ཚུལ་ལ་ལྟོས༔ སྟེང་ནམ་མཁའ་རྫས་ཀྱིས་སྦག་པ་ཡིས༔ དབང་ཆེན་པོའི་ཁ་དོག་འབར་ལ་ལྟོས༔ སའི་རྩི་ཤིང་རྫས་ཀྱིས་སྦག་པའི་ལྟས༔ ཡུལ་ལ་ལུང་ཕུང་བའི་འབུ་སྲིན་དང་༔ སྲོག་ཆགས་པའི་ས་སྲིན་ཆུ་བཞིན་ཕྱུར༔ ཡུལ་ཕལ་གྱི་ལོ་འབྲས་འཇོམས་ལ་ལྟོས༔ ལྷ་ཟོ་དོར་ནག་ཕྱོགས་ལ་བསྒྱུར་ལྟས༔ བྱང་འབྲོག་ཡུལ་ཕྱུགས་ནད་སྣ་དགུར་ལྟོས༔ གྲོགས་ལྷ་སྲིན་ཁ་ལོ་བསྒྱུར་བའི་ལྟས༔ གཟའ་མེ་འབར་དུད་མཇུག་བཞི་ལ་ལྟོས༔ མི་ཕལ་ཆེར་དབང་དུ་བསྒྱུར་བའི་ལྟས༔ དམེ་འཁྲུག་རྩོད་ཡོ་ལངས་འགྱེད་ལ་ལྟོས༔ མཆོག་རྩ་གསུམ་དབྱིངས་ལ་དགོངས་པའི་ལྟས༔ མི་གྲུབ་པ་ཐོབ་པ་ཉུང་ལ་ལྟོས༔ བཀའི་ཆོས་སྐྱོང་རི་རབ་ལ་གཟིགས་ལྟས༔ དགོན་ཆོས་སྡེའི་མཐུ་ནུས་ནུབ་ལ་ལྟོས༔ དུས་དེང་སང་མཐའ་མིའི་རྫས་སྔགས་ཀྱིས༔ ལྷོ་འཛམ་བུའི་གླིང་གི་ས་སྐྱོང་བའི༔ གཞི་བདག་དང་ཡུལ་ལྷ་སྲུང་མའི་ཚོགས༔ ད་མ་ལུས་མི་ལུས་དབང་ཕྱུག་གིས༔ དབང་བསྒྱུར་ནས་དབང་ཕྱུག་ཆེན་པོའི་བྲན༔ ལྷ་དེ་ལ་འདུད་ཅིང་དེ་ལ་བསྟེན༔ དེའི་བཀའ་བཞིན་ཕྲིན་ལས་བསྒྲུབ་ཏུ་ཡོད༔ ཁྱེད་བསྟན་ལ་གདུང་བ་འགའ་མཆིས་ན༔ ལྷ་རྡོ་རྗེ་ཕུར་པ་ཡི་དམ་མཛོད༔ གནད་བསྐྱེད་རིམ་ཟབ་མོ་སྲོག་ཏུ་ཟུངས༔ ལོ་མང་དུ་དམ་རྒྱས་མཚམས་བསྒྲུབ་མཛོད༔ དཔལ་ཕུར་པ་གྲུབ་པའི་སྐྱེས་བུ་འགས༔ གཙོ་བྱས་ཏེ་ཕུར་སྒྲུབ་ལ་འབད་ན༔ ཡུལ་ཀུན་ལ་བདེ་བའི་སྐབས་རེ་འཆར༔ ལྷ་དབང་ཕྱུག་གྲུབ་པའི་སྐྱེས་བུ་ཡིས༔ མགོ་བྱས་ཏེ་དབང་ཕྱུག་སྒྲུབ་མཆོད་ན༔ ཡུལ་དེ་ལ་བདེ་སྐབས་ཅུང་ཟད་འཆར༔ དཔལ་རྡོ་རྗེ་ཕུར་པ་མ་གཏོགས་པའི༔ དུས་སྙིགས་མའི་བདུད་མགོ་གང་གིས་ནོན༔ དཔལ་ཨོ་རྒྱན་ཆེན་པོ་མ་གཏོགས་པའི༔ བོད་ཐུགས་རྗེས་སྐྱོང་མི་སུ་ཞིག་ཡོད༔ མ་མཁའ་འགྲོའི་ཚོགས་ལ་མ་བསྟེན་པར༔ དུས་སྙིགས་མའི་དངོས་གྲུབ་ཅི་ལ་ཐོབ༔ དོན་དེ་ཕྱིར་ཁྱོད་འབངས་སློབ་མའི་ཚོགས༔ ལྷ་རྡོ་རྗེ་ཕུར་པ་ལ་བརྟེན་ནས༔ བསྒོམ་བཟླས་ཀྱི་གནད་ལ་རེམ་མཛོད་ཅིག༔ མཚམས་དམ་རྒྱ་ལོ་བཞིན་ཡང་ཡང་བསྐྱལ༔ དུས་རྟག་ཏུ་སྨོན་ལམ་ཟབ་མོ་ཐོབ༔ ལྷ་དབང་པོ་བྲན་དུ་བསྟེན་མཛོད་དང་༔ བདུད་ནག་པོའི་དབང་དུ་མི་འགྲོ་ངེས༔ གནད་དེ་ཚོ་སྲོག་གི་གཏའ་རུ་ཟུངས༔ དཔལ་རྡོ་རྗེ་ཕུར་པ་དབང་ཕྱུག་ལྷ༔ རྗེ་དང་ནི་འབངས་ཀྱི་ཚུལ་དུ་ཟུངས༔ མ་མཁའ་འགྲོ་དགྱེས་པའི་ཁ་ཆེམས་འདི༔ བུ་ཁྱོད་ལ་ཤིན་ཏུ་བརྩེ་བས་གདམས༔ བརྡ་ཡིན་ནོ་ཡིན་ནོ་གོ་འམ་བརྡ༔ ཤར་གསལ་བའི་འོད་བརྒྱ་རབ་འབར་བ༔ ནུབ་ཆུ་འཛིན་ནག་པོར་ཉེ་ལ་ལྟོས༔ བརྡ་གོ་འམ་ཟེར་ཞིང་དབྱིངས་སུ་ཡལ༔ དགེའོ།། །།