ཉམས་ཀྱི་ཟུག་རྔུ་དབྱིངས་སུ་འཇིག་པའི་གླུ་དབྱངས་བདེ་ཆེན་འཁྱིལ་བ།

From Dudjom Wiki
Revision as of 08:00, 9 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-021
Wylie title nyams kyi zug rngu dbyings su 'jig pa'i glu dbyangs bde chen 'khyil ba TTDL-ZABTER-18-TSHA-021.pdf
Location bdud 'joms gling pa zab gter
Volume 18, Text 21, Pages 77-82 (Folios 39a1 to 41b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Nyams kyi zug rngu dbyings su 'jig pa'i glu dbyangs bde chen 'khyil ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 77-82. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams  ·  Songs - mgur - glu dbyangs
Colophon

ཞེས་རྣལ་འབྱོར་པ་རིག་འཛིན་རྒྱ་མཚོའི་ཉམས་བསལ་ཕྱིར་གླུ་མཁན་རྡོ་རྗེ་ཁྲོ་ལོད་འཆོལ་བའི་གཏམ་མོ། །དགེའོ།

zhes rnal 'byor pa rig 'dzin rgya mtsho'i nyams bsal phyir glu mkhan rdo rje khro lod 'chol ba'i gtam mo/_/dge'o/

[edit]
༄༅། །ཉམས་ཀྱི་ཟུག་རྔུ་དབྱིངས་སུ་འཇིག་པའི་གླུ་དབྱངས་བདེ་ཆེན་འཁྱིལ་བ་བཞུགས། མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་ཁྱབ་བདག །མཐའ་བྲལ་གྱི་ཆོས་ཉིད་རང་རིག་ལ་གུས་འདུད། །ཨ་ཧོ།བདག་མེད་ཀྱི་ཤེས་རིག་བླ་མ་རུ་བཞེངས་ནས། །བདག་རྟོག་གི་ཡུལ་ལ་ལྟད་མོ་རང་བལྟས་ཚེ། །གཟུང་འཛིན་གྱི་ཆོས་ཀུན་སྒྱུ་མ་དང་རྨི་ལམ། །ཡུལ་མེད་ཀྱི་ཟང་ཐལ་ངེས་པ་རུ་ཐག་ཆོད། །འཁོར་འདས་ཀྱི་ཆོས་ཀུན་མེད་བཞིན་དུ་སྣང་བ། །བདག་རྟོག་གི་ཆོ་འཕྲུལ་ངེས་པ་རུ་འདུག་མཐོང་། །སྒོམ་སྒྲུབ་དང་དམིགས་བསམ་རྩོལ་བ་ལ་མི་ལྟོས། །ཡེ་གནས་ཀྱི་ཤེས་པ་ཡེ་ཤེས་སུ་འཕོས་པའི། །རིག་པ་ནི་མ་བསྒོམ་སངས་རྒྱས་ཞིག་རེད་ན། །རང་བྱུང་གི་སངས་རྒྱས་རང་མལ་དུ་རྙེད་ནས། །མི་གཞན་གྱི་ཁ་ཚོད་བརྟགས་པ་ཡང་མ་དགོས། །རང་ཉིད་ཀྱི་ཆོས་ཉིད་ཀློང་མཛོད་རང་བརྡོལ་ནས། །ཕྱི་ཡུལ་གྱི་དཔེ་ཧྲུལ་ཞེན་པ་ནི་མི་དགོས། །བདེ་སྡུག་གི་སྣང་ཉམས་གར་ཐབས་སུ་ཤར་ལ། །བདེན་མེད་ཀྱི་ངང་མཐོང་གོལ་སར་ཡང་མི་ཐོགས། །ཐེག་དགུ་ཡི་ས་ལམ་རྒྱུ་འབྲས་ཀྱི་རྣམ་བཞག །གཅིག་ཆར་དུ་རྫོགས་པའི་མཐའ་གྲོལ་གྱི་རིག་པ། །ཐོས་བསམ་གྱི་ཀློང་མཛོད་ངེས་པ་རུ་འདུག་པས། །ཡུལ་གཞན་ལ་སྒོ་གསུམ་ཞེན་པ་རུ་མི་འཆོར། །ལུས་ངག་གི་བྱ་བ་དགུ་ཕྲུགས་སུ་བཏང་ནས། །མ་བཅོས་པའི་ངང་དུ་སྐྱིད་ཉལ་ཞིག་ནུས་ན། །མི་རྒན་གྱི་ལས་མཐའ་གཏན་བདེ་ལ་ཐུག་འགྲོ། །རྣམ་གཡེང་དང་འདུ་འཛི་ལེ་ལོ་ཡི་ཇག་པ། །གཏན་བདེ་ཡི་མྱུར་ལམ་གེགས་བྱེད་ཞིག་རེད་ན། །ད་སྔོན་གྱི་གཏམ་ལབ་འདོར་ལེན་དུ་བྱས་བྱས། །འབྲས་བུ་ནི་སྤུ་ཙམ་མེད་པ་ལ་བསམ་ནས། །ལེ་ལོ་ཡི་དགྲ་ལ་བྱ་ར་ཞིག་ལོས་བྱེད། །མི་ངོ་ནི་དཀར་ནག་ཚེ་སྟོད་དུ་འཚོས་ཡོད། །མགུ་ཐབས་ནི་མ་བྱུང་གཤེ་སྐུར་གྱི་ལན་གཟོ། །བསམ་སྤྱོད་ཀྱིས་གཞན་ལ་ཕན་བཏགས་ཀྱང་བྱས་ཡོད། །བཟང་ལན་ནི་ངན་སྤྱོད་གཏམ་ཚིག་ནི་འཇལ་གྱིན། །དེ་ཀ་རང་དྲན་ནས་རང་དོན་ལ་ཆས་འགྲོ། །ཚེ་སྟོད་ཀྱི་དབང་པོ་བྱུས་སྟོབས་དང་ལྡན་ཚེ། །ཕུ་ནུ་དང་ཕ་མ་ཉེ་འབྲེལ་གྱི་བརྩེ་བརྩེ། །ན་ཚོད་ཀྱིས་འཕང་པའི་ཚེ་སྨད་དུ་བབས་ཚེ། །ཐམས་ཅད་ཀྱིས་མི་ངན་ཐང་མ་རུ་མཐོང་མངོན། །དེ་ཕྱིར་ཀྱང་རང་མགོ་འདོན་ཐབས་ཤིག་ལོས་བྱ། །རང་རྒྱལ་གྱི་བསམ་པ་ཆེ་འདོད་ཀྱང་མིན་པའི། །བསྟན་ཆས་དང་བླ་སྡེར་བསམ་བཟང་གི་ལས་ཀ།བྱས་བྱས་ཀྱང་ཀུན་གྱི་བླ་བཙག་དང་རྐང་འདྲེན། །རང་ཉིད་ཀྱིས་རང་ལ་བློ་ཡིད་ཀྱིས་གཞིག་ན། །གཡོ་སྒྱུ་དང་ཟོག་པོས་མི་མགོ་ནི་བསྐོར་མེད། །བླ་མ་ཡི་བཀའ་ལས་རང་བཟོ་ཡང་མ་བྱས། །རྫུན་ཚིག་གིས་གཞན་བསླུས་ཟས་ནོར་ཀྱང་མ་ཟོས། །ཅི་བསམ་དང་ཅི་ཤར་བདེན་པ་རུ་སྨྲས་ཀྱང་། །ཟོབ་རྒན་དུ་གྱེར་ནས་ལྐོག་གཤེ་ནི་མང་གི། །ད་ལྟ་རུ་ཤི་ཡང་རང་སེམས་ནི་འགྱོད་མེད། །མི་རྒན་གྱི་ཞེ་བློ་བདེ་བདེ་དང་སྐྱིད་སྐྱིད། །ཁ་མིག་དང་དབང་པོ་མཛེས་གཞོན་གྱིས་བརྒྱན་ནས། །རྣམ་རིག་གི་བ་དན་ཕྱོགས་བཅུ་རུ་གཡོ་བའི། །གྲོགས་མཆེད་ཚོས་རང་ཚོད་རང་ས་རུ་ཟུངས་ལ། །མི་རྒན་ང་དཔེར་བདོག་ན་ཚོད་ཀྱིས་སྤང་འགྲོ། །དུས་ངན་གྱི་མི་ལ་བློ་གཏད་ནི་མེད་པའི། །གཞན་ལས་ལ་བརྩོན་པ་ཡིད་ཆད་ཀྱི་གཞི་མ། །སྔ་མ་དང་ཕྱི་མའི་ཁུལ་ཀ་ནི་འདྲ་མཚུངས། །ཨ་ཧོ།ཤེས་རབ་ཀྱི་མིག་གིས་རང་སྣང་ལ་བལྟས་ན། །མ་དག་པའི་སྣང་བ་དྭངས་དབྱིངས་སུ་འཕོས་ནས། །འོད་གསལ་གྱི་སྣང་བ་དབྱིངས་ཐིག་གི་རོལ་པ། །སྒྲིབ་མེད་དུ་མངོན་གྱུར་གོང་འཕེལ་གྱི་དབྱིངས་ཡེས། །མ་དག་པའི་ལས་རླུང་བཙན་ཐབས་སུ་བསླངས་ཏེ། །རླུང་ལྔ་ཡི་འཕེལ་འགྲིབ་སྒོ་གསུམ་ལ་འབྱུང་ནས། །མ་ངེས་པའི་བདེ་སྡུག་སྣ་ཚོགས་སུ་སྣང་ཞིང་། །མ་དག་པའི་སྒོ་གསུམ་རྡོ་རྗེ་རུ་འཕོ་ལྟས། །ན་ཚ་དང་ཟུག་རྔུ་འཚུབས་མ་བཞིན་ལྡང་འབྱུང་། །དགའ་སྡུག་དང་རེ་དོགས་མ་ངེས་པར་ཤར་ཡང་། །སྒྱུ་འཕྲུལ་བཞིན་སོ་ཟིན་བརྟན་བྱ་ནི་མ་གྲུབ། །གནས་འགྱུར་གྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་། །དེར་འཛིན་དང་བདེན་ཞེན་མེད་པ་ཞིག་ངོ་ཤེས། །ཨཻ།སྔོན་སྦྱང་གི་ལས་འཕྲོ་ད་ལྟ་ཡི་བསོད་ནམས། །བླ་མ་ཡི་ཐུགས་རྗེ་དུས་འཛོམ་དུ་བྱུང་ནས། །མི་རྒན་གྱིས་ཆོས་ཉིད་བདེན་པ་རང་མཐོང་ཡོད། །འདི་ཕྱི་ཡི་གནས་ཡུལ་འགྲོ་སྡོད་ལ་མི་གོལ། །གནས་འགྱུར་གྱི་སྣང་བ་ང་རང་ལས་སུས་ཤེས། །ཤེས་རབ་ཀྱི་སྟོབས་ཀྱིས་ཡེ་ཤེས་ལ་དབང་འབྱོར། །ཡེ་གནས་ཀྱི་ཡེ་ཤེས་རང་ངོ་རུ་སངས་ནས། །མི་རྒན་གྱིས་རྫོགས་ཆེན་ངོ་མ་ཞིག་རྟོགས་ཡོད། །ས་ལམ་དང་འབྲས་བུ་གཅིག་དྲིལ་འདི་སུས་ཤེས། །སྙིགས་མ་ཡི་སྣང་བ་དྭངས་དབྱིངས་སུ་འཕོས་པའི། །འཕོ་ཆེན་གྱི་གདམས་པ་མི་རྒན་གྱིས་ཤེས་ཡོད། །འབྲས་བུ་ནི་ཐོབ་ལེན་མེད་པ་རུ་ཡེ་གྲོལ། །རྒྱུ་འབྲས་དང་འགྲོ་འོང་མེད་པ་དེ་སུས་ཤེས། །མ་དག་པའི་བསྐལ་པ་དྭངས་དབྱིངས་སུ་འཇིག་པའི། །འར་འུར་དང་ཆལ་ཆོལ་སྣང་ཉམས་འདི་བྱུང་ཡང་། །མི་རྒན་གྱི་སྐྱིད་འགོ་ཚུགས་པ་དེ་མཚར་རོ། །འཆོལ་པོ་རུ་མཐོང་ལས་ཉམས་རྒྱུས་ཀྱང་སུས་ཤེས། །རྩ་རླུང་དང་ཐིག་ལེ་སྐུ་གསུམ་དུ་འཕོ་ལྟས། །མ་ངེས་པའི་ན་ཚ་ཟུག་གཟེར་དུ་སྣང་ཡང་། །མི་རྒན་གྱི་བསམ་དོན་གྲུབ་པ་ལ་ངོ་མཚར། །ལྷ་འདྲེ་དང་སྡེ་བརྒྱད་ཆོ་འཕྲུལ་ལས་སུས་ཤེས། །སྒོ་གསུམ་ལ་དགག་སྒྲུབ་མེད་པ་ཡི་ངང་ཤར། །ཚིག་སྤྱོད་ལ་གཟའ་གཏད་མེད་པ་རུ་སོང་ཡང་། །མི་རྒན་གྱིས་ཟབ་ལམ་འཆུག་མེད་ཞིག་ཟིན་ཡོད། །སྨྱོན་པ་དང་ཞིག་པོ་གཉིས་ཀ་ལས་སུས་གོ། །ད་དུང་ཡང་དབྱིངས་རིག་ཆོས་ཉིད་དུ་བརྡལ་བའི། །པད་འབྱུང་གི་གཅེས་ཕྲུག་སྐྱིད་ཉལ་ཞིག་ནུས་ན། །སྣང་སྲིད་ཀུན་གཞལ་ཡས་ལྷ་སྐུ་རུ་སྨིན་ནས། །གྲུབ་ཐོབ་ཀྱི་རྒྱལ་པོ་རང་ས་ནས་རྙེད་འོང་། །མཐའ་གྲོལ་དུ་ཆོས་ཟད་བློ་འདས་ལ་ཡན་ནས། །ཤེས་སྒྲིབ་ཀྱི་དྲི་མ་ཆོས་ཉིད་དུ་དེངས་ནས། །བུམ་སྐུ་ཡི་རྣལ་འབྱོར་འཇའ་ལུས་སུ་མཆོང་འགྲོ། །ཆེ་འདོད་དང་གྲགས་འདོད་ངོམས་ཆོས་ལ་མ་སོང་། །རང་དོན་གྱི་དམ་པ་གསང་ཐབས་སུ་བསྒྲུབ་པས། །འཆི་བ་ནི་འོད་གསལ་ཆོས་ཉིད་དུ་འཕོ་བའི། །གོང་འཕེལ་གྱི་སྣང་བ་འཕྱུགས་མེད་ཞིག་འདི་ན། །མི་རྒན་གྱི་ཞེ་བློ་བདེ་བ་ལ་ཕེབས་ཐལ། །སྣང་བ་ཡི་གར་ཁྱབ་འགྲོ་ཁམས་དང་སྣོད་བཅུད། །གཉིས་མེད་ཀྱི་བྱང་ཆུབ་ཆེན་པོ་ལ་མཉམ་གྲོལ། །འགྲོ་དོན་གྱི་དམ་པ་མི་རྒན་གྱིས་གྲུབ་ཡོད། །འདི་སྨྲས་པའི་རྟེན་འབྲེལ་ཟབ་མོ་ཡི་སྟོབས་ཀྱིས། །ཁམས་གསུམ་ཀྱི་འཁོར་བ་སྐུ་གསུམ་དུ་གྲོལ་སྨོན། །ཞེས་རྣལ་འབྱོར་པ་རིག་འཛིན་རྒྱ་མཚོའི་ཉམས་བསལ་ཕྱིར་གླུ་མཁན་རྡོ་རྗེ་ཁྲོ་ལོད་འཆོལ་བའི་གཏམ་མོ། །དགེའོ།། །།