DUDJOM-THROMA-093

From Dudjom Wiki
Revision as of 09:30, 16 July 2025 by Jeremi (talk | contribs)

DUDJOM-THROMA-093
Wylie title DUDJOM-THROMA-092.pdf
Location khros ma'i sgrub skor
Volume 1, Text 92, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༄༅།།མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་འབྱུང་གཏེར་ཞེས་བྱ་བ་བཞུགས་སོ།།ཨོཾ་སྭསྟི།མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པར་འདོད་པས།རང་ཉིད་ཁྲོས་མར་གསལ་བའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་མོའི་ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧཱུྃ་ཡིག་ནྲྀ་དང་ཨཿམཚན་པ་ལས་འོད་ཟེར་འཕྲོས།འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བཀུགལུས་ཀྱི་ནང་གང་།དུས་མ་ཡིན་པའི་འཆི་བ་ཞི།རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ།དྭངས་མ་ཧཱུྃ་ལ་འདུས་པས་རྡོ་རྗེའི་སྲོག་འགྲུབ་པར་བསམ་ལ།ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བཾ་ཧ་རི་ནི་ས་བཛྲ་ཨ་ཡུཿཛྙཱ་ན་མ་ཧཱ་པུནྱཻ་སིདྡྷི་ཕ་ལ་ཧཱུྃ་ཨཿཞེས་བཟླ་ཞིང་ཐུན་མཚམས་སུ་ཚེ་འགུགས་བསྐུལ་བས་རྒྱས་གདབ་བྱ།དེ་ནི་བདག་མདུན་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཏེ།རྩེ་གཅིག་ཏུ་བསྒྲུབས་པས་ཚེ་ཡི་བར་ཆད་ཞི་ཞིང་རྡོ་རྗེའི་ཚེ་འགྲུབ་པར་འགྱུར་རོ།།ཡང་བདག་གཞན་ཐུན་མོང་གི་དོན་དུ་མདུན་རྟེན་ལ་བརྟེན་ནས་སྒྲུབ་ན།ཐོག་མར་ཚེ་རྟེན་བཅའ་སྟེ།བླ་མ་ཡབ་ཡུམ་གྱི་བྱང་སེམས།ཅོང་ཞི།བྲག་ཞུན།རྟག་ངུ་།འབྲས་བུ་གསུམ།དབང་པོ་ལག་པ།རྩ་བ་ལྔ།སྙིང་པོ་ལྔ།ཤིང་མངར།ཤུ་དག་དཀར་པོ་རྣམས་ལེགས་པར་སྦྱར་བ་ཞིབ་བཏགས་འབྲུ་དཀར་གྱི་ཕྱེ་དང་བཅས་གཡུ་མཚོ་གཏན་འཁྱིལ།རྒྱུན་འབབ་ཀྱི་ཆུ།བ་དམར་མོའི་འོ་མ་དང་བཅས་རིལ་བུར་དྲིལ་ལ་ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས།དར་དམར་པོས་ཁ་བཅད་ལ་དཀྱིལ་འཁོར་གྱི་དབུས་སུ་བཞགདེའི་མདུན་དུ་ཚེ་གཏོར་དང་ཚེའི་བཟའ་བཏུང་མཆོད་ཚོགས་བཅས་བཤམས།ཕྲིན་ལས་ཀྱི་གཞུང་བསྲང་ལ་བཟླས་པའི་སྐབས་སུ་བདག་མདུན་གྱི་ཐུགས་ཀར་ཚེ་རྟེན་གོང་བཞིན་གསལ་གདབ།རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས།ཐུགས་རྒྱུད་བསྐུལ།དེ་ལས་འོད་ཟེར་མཁའ་ཁྱབ་འབར་བའི་རྩེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས།རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིར་སྤྱན་དྲངས།རང་དང་བསྒྲུབ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ།སྔགས་འབུམ་ཕྲག་བཞི་སོགས་ཉམས་དང་སྦྱར་ཏེ་བཟླ་ཞིང་།ཐུན་མཚམས་སུ་མཆོད་ཅིང་བསྟོད་ལ་མདའ་དར་གཡབ་ཅིང་།ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཞེས་སོགས་ཀྱི་ཚེ་འགུགས་བསྐུལ་ཞིང་རྒྱས་བཏབ་པས།ཚེ་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་ཐིམ།དབུ་མའི་ཡས་མར་གྱི་སྣེ་ཐིག་ལེ་དཀར་དམར་གྱིས་བཅད།ལུས་ལ་རྡོ་རྗེའི་གུར་ཁྱིམ་གྱིས་གཡོགས་པར་བསམ་ལ་དགོངས་པ་བསྐྱང་།དེ་ལྟར་བརྩོན་པས་དངོས་ཉམས་རྨི་ལམ་གང་རུང་དུ་དངོས་གྲུབ་གྲུབ་པའི་མཚན་མ་མཐོང་བ་དང་།ཚོགས་དང་གཏོར་མས་རྒྱ་ཆེར་མཆོད་ཅིང་ནོངས་བཤགས་སྔོན་དུ་འགྲོ་བས་ཐུགས་དམ་བསྐུལ།སྒྲུབ་རྫས་སྤྱི་བོར་བླངས་ལ།ཨོཾ༔ འཆི་མེད་ཁྲོས་མ་ནག་མོ་ཡི༔ མི་འགྱུར་སྐུ་ཡི་རྡོ་རྗེ་ཚེ༔ རྣལ་འབྱོར་དབུ་མའི་ཐིག་ལེར་སྟིམས༔ སྐུ་ཡི་རྡོ་རྗེར་མཛད་དུ་གསོལ༔ སྔགས་མཐར།ཀཱ་ཡ་སིདྡྷི་ཨོཾ༔ མགྲིན་པར་རེག་ལ།ཨཱཿའཆི་མེད་ཁྲོས་མ༴རྡོ་རྗེ་གསུང་གི་ཡེ་ཤེས་ཆེ༔ རྣལ་འབྱོར་སྲོག་གི་སྙིང་པོར་སྟིམས༔ གསུང་གི་རྡོ་རྗེར་མཛད་དུ་གསོལ༔ སྔགས་མཐར།ཝཱ་ཀ་སིདྡྷི་ཨཱཿསྙིང་གར་རེག་ལ།ཧཱུྃ༔ འཆི་མེད་ཁྲོས་མ༴རྡོ་རྗེ་ཐུགས་ཀྱི༴རྣལ་འབྱོར་གཉུག་མའི་དབྱིངས་སུ་སྟིམས༔ ཐུགས་ཀྱི་རྡོ་རྗེར༴སྔགས་མཐར།ཙིཏྟ་སིདྡྷི་ཧཱུྃ༔ ཚེའི་བཟའ་བཏུང་རོལ་ལ།ཧོཿཐབས་ཤེས་ཚེ་ཡི་རིལ་བུ་དང་༔ ཚེ་ཡི་བདུད་རྩི་ལ་བརྟེན་ནས༔ དུས་མིན་འཆི་བ་ཀུན་ཞི་ཞིང་༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོཿཞེས་པས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ།འཆི་མེད་ཁྲོས་མ་ནག་མོ་དང་སྐལ་བ་མཉམ་པར་བསམ་ལ་རྒྱས་གདབ།སྒྲུབ་རྫས་རིལ་བུ་སྣོད་བཟང་པོར་བཅང་།དམ་ཚིག་ཉམས་པའི་ལག་ཏུ་མི་འགྲིམ།ར་བ་བཞིའི་ཡར་ངོ་ནས་བརྩམས་ཐོ་རངས་རླུང་རིག་དྭངས་པའི་སྐབས་སུ་བརྟེན།དེ་ལྟར་བརྩོན་པས་གནས་སྐབས་ཚེའི་བར་ཆད་ཞི།ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ།རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ།མཐར་ཐུག་འཆི་མེད་རྡོ་རྗེ་ཁྲོས་མ་ནག་མོའི་ཡེ་ཤེས་རྒྱུད་ལ་བརྟན་པར་འགྱུར་རོ།།ཞེས་པའང་རྣལ་འབྱོར་པ་རིག་བཟང་རྡོ་རྗེས་བསྐུལ་བའི་ངོར།འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཕག་མོ་རིགས་མཐུན་གྱི་གཞུང་ལས་ཁ་སྐོང་དུ་བསྡེབས་པ་སིདྡྷི་རསྟུ།དགེའོ།།དགེའོ།།དགེའོ།།།།