TTDL-ZABTER-09-TA-020

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-020
Wylie title TTDL-ZABTER-09-TA-020.pdf
Location bdud 'joms gling pa zab gter
Volume 9, Text 20, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༡༥༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་སྒྲུབ་པའི་རྟགས་ཡིག་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༥༥ དམ་ཅན་སྐྱེས་བུ་སྒྲུབ་པའི་ཚེ༔ མི་ཆེན་བླ་ཆེན་དག་བྱུང་ནས༔ ཕྱག་འཚལ་གུས་འདུད་གྲོགས་བྱེད་དང་༔ མི་གཞན་དག་ཀྱང་བྲན་ཁོལ་བ༔ བསྙེན་པའི་རྟགས་སུ་ཤེས་པར་བྱ༔ དམག་བསོགས་ཁྲོམ་སྡུད་སེར་ཚོགས་བསྡུས༔ ཡང་ན་ལས་མཁན་མང་བསྡུས་ཏེ༔ ཟང་ཟིང་ཤིན་ཏུ་མང་བྱུང་བ༔ འབོད་པའི་རྟགས་སུ་ཤེས་པར་བྱ༔ དེ་ནས་དགྲ་ཡུལ་དམག་འདྲེན་དང་༔ ཤིང་གཅོད་བྲག་བཤིག་རི་བོ་བསྲེགས༔ བཙོན་བཟུང་དགྲ་ཁྲིད་ཡང་ན་ནི༔ བླ་ཟོག་གང་ཡིན་ཁྲིད་པ་དང་༔ ལྕགས་སུ་བཅུག་ཅིང་ཁང་པར་བཙུད༔ ལས་མཁན་ཤན་པ་དམག་གི་ཚོགས༔ ཀུ་སྒྲ་ཆོ་སྒྲ་སྒྲོགས་གྱུར་ནས༔ ཕ་རོལ་སྟེང་དུ་འགྲོ་རྨི་ན༔ རྦད་བསྐུལ་རྟགས་སུ་ཤེས་པར་བྱ༔ མི་ནག་མོན་པ་ཨ་ཙཪྻ༔ བན་བཙུན་སྔགས་པའི་ཚོགས་རྣམས་དང་༔ དམག་མིའམ་ནི་གཅན་གཟན་གྱིས༔ སྲོག་ཆགས་མང་པོ་དེད་བྱུང་ནས༔ གསོད་གཅོད་ཤ་ཁྲག་དམར་གཡོས་བྱེད༔ གློ་སྙིང་མགོ་དང་ཡན་ལག་སོགས༔ ཁྱེར་ནས་རང་ལ་སྟེར་རྨི་ན༔ བསད་པའི་རྟགས་སུ་ཤེས་པར་བྱ༔ མངོན་སུམ་བྱུང་བ་འདི་ལྟ་སྟེ༔ ཐོག་འཚེགས་སྒྲ་འུར་འོད་ཀྱང་འཆར༔ ཐོག་སེར་གློག་འཁྱུག་དྲི་ངན་འཐུལ༔ འདི་དག་རྦད་བསད་བསྐུལ་དུས་འབྱུང་༔ ཤེས་པ་དགའ་དང་སྣང་བ་སྤྲོ༔ སྒྲུབ་ལ་མོས་ཤིང་སྲུང་མར་གདུང་༔ ཡིད་ལ་མངོན་སུམ་གྲུབ་སྣང་འཆར༔ འདི་ནི་བསྙེན་དང་འབོད་དུས་འབྱུང་༔ དགེ་དང་ལེགས་པའི་ལྟས་སུ་མཆོག༔ ཟོར་དང་མནན་པ་དཀྱིལ་འཁོར་དྲུང་༔ སྲོག་ཆགས་དག་གི་རོ་བྱུང་ངམ༔ ཤ་ཁྲག་རུས་པ་འཐོར་བྱུང་ན༔ དེ་ནི་རྦད་བསད་རྟགས་ཀྱི་མཆོག༔ དེ་ལྟའི་རྟགས་ནི་ལོག་པ་ན༔ མི་མང་འདུས་ནས་རང་ལ་རྒོལ༔ བན་བཙུན་མོན་པ་ཨ་ཙཪྻ༔ ལ་སོགས་ཕ་རོལ་མི་རྣམས་ཀྱིས༔ ཡུལ་དང་འཁེང་ཆེ་སློང་འཕྲོག་བྱེད༔ མི་དགེའི་རྣམ་འགྱུར་སྟོན་བྱུང་ན༔ རྫས་མ་ཚང་དང་མཆོད་རྫས་ཉུང་༔ དེ་ཡི་རྟགས་སུ་ཤེས་ནས་སུ༔ ཚོགས་བསྐང་མང་པོ་བྱ་བ་གནད༔ མཚོན་ཆ་རྣོ་མེད་རྩེ་འཁྱོགས་པ༔ སྔགས་མ་དག་པའི་སྐྱོན་ཡིན་པས༔ སྔགས་དག་དབྱངས་གསལ་རྟེན་སྙིང་བརྗོད༔ རང་ནི་དབང་ཆུང་ཉམ་དམའ་ནས༔ བྲན་འབངས་མགོ་ལོག་འབྱུང་བ་དང་༔ གཞན་ལ་ཉན་ཞིང་འཇིགས་སྐྲག་ན༔ ཡི་དམ་བསྒོམ་བཟླས་གནད་མེད་ལྟས༔ དེ་ཚེ་ཡི་དམ་བསྒོམ་བཟླས་འབད༔ མི་སྲུན་འཇིགས་པའི་མི་རྣམས་ཀྱིས༔ རང་ལ་རྒོལ་དང་བརྡུང་བརྡེག་བྱེད༔ དགྲ་ལྟར་སྡང་བ་རྨི་བྱུང་ན༔ དམ་ཚིག་ཉམས་དང་སྡོམ་ཉམས་ལྟས༔ དེ་ཚེ་དེ་ཡང་བཤགས་སྦྱངས་དང་༔ ཚོགས་བསྐང་མང་པོས་གསོ་བར་བྱ༔ མདའ་འཕེན་མདེ་འུ་མེད་པ་དང་༔ སྒྱོག་ལ་རྡེའུ་མེད་པ་སོགས༔ དེ་འདྲེ་དེ་མཚུངས་གང་རྨི་ཡང་༔ རྫས་མ་ཚང་བའི་ལྟས་ཡིན་པས༔ རྫས་ཚོགས་ཚང་བར་སེམས་བྱས་ནས༔ འབྲུ་སྣ་རྫས་སྣ་རྙེད་ཚད་གསོ༔ རྫས་རྣམས་ཚང་ངོ་ཚང་གྱུར་ཅིག༔ རྟེན་འབྲེལ་ཟབ་མོས་ཚང་བར་ཤོག༔ ཅེས་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་འབྲུ་སྣ་སྣ་ཚོགས་གཏོར༔ ཚོགས་རྫས་ཀྱང་ཅི་རྙེད་པའི་ཟས་དང་རྫས་སྣ་བཤམས་ལ་བསྐང་ཚོགས་བྱ༔ མཐར་ནི་བཟང་པོ་ལྟར་རྨི་ན༔ སོར་ཆུད་པ་ཡི་ལྟས་སུ་ངེས༔ བྲུབ་ཁུང་ངམ་ནི་སྒྲུབ་ཁང་གི༔ ཉེ་སར་ཙི་སྒྲ་འདོན་པ་དང་༔ འཁུན་དང་བཤུད་སྒྲ་ལྡིར་བ་ན༔ བླ་ཡི་རྟགས་སུ་ཤེས་པར་བྱ༔ བླ་རྟགས་མ་ཐོན་བར་དུ་ནི༔ བསྒྲལ་ལས་མི་བྱ་ལྷ་མི་དབྱེ༔ བླ་ཡར་རྒྱུ་ཡིན་ཤེས་པར་བྱ༔ ལྷ་མ་དགྱེས་གོང་བླ་མི་བསྒྲལ༔ བླ་དྲེད་ཅེས་བྱའི་རྒྱུ་ཡིན་ཕྱིར༔ འགྲུབ་རྟགས་དུས་སུ་མ་བྱུང་ན༔ སྤོགས་པར་བྱ་བ་ཞལ་ལས་ཤེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་ཨོ་རྒྱན་རྡོ་རྗེས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།