སྲུང་མ་དང་འབྲེལ་བའི་སྐོར་ཐོར་བུ།

From Dudjom Wiki
Revision as of 21:12, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-010
Wylie title srung ma dang 'brel ba'i skor thor bu
Location bdud 'joms rin po che'i gsung thor bu
Volume 1, Text 10, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Srung ma dang 'brel ba'i skor thor bu. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །སྲུང་མ་དང་འབྲེལ་བའི་སྐོར་ཐོར་བུ་བཞུགས་སོ།།

གནས་ཆེན་བུདྡྷ་ཚེ་ཕུག་གི་གནས་གསོལ་བསྡུས་པ་ནི། མཆོད་གཏོར། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུྃ་གིས་བརླབས་ནས། སྐུ་གསུམ་བརྒྱུད་གསུམ་དྲིན་ཆེན་བླ་མ་དང༌། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ། །རྡོ་རྗེ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཁྱད་པར་དཔལ་ལྡན་མགོན་པོ་བྱ་རོག་གདོང༌། །སྔགས་སྲུང་རལ་གཅིག་བཟའ་བདུད་རྡོ་རྗེ་ལེགས། །རྡོ་རྗེ་བྲག་བཙན་སྤྲུལ་འཁོར་བྱེ་བར་བཅས། །གསོལ་ལོ༴ །གཞན་ཡང་ངོ་མཚར་གནས་གཏེར་བསྲུང་མཛད་པའི། །ཡེ་ཤེས་དང་ནི་ལས་ལས་གྲུབ་པ་ཡི། །ཕོ་མོ་མ་ནིང་ཆོས་སྐྱོང་དྲེགས་པའི་ཚོགས། །གསོལ་ལོ༴ །དམ་ཅན་ཁྱེད་རྣམས་མཆོད་ཅིང་བསྟོད་པའི་མཐུས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་འགྲུབ། །ཇི་ལྟར་བཅོལ་པའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཅེས་པའང་ཀརྨ་མངྒ་ལས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ །། །། ༈ །ཀ་ཏིའི་འདོད་ཁམས་བདག་མོའི་མཆོད་འཕྲིན་ནི། ཀྱཻ། རྒྱལ་བ་ཤཱཀྱའི་བསྟན་སྲུང་ཡོངས་ཀྱི་གཙོ། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །འཁོརཚོགས་སྤྲུལ་པ་བཀའ་སྡོད་རྒྱ་མཚོར་བཅས། །འདིར་གཤེགས་ཟག་མེད་བདུད་རྩིའི་མཆོད་གཏོར་བཞེས། །རྟག་ཏུ་བརྩེར་དགོངས་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་གནོད་པ་མ་ལུས་ཞི་བ་དང༌། །མཐུན་རྐྱེན་བསམ་དོན་ཡིད་ལ་ཅི་འདོད་པ། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་བྱང་ཆུབ་ཀྱི་ངོར་ཛྙཱ་ནས་སོ།། །། ༈ །འགྱུར་མེད་དབྱིངས་ལས་འབར་བའི་སྐུར་བཞེངས་པ། །འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ། །དམ་ཉམས་རྩད་གཅོད་ལེགས་ཉེས་གཉེར་ཁ་འཛིན། །རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས་པ་ལ། །ཕྱི་ནང་གསང་བའི་དམ་རྫས་མཆོད་པ་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང༌། །རྟག་ཏུ་བརྩེར་དགོངས་འགལ་བྱེད་ཆམ་ལ་ཕོབ། །འདོད་དོན་བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཅེས་པའང་ཛྙཱ་ནས་སོ།། །། ༈ །འུར་རྡི་ཇོ་མོའི་གསོལ་ཕྲིན་བཞུགས། མཆོད་གཏོར་གསེར་སྐྱེམས་བྱིན་གྱིས་བརླབ་ལ། ཀྱེ། འབོད་དོ་ཡུལ་ལྷ་མཐུ་མོ་ཆེ། །ལྷ་སྨན་ཇོ་མོ་མཆེད་སྡེ་བདུན། །མངག་གཞུག་འཁོར་ཚོགས་རྒྱ་མཚོར་བཅས། །དམ་ཚིག་གཙང་མའི་མགྲོན་ལ་གཤེགས། །དངོས་འབྱོར་ཡིད་སྤྲུལ་མཐུན་པའི་རྫས། །མཁོ་རྒུའི་ལོངས་སྤྱོད་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །ཁ་འཛིན་སྟོང་གྲོགས་མ་གཡེལ་བར། །འགལ་རྐྱེན་གནོད་པ་ཐམས་ཅད་སེལ། །མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྤེལ། །གང་བསམ་འདོད་དོན་བཅོལ་བའི་ལས། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །ཅེས་མཆོད་གཏོར་གཙང་སར་གཤེགས་སོ།» །ཅེས་པའང་དགེ་སྦྱོང་དཀོན་མཆོག་བསམ་གཏན་གྱིས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །གནོད་སྦྱིན་ཤན་པ་དམར་ནག་གི་བསྙེན་སྒྲུབ་མན་ངག་ཡིག་ཆུང་བཀའ་རྒྱ་ཅན་ཡོད། དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ། །ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་སྔགས་པས་གནོད་སྦྱིན་ཆེན་པོ་སྒྲུབ་པར་འདོད་པས། དུར་ཁྲོད་སོགས་དབེན་པའི་སྒྲུབ་ཁང་དུ་སྟེགས་བུ་མདའ་གང་བྲུབ་ཁུང་དང་བཅས་པའི་ཟུར་བཞིར་འོམ་བུའི་མདའ་བཞི་ལ་བྱ་རྒོད་ཀྱི་སྒྲོ་སྒྲོན། ཟ་འོག་དར་སྣ་རིན་པོ་ཆེ་སྣ་ཚོགས་པ་མགུལ་དུ་བཏགས་པ་གཟུག མཎྜལ་སྟེང་གི་མཉྫིའི་ཁར་སྤོད་དང་ཟས་སྣ་རིན་པོ་ཆེ་བསྲེས་པའི་ཟན་ལས་ཟངས་སམ་བནྡྷའི་སྣོད་དུ་དམར་གྱི་གཏོར་མ་བརྗིད་ལྡན་འཁོར་གྱི་བཤོས་བུ་ལྷ་གྲངས་དང་མཉམ་པ་ལ་ཤ་ཁྲག་སྣ་ཚོགས་པས་བརྒྱན་པའི་ནང་དུ། གནོད་སྦྱིན་ཆེན་པོས་བདག་སྒྲུབ་པ་པོ་ལ་མི་འབྲལ་བར་འགོ་ཞིང་སྡོང་གྲོགས་མཛོད་ལ་འཁོར་དང་འབྱོར་བ་སྤེལ། བགེགས་དང་བར་ཆད་སྲུངས། འགལ་བྱེད་ཆམ་ལ་ཕོབ། མདོར་ན་ཅི་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་མཛོད་ཅིག ཅེས་གསེར་གྱིས་བྲིས་ཏེ་གཞུག རྩེ་མོར་སྐུ་ཙཀ་དར་དམར་གྱི་འཕུར་ལྡིང་གཡོ་བ་བཙུགས་ལ་རྒྱུན་དུ་མི་གཤེགས་པར་བཞག མཐར་འཕྲལ་གྱི་མཆོད་གཏོར་དང་ཉེར་སྤྱོད་སོགས་མཐུན་རྫས་སུ་འོས་པས་བསྐོར། དངོས་གཞི་མཚམས་དམ་པར་བཅད་དེ་རང་ཉིད་པདྨ་དྲག་པོའི་ཏིང་ངེ་འཛིན་གྱིས་མཆོད་གཏོར་རྣམས་བྱིན་བརླབས། མདུན་རྟེན་གསལ་བཏབ་ལ་སྤྱན་འདྲེན་མཆོད་གཏོར་རྣམས་ལས་གཞུང་ལྟར་བྱས་མཐར་དམིགས་གནད་དང་བཅས་རྩ་བའི་སྲོག་སྔགས་ཉིད་བཟླས་པའི་མན་ངག་དང་ལྡན་པས་དྲག་པོར་བཟླ། ཐུན་མཚམས་སུ་བསྐང་གསོལ་ལ་ནན་ཏན་དུ་འབད་ཅིང་སྒྲུབ་པའི་དམ་ཚིག་རབ་ཏུ་གསང༌། དེ་ལྟར་ཞག་ཉེར་གཅིག་ཏུ་བསྒྲུབས་པས་དངོས་ཉམས་རྨི་ལམ་གང་རུང་དུ་རོལ་མོའི་སྒྲ་དང༌། འོད་དང༌། སྐྱེ་བོ་མང་པོ་འདུ་བ་དང༌། སྡེ་དཔོན༌། ཞང་བློན། དགེ་བཤེས། བན་བོན་གྱི་ཚོགས་རྣམས་འདུ་བ་དང༌། ནོར་དང་འབྲུའི་གཏེར་རྙེད་པ་སོགས་འགྲུབ་པའི་རྟགས་ངེས་པར་འབྱུང༌། དེའི་ཚེ་ལས་ལ་སྦྱར་བར་འདོད་ན་བྲུབ་ཁུང་དུ་ལིངྒ་མན་ངག་ལྟར་བྲིས་པ་བཅུག་པ་ལ་དགུག་གཞུག་དྲག་ཏུ་བྱ། བདག་དང་གནོད་སྦྱིན་གྱི་སྒོམ་བཟླས་སྔར་དང་འདྲ་བ་ལས། རྦད་བསད་ཆིག་དྲིལ་གྱི་སྔགས་ནི། ཨེ་ཧེ་རྨ་རུ་རྩེ་གྷུ་ན་ཧྲཱིཿཏྲི་གྷྲྃ་བྷྱོ༔ ཤ་རཾ་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ འགྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལྃ་ཆེ་གེ་མོ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་རྔུབས༔ ཁྲག་ལ་འཇིབ༔ ཙིག་ཙིག༔ དགྲ་བོའི་སྲོག་ལ་ཡྃ་ཡྃ༔ ཞེས་མན་ངག་བཅས་དྲག་ཏུ་བཟླ་ཞིང༌། ཐུན་མཚམས་སུ་བསྟོད་པའི་རྗེས་ལ། གནོད་སྦྱིན་ཆེན་པོ་མ་རུངས་པ༔ ཤ་ཟ་ཁྲག་འཐུང་སྟོང་གིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་བཅས༔ དགྲ་བོའི་སྟེང་དུ་ད་རྒྱུག་ཅིག༔ རྦད་ཀྱང་ཕྲིན་ལས་མི་བྱེད་ན༔ དམ་ཚིག་ཉམས་པར་མི་འགྱུར་རམ༔ ད་དུང་དགྲ་བོ་མི་གསོད་ན༔ གནོད་སྦྱིན་ཁྱོད་ལ་ཅི་བྱུང་གི༔ ད་ལྟ་ཉིད་དུ་སོད་ལ་ཤོག༔ ཤ་ཟོ་ཁྲག་འཐུང་སྙིང་རྩ་ཕྱུང་༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ཅེས་རྦད་ཅིང༌། གོང་གི་སྔགས་དེས་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཉུང་ནག་དུག་སྣའི་ཐུན་དང་བསྡེབས་ལ་ལིངྒར་བྲབ་པས་རྡུལ་ཕྲན་དུ་སོང་བར་བསམ། དེ་ལྟར་ཞག་བདུན་བསྒྲུབས་པས་རྨི་ལམ་དུ་དོན་སྙིང་འབྱིན་པ་དང༌། ལིང་བཀྱེ་བ་དང༌། ཤིང་གཅོད་པ་སོགས་འབྱུང་ཞིང༌། དགྲ་རྟགས་ངེས་པ་ཅན་མཐོང་ན་ལིངྒ་མཚོན་གྱིས་བཏུབས་ལ་མེ་ནང་དུ་གནོད་སྦྱིན་བསྐྱེད་པའི་ཞལ་དུ་ཕུལ་ནས་ཐལ་བ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་པས། ལས་ཟླ་བ་མི་འགྱང་བར་འགྲུབ་པར་གྱུར་རོ། །གཞན་ཡང་ཕྲིན་ལས་ཀྱི་ཚུལ་ཁྱད་པར་བ་མཐའ་དག་རྩ་བའི་ཡིག་ཆ་ལས་ཤེས་ཤིང༌། མན་ངག་གི་གནད་བླ་མའི་ཞལ་ལས་བླང་བར་བྱ་བ་ཡིན་ནོ། །ཞེས་པའང་གསང་ཆེན་བསྟན་པའི་སྲོག་བཟུང་གི་ཆ་རྐྱེན་དུ་རྡོ་རྗེ་འཛིན་པ་ཨོ་རྒྱན་གསང་སྔགས་བསྟན་འཛིན་གྱི་དགོངས་བཞེད་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་སྤེལ་བ་སྟེ། དམ་ཉམས་དཔེ་ཁྱེར་མཁན་གྱིས་སྤྱད་ན་དེའི་སྙིང་ཁྲག་སྲོག་བདག་བཤན་པའི་དཔའ་སྐྱེམས་སུ་རོལ་ཅིག ས་མ་ཡ།། །།༄། ཤན་པའི་མདོས་འདོན་ལུགས་ཀྱི་ཆོ་གའི་འགྲོས་ནི། གྲོ་ལོད་ཀྱི་ཆོ་གའི་བཟླས་པ་གྲུབ་པ་དང༌། དམ་ཅན་སྤྱི་གཏོར་རྒྱས་པ་བཞིན་བསྟོད་པའི་མཇུག སྔགས་སྲུང་གི་མངོན་རྟོགས་ནས་སྟོདཔའི་བར། དེ་ནས་རྗེས་འབྲངས་ནང་ནས་ དུར་ཁྲོད་ལྷ་མོ་ རྒྱལ་བཙན་གཉིས་ དྲེགས་པ་སྡེ་བརྒྱད་ དྲག་ཤུལ་དབང་པོ་ གཏེར་གཞིའི་རྗེས་ སྔགས་སྲུང་མའི་བསྙེན་པ་ མཆོད་བསྟོད་ ལས་བྱང་གི་ཚོགས་བྱིན་རླབས་ནས་ བསྒྲལ་སྟབས་ བསྐང་བ་ཡན་བསྒྲུབས་པ་དང་ དེ་ནས་ཆོས་སྐྱོང་གི་བསྐང་རྫས་བྱིན་རླབས་ནས་ བསྐང་བ་ཡོངས་རྫོགས་རྗེས་བཤགས་པ་ཕྲིན་བཅོལ་ ཚོགས་དྲང་བ་ དེ་ནས་ཤན་པའི་མངོན་རྟོགས་ནས་མདོས་ལ་མཇུག་ གྲངས་གང་འོས་སོགས་ཀྱིས་མཐར་དབྱུང་ ལྷག་གཏོར་དང་དམ་ཅན་མཇུགཆོག་སོགས་ཀྱིས་མཐར་དབྱུང་ ཞེས་ཤན་པའི་མདོས་དང་པོ་གསུང་སྐབས་༧སྐྱབས་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་ འཇམ་དབྱངས་ལགས་དབུ་མཛད་གནང་སྐབས་ ཁོང་གི་ཞལ་རྒྱུན་ལྟར་བརྗེད་ཐོར་བཀོད་པའོ།