TTDL-ZABTER-15-BA-029

From Dudjom Wiki
Revision as of 15:00, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-029
Wylie title TTDL-ZABTER-15-BA-029.pdf
Location bdud 'joms gling pa zab gter
Volume 15, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་འདུས་པའི་ཚོགས་མཆོད་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༠༠༠༠བརྡ་ཡིགཔདྨ་བདག་གི་བརྒྱུད་འཛིན་པའི༔ ཚོགས་སྨོན་ལས་འཕྲོ་བཟང་པོ་ཡི༔ སྐལ་བར་ལྡན་པའི་སྐྱེས་བུ་རྣམས༔ ཚོགས་དང་བསྐང་བཤགས་ལ་བརྩོན་པས༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ མཆོག་གི་དངོས་གྲུབ་མྱུར་ཐོབ་འགྱུར༔ ལག་ལེན་རིམ་པ་འདི་ལྟ་སྟེ༔ ཤ་ཆང་འབྲུ་སྣ་ཤིང་ཐོག་དང་༔ དཀར་གསུམ་མངར་གསུམ་འོ་མ་ཞོ༔ རི་རབ་རོལ་མཚོའི་ཚུལ་དུ་བཀོད༔ དང་པོ་སྦྱང་བའི་རིམ་པ་ལ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ སྦྱོང་བྱེད་ཡི་གེ་འབྲུ་གསུམ་འཕྲོ༔ ཚོགས་ཀྱི་མ་དག་འབག་རྩོག་ཀུན༔ བསྲེགས་གཏོར་སྦྱངས་བཀྲུས་སྟོང་པར་གྱུར༔ རཾ་ཡཾ་ཁཾ༔ དེ་ནས་སྤེལ་བ་ནི༔ བྷྲུྃ་ལས་རིན་ཆེན་སྣོད་ཡངས་པར༔ མཆོད་རྫས་བཤམས་པའི་ངོ་བོ་དང་༔ སྣོད་བཅུད་འབྱུང་བའི་བཅུད་རྣམས་ཀུན༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི༔ རྣམ་པར་འདུས་ཏེ་འོད་དུ་ཞུ༔ ཡེ་ཤེས་བདུད་རྩིའི་ངོ་བོ་ལ༔ རྣམ་པ་དུས་གསུམ་ལོངས་སྤྱོད་ཚོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་འདི༔ ཀུན་བཟང་རྣམས་འཕྲུལ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་གནས་དང་ཨོ་རྒྱན་རང་བྱུང་ཚལ༔ དག་པ་མཁའ་སྤྱོད་གསང་ཆེན་རོལ་པ་ནས༔ ཡུམ་ཆེན་ཀུན་ཏུ་བཟང་མོ་ཝ་ར་ཧི༔ སེང་ཧ་མུ་ཁ་ཀྲོ་ཏི་ཀ་ལི་ཤཱི༔ འབུམ་ཕྲག་ཡངས་པའི་ཌཱཀིའི་ཚོགས་དང་བཅས༔ མ་ལུས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིང་ཧྲཱིང་ས་མ་ཡ་ཛ་ཛ༔ དེ་ནས་བདུད་རྩི་སྐྱེམས་མཆོད་འབུལ་པ་ནི༔ ཧཱུྃ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ བདེ་སྟོང་བདུད་རྩིའི་སྐྱེམས་མཆོད་འབུལ༔ དགྱེས་པར་དགོངས་ཏེ་མཉེས་པར་རོལ༔ མ་ཧཱ་པཉྩ་ཨ་མྲི་ཏ་པཱུ་ཛ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧཱུྃཿབྱིན་རླབས་རྩ་བ་བླ་མ་མཆོགཿདངོས་གྲུབ་རྩ་བ་ཡི་དམ་ལྷ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལཿཞལ་ཟས་ཚོགས་ཀྱི་མཆོད་པ་འབུལཿསརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿདེ་ནས་བཤགས་པ་བྱ་བ་ལཿཧཱུྃ༔ བདག་གི་ཚེ་རབས་ཐོག་མེད་ནས༔ མ་རིགས་དབང་དུ་གྱུར་པ་ཡི༔ ཉེས་བྱས་ཉམས་ཆག་ཅི་མཆི་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་སོགས་སཏྭ་ཨཱ༔ དེ་ནས་བསྒྲལ་ལས་བྱ་བ་ལ༔ ཧཱུྃ༔ ཆོས་སྐུའི་མཁའ་འགྲོ་དབྱིངས་ནས་བཞེངས༔ ལོངས་སྐུའི་མཁའ་འགྲོའི་བཀོད་པ་ངོམས༔ སྤྲུལ་སྐུའི་མཁའ་འགྲོའི་ཕྲིན་ལས་ཀྱིས༔ མངོན་སྤྱོད་མཛད་པའི་དུས་ལ་བབཿཛ༔ ཛ་ལས་གུགས་བྱེད་ལྕགས་ཀྱུ་མ༔ ཧཱུྃ༔ ཧཱུྃ་ལས་འཆིངས་བྱེད་ཞགས་པ་མ༔ བཾ༔ བཾ་ལས་རྨོངས་བྱེད་ལྕགས་སྒྲོག་མ༔ ཧོཿཧོ་ལས་མྱོས་བྱེད་དྲིལ་བུ་མ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཞིང་བཅུ་ཉམས་པ་བདུན་ལྡན་པའི༔ གཟུགས་ཡོད་དགྲ་དང་གཟུགས་མེད་བགེགས༔ འགུགས་འཆིང་རྨོངས་མྱོས་ཕྲིན་ལས་མཛོད༔ རྩ་སྔགས་མཐར༔ རཱུ་ཏྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ བདག་འཛིན་གཉིས་སྣང་རཱུ་ཏྲ་ཀུན༔ བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་རྣམས༔ ཡེ་ཤེས་མཁའ་འགྲོའི་ཞལ་དུ་བསྟབས༔ རྗེས་ལྷག་ཙམ་ཡང་མེད་པར་མཛོད༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ལ༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་ཕྱུག་འབར་མ་གིང་ལངྒ༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ གནས་ཉུལ་བརྒྱད་ཁྲི་བཞི་སྟོང་བཅས༔ ཟས་སུ་ཉམས་པའི་ཤ་ལ་ཟ༔ སྐོམ་དུ་ཉམས་པའི་ཁྲག་ལ་འཐུང་༔ གོས་སུ་ཞིང་ལྤགས་རློན་པ་ཀླུབ༔ གནས་ཡུལ་དུར་ཁྲོད་ཀུན་ཏུ་རྒྱུ༔ བསྟན་ལ་གདུང་ཞིང་བསྟན་འཛིན་སྐྱོང་༔ ལས་ཀ་བསྟན་དགྲའི་སྲོག་ལ་རྒྱུ༔ སྔོན་གྱི་ཆད་དོན་ཁྲིམས་བཞིན་དུ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བསྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ རང་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་བྷྱོ་ཛ་ཧྲཱིཾ་ཨུ་ཙྪི་ཥྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ལ༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་པའི་བསྐལ་པ་ལ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བསྟན་པ་བསྲུང་བར་གཉེར་བླངས་པའི༔ ཡེ་ཤེས་འཇིག་རྟེན་དྲེགས་པ་ཅན༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ བཀའ་དམ་གཉན་པོ་ཁྲིམས་བཞིན་དུ༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ བཤལ་ཆུ་གཏོར་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་དང་༔ ཨ་ཙར་ནག་པོ་སྤྱོད་ལ་སོགས༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བོད་ཁམས་སྐྱོང་༔ བསྟན་མ་ཆེན་མོ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བྲན་འབངས་སྟེ༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ རབ་འབྱམས་ཕྲིན་ལས་མྱུར་གྲུབ་མཛོད༔ མ་མ་ཧྲཱིང་ཧྲཱིང་ཨེ་དཾ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ ཆོས་དབྱིངས་རོལ་པ་ཨེ་ཡི་མཁར༔ ལོག་རྟོག་མི་སྲུན་རཱུ་ཏྲ་བྲུབ༔ ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔ མ་ལྡང་མ་ཤོར་ཡེ་ཤེས་རྒྱ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་གསང་མཛོད་ནས༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ རྩ་སྔགས་མཐར་ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྔོ་བ་སྨོན་ལས་ནི༔ ཧཱུྃ༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ་མཐར༔ དེ་ནས་རྟག་མཐའ་བསལ་བ་ལ༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཐམས་ཅད་མ་ལུས་བདག་ལ་བསྡུ༔ བདག་ཀྱང་ཆོས་ཉིད་ཆེན་པོར་ཞིག༔ ཨ་ཨ་ཨཱཿདེ་ནས་ཆད་མཐའ་གསལ་བ་ལ༔ ཧཱུྃ༔ སྐད་ཅིག་སྟོང་པའི་ངང་ཉིད་ལས་༔ ཆུ་ལས་ཆུ་ལྦུར་རྡོལ་པ་བཞིན༔ རང་ཉིད་རྡོ་རྗེ་ཕག་མོའི་སྐུ༔ སྣང་སྟོང་ནམ་མཁའི་རྡོ་རྗེ་གསལ༔ རྩ་སྔགས་མཐར༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ ཀ་དག་ཡུམ་ཆེན་མཁའ་ཀློང་དུ༔ ལྷུན་གྲུབ་ཡུམ་ལྔའི་བཀོད་པ་ངོམས༔ ཐུགས་རྗེ་འབུམ་ཕྲ་མཁའ་འགྲོར་ཤར༔ སྐུ་གསུམ་མཁའ་འགྲོའི་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་གསང་སྔགས་ཟབ་རྒྱའི་བཅུད༔ བསྐྱེད་དང་རྫོགས་པའི་གདིང་ལྡན་པས༔ ཉམས་ལེན་གནད་དུ་བསྣུན་པ་ཡི༔ སྐལ་བཟང་སྐྱེས་བུ་དམ་པ་རྣམས༔ ཚེ་འདིར་ལེགས་པའི་ཡོན་ཏན་འཕེལ༔ ཕྱི་མ་མཁའ་སྤྱོད་ཞིང་དུ་འཕོ༔ བཀའ་བསྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་བུ་མོ་པདྨ་གསལ་ཀྱི་ངོ་སྐལ་དུ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་མཁྱེན་བརྩེའི་མྱུ་གུ་གུའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།