TTDL-ZABTER-13-PA-084

From Dudjom Wiki
Revision as of 10:48, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-084
Wylie title TTDL-ZABTER-13-PA-084.pdf
Location bdud 'joms gling pa zab gter
Volume 13, Text 84, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བདེ་ཆེན་ཞིང་སོགས་ཞིང་དང་ཉེ་ཞིང་སྐྱོང་བ་བདེ་གཤེགས་སྤྱི་དཔལ་ཆེན་པོ་དྲེགས་པའི་སྐུར་བཞེངས་པ་ཞིང་སྐྱོང་སེང་གདོང་ཡབ་ཡུམ་གྱི་ཕྱག་རྒྱ་ཙིཏྟའི་རྒྱ་ཅན་བཞུགས༔ ན་མོ་གུ་རུ་སིདྷ་གྷཎྜེ་ཡེ༔ ༠༠༠༠བརྡ་ཡིག༣༡༣ཟངས་སམ་ལྕགས་ཀྱི་སྣོད་མཆོག་ཏུ༔ དམར་གྱི་གཏོར་མ་མཁྱིད་གང་བ༔ གཡོན་དུ་དེ་འདྲ་སོར་ལྔ་ཙམ༔ དེ་མདུན་བམ་རོ་ཕོ་མོ་གཉིས༔ བསྐྱེད་ཆོག་ཇི་བཞིན་བྱས་པ་ལ༔ ཤ་ཁྲག་དག་གི་རྒྱན་བྱས་བཤམས༔ འབུལ་རྫས་ཤ་ཁྲག་དམར་གཏོར་དང་༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ སྟོང་པའི་ངང་ལས་མདུན་དུ་དུར་ཁྲོད་རབ་འཇིགས་མེ་རླུང་འཚུབས་མའི་ཀློང་དུ༔ རང་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་དང་ཏྲི་འཕྲོས༔ ཧཱུྃ་ལས་བདུད་མགོན་ནག་པོ་སེང་གེའི་གདོང་པ་ཅན༔ ཕྱག་གཡས་རུ་མཚོན་ནམ་མཁར་ཕྱར་ཞིང་གཡོན་པས་དམར་གཏོར་དགྲ་ལ་འཕེན་པ༔ བེར་ནག་གསོལ་ཞིང་བདུད་རྟ་ནག་པོ་རྟིང་དཀར་ལ་ཞོན་པ༔ གཡུ་རལ་གསེབ་ནས་སེང་ཆུང་གི་ཚྭ་ཚྭ་འཕྲོ་བ་སྤྱན་གསུམ་དམར་ཟླུམ་དུ་འཁྲིགས་ཤིང་སེང་སྐད་ཀྱིས་ས་གསུམ་གཡོ་བ༔ རྐེད་པར་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་པ་ཞིག་ཏུ་བསྐྱེད་དོ༔ དེའི་གཡོན་དུ་ཁྲག་མཚོ་རྦ་རླབས་འཁྲིགས་པའི་ཀློང་དུ་ཏྲིཿཡིག་དམར་ནག་ཡོངས་སུ་གྱུར་པ་ལས༔ ཡུམ་དཔལ་འབར་སི་ན་ར་མ་སྐུ་མདོག་དམར་མོ་སེང་ཞལ་ཁྲག་གི་རལ་པ་ཅན༔ ཕྱག་གཡས་ཁ་ཊྭཱྃ་དང་གཡོན་པས་དགྲ་སྙིང་དམར་རློན་བསྣམས་པ༔ བེར་དམར་གསོལ་ཞིང་མེ་རྟ་དམར་པོ་ལ་ཆིབས་པར་བསྐྱེད་དོ༔ ཡབ་ཡུམ་གཉིས་ཀྱི་མདུན་དུ་ཏྲིཿལས་སྤྲུལ་པའི་བམ་རོ་རོ་ལངས་ཕོ་མོ་མགོ་ན་སྐྲ་མེད་པ་སྤྱི་གཙུག་ས་ལ་གཏད་པ༔ ལག་པ་གཉིས་ཀྱིས་འགྲོ་ཞིང་རྐང་པ་གཉིས་གྱེན་དུ་བསྟན་པའི་སྟེང་ནས་དགྲ་ལ་དམར་གཏོར་འཕེན་པ༔ དེ་དག་ལ་འཁོར་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་གནོད་སྦྱིན་ཁྲི་མོན་པ་ཕོ་མོ་བདུད་པོ་ཐོད་ཁུར་བདུད་མོ་ཁྲག་ལེན་གྱི་ཚོགས་དཔག་ཏུ་མེད་པས་ལྷ་མིའི་ཁྲོམ་འཚོགས་པ་བཞིན་དུ་བསྐོར་ནས་བཞུགས་པར་བསྒོམ༔ གཙོ་བོ་གཉིས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས་བདེ་བ་ཅན་དང་མེ་རི་འབར་བ་གསང་ཆེན་རོལ་པ་ལ་སོགས་པའི་འོག་མིན་དང་༔ མཁའ་སྤྱོད་དང་ས་སྤྱོད་ཀྱི་གནས་ཐམས་ཅད་ནས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་སྤྲུལ་པ་ཡང་སྤྲུལ་གནས་ཡུལ་དང་བཅས་པ་སྤྱན་དྲངས་ནས་བསྐྱེད་པའི་ལྷ་ལ་ཐིམ་པས་མཐུ་ནུས་པ་བཀྲག་གཟི་མདངས་དང་ལྡན་པར་བསྒོམ༔ ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་སི་ན་ར་མ་དྷྲི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ས་མ་ཡ་ཛ་ཛཿཞེས་འབོད་སྔགས་ཅི་མང་ཆུ་བོའི་གཞུང་བཞིན་བཟླ༔ སྐུ་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས༔ མ་ལུས་ཞིང་སྐྱོང་མགོན་པོའི་རྣལ་རོལ་དུ༔ མཚོ་ལ་ཁ་ཆར་བབ་བཞིན་སྤྱན་དྲངས་ཏེ༔ ཐིམ་པར་བསམ་པ་འབོད་པའི་གནད་དུ་ཤེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨ་ཐཾ་རྒྱ༔ ཞེས་པ་འདི་ཡང་རིགས་སྲས་རིག་འཛིན་ནོར་བུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།