TTDL-ZABTER-03-GA-012

From Dudjom Wiki
Revision as of 09:36, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-03-GA-012
Wylie title TTDL-ZABTER-03-GA-012.pdf
Location bdud 'joms gling pa zab gter
Volume 3, Text 12, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་བསྐང་བ་མེ་ཏོག་རབ་རྒྱས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༣༣མཆོད་རྫས་དངོས་སུ་འབྱོར་ཚོགས་ལ༔ སྔགས་དང་ཏིང་འཛིན་རླབས་ཀྱིས་བརླབ༔ རང་གཞན་སེམས་ཅན་མ་ལུས་པའི༔ སྡིག་ལྟུང་་དམ་ཉམས་བཤགས་སེམས་ཀྱིས༔ ཧཱུྃ་ཧྲཱིཿའོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་ནས༔ དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ འཕོ་བ་ཆེན་པོའི་གཞལ་ཡས་ནས༔ ཤྲཱི་སེང་ཧའི་ཐུགས་དམ་བསྐང་༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ འཇའ་ལུས་སྒྱུ་མའི་སྐུ་བརྙེས་པ༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ སྐུ་གསུམ་དགོངས་པའི་ཀློང་ཆེན་རྡོལ༔ ཁྱེའུ་ཆུང་ལོ་ཙཱའི་ཐུགས་དམ་བསྐང་༔ ཟབ་གཏེར་སྒོ་འབྱེད་འགྲོ་བའི་མགོན༔ བདུད་འཇོམས་གླིང་པའི་ཐུགས་དམ་བསྐང་༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ དྲིན་ཆེན་བླ་མའི་ཐུགས་དམ་བསྐང་༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ཡང་ཁྲོས་ནག་པོའི་ཐུགས་དམ་བསྐང་༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ནས༔ ཁྲོས་མ་ནག་མོའི་ཐུགས་དམ་བསྐང་༔ སྐུ་ཡི་ངོ་བོ་ཡོངས་རྫོགས་དཔལ༔ འཇམ་དཔལ་ནག་པོའི་ཐུགས་དམ་བསྐང་༔ གསུང་གི་གསང་བ་འདུས་པའི་དཔལ༔ རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ ཐུགས་ཀྱི་ཡེ་ཤེས་ཡོངས་འདུས་དཔལ༔ རྡོ་རྗེ་གཏུམ་པོའི་ཐུགས་དམ་བསྐང༔ ཕྲིན་ལས་མངོན་སྤྱོད་མཛད་པའི་དཔལ༔ ཡེ་ཤེས་ཁྱུང་ཆེན་ཐུགས་དམ་བསྐང་༔ དུག་ལྔ་དབྱིངས་སྒྲོལ་ཡེ་ཤེས་སྐུ༔ རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང་༔ ལས་བཞིའི་ཕྲིན་ལས་ཐོགས་མེད་བདག༔ སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ སྟེང་ཕྱོགས་ནམ་མཁའི་ཀློང་དཀྱིལ་ནས༔ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐང་༔ ཧེ་ཆེན་དྷ་ནའི་དུར་ཁྲོད་ནས༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ དྲེགས་པ་སྡེ་བརྒྱད་ཐུགས་དམ་བསྐང་༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་ཚོགས་ཀྱིས་བསྐང་༔ ཏ་ན་ག་ན་བདེ་ཆེན་པོ༔ སྣང་སྲིད་མ་ལུས་ཡོངས་ཀྱིས་བསྐང་༔ ཞལ་ཟས་ཚོགས་དང་སུ་ར་ཆང་༔ ཤ་ལྔ་བདུད་རྩི་རྣམ་ལྔས་བསྐང་༔ བདག་ལུས་ལོངས་སྤྱོད་བསྡུས་པའི་ཚོགས༔ རྩ་གསུམ་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཅི་འགྲུབ་བཟླ༔ ཧཱུྃ༔ བླ་མ་ཡང་ཁྲོས་དབྱེར་མེད་དགོངས༔ ཁྱེད་ལ་ཕྱག་འཚལ་མཆོད་ཚོགས་འབུལ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ནས༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་ངན་སེམས་ངག་ཏུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་སྤྱད༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་ཉམས༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ མི་སྤངས་ལྔ་དང་དང་ལེན་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་སྟོང་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱང་སྤྱད༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་ཉམས་བཤགས༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་དགོངས་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཆག་ཉམས་མ་བྱུང་མ་སྐྱེས་པ༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར༔ ཁྱེད་ཅག་མྱ་ངན་མི་འདའ་བཞུགས༔ དགེ་བ་མ་གྱུར་འགྲོ་ལ་བསྔོ༔ རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ དྲང་སྲོང་གཟའ་བདུད་རྒྱལ་པོས་སྲུངས༔ གུ་ཧྱ༔ ཞེས་རང་སློབ་ཚེས་བཅུའི་མིང་གིས་བསྐུལ་ངོར།འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོད་ལོད་རྩལ་གྱིས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།