TTDL-ZABTER-05-CA-021

From Dudjom Wiki
Revision as of 15:36, 7 August 2024 by Mort (talk | contribs)

TTDL-ZABTER-05-CA-021
Wylie title TTDL-ZABTER-05-CA-021.pdf
Location bdud 'joms gling pa zab gter
Volume 5, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠༠༠བརྡ་ཡིག༢༣༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་གི་སྒྲུབ་པ་བདེ་གཤེགས་སྙིང་པོ་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༢༤༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་ཐ་མ་ལ༔ པད་འབྱུང་རྡོ་རྗེ་ཁྲོ་ལོད་ཀྱིས༔ གསང་ཆེན་ཀློང་མཛོད་བརྡའ་བཀྲོལ་ཚེ༔ ཆོས་བདག་སྐྱེས་བུ་ལས་ཅན་གྱི༔ ཕྱི་ནང་བར་ཆད་གེགས་བསྒྲལ་ཞིང་༔ ཡང་དག་ལམ་དུ་གཟུད་པའི་ཕྱིར༔ གསང་ཆེན་བདེ་གཤེགས་སྙིང་པོ་ཡི༔ སྒྲུབ་པ་འདི་ནི་བླ་ན་མེད༔ གསང་ཆེན་ཉམས་སུ་ལེན་པའི་གནས༔ རབ་དབེན་འཚེ་བྲལ་སྐྱེད་ཚལ་དུ༔ དཀྱིལ་འཁོར་བཀོད་ལེགས་ཆོས་འབྱུང་ཁར༔ མེ་ཏོག་ཚོམ་བུ་བཀོད་པའམ༔ ཡང་ན་གཏོར་མ་ལྷ་ཡི་གྲངས༔ ཡང་ན་རྟེན་ཕུར་སྲོག་འཁོར་སོགས༔ གང་ལ་བརྟེན་ཀྱང་ཆོག་པ་ཡིན༔ སྒྲུབ་པའི་བར་ཆད་གེགས་སེལ་ཕྱིར༔ དཀར་དམར་སྐྱེམས་དང་བགེགས་གཏོར་གྱིས༔ མཆོད་དང་སྦྱིན་ཡུལ་ཚིམ་པར་བྱ༔ དེས་ནི་དངོས་གྲུབ་བར་ཆད་སེལ༔ ས་མ་ཡ༔ དེ་ནས་ལམ་གྱི་རིམ་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧོཿབདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་ཡོན་ཏན་རྫོགས༔ མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོཿའཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ གཉིས་མེད་རོལ་པ་བྱང་ཆུབ་སེམས༔ རང་བྱུང་ཡེ་ཤེས་ཆེན་པོར་བརྡལ༔ བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔ ན་མོ༔ དཔལ་ཆེན་མཆོག་ལ་སོགས༔ གསུམ་པ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་མ་བཅོས་ངང་གིས་ཁྲོས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཤུགས༔ རྟོག་གཉིས་རཱུ་དྲའི་གཤེད་དུ་ཆེ༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ བཞི་པ་མཚམས་གཅོད་པ་ནི༔ ཧཱུྃ༔ ཕྱོགས་དང་དབུས་མཐའ་བྲལ་བ་ཡི༔ ཀུན་ནས་ཟླུམ་པ་ཐིག་ལེའི་མཁའ༔ གཞོམ་བྲལ་མི་ཤིགས་རྡོ་རྗེ་སྟེ༔ སྲུང་དང་བསྲུང་བྱ་ཡེ་སངས་རྒྱས༔ དྷརྨ་དྷཱ་ཏུ་རཀྵ་རཀྵ༔ ལྔ་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཁྱབ་བདག་རྡོ་རྗེ་མི་གཡོ་བ༔ རང་གསལ་གཞོན་ནུ་བསྒྲེས་རྒུད་བྲལ༔ ཡེ་གྲོལ་ཐོགས་མེད་ཕུར་པ་ཡིས༔ མཉམ་ཉིད་རོལ་པར་བྱིན་ཆེན་ཕོབ༔ དྲུག་པ་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དབང་པོ་ཡུལ་གྱི་གསལ་སྒོ་རུ༔ འདོད་ཡོན་སྣང་བ་རྒྱན་དུ་ཤར༔ ཚོགས་བརྒྱད་དག་པའི་རླབས་ཀྱིས་བརླབ༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབདུན་པ་ཏིང་འཛིན་རྣམ་གསུམ་ནི༔ ཨ༔ ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བྱེད་ཡེ་ཤེས་རང་ཞལ་གཟིགས༔ མ་འགགས་རྒྱུ་ཡི་ས་བོན་ཉིད༔ སྟོང་ཆེན་ཡུམ་གྱི་མཁའ་ལས་བཙས༔ བརྒྱད་པ་དཀྱིལ་འཁོར་ལྷ་བསྐྱེད་ལ༔ ཧཱུྃ༔ ཐབས་ཤེས་སྙིང་པོ་ས་བོན་ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ འབྱུང་བའི་ལྷ་མོ་བཞི་རིམ་མཁར༔ སྟེང་གཟུགས་འདོད་པའི་དབང་ཕྱུག་མོ༔ རུས་པའི་རི་རབ་ལ་བརྫུས་སྟེང་༔ ཡུལ་བརྒྱད་དག་པའི་དུར་ཁྲོད་དུ༔ ཚོགས་བརྒྱད་དག་པའི་དཔའ་བོ་བརྒྱད༔ སྟོང་ཆེན་དཔའ་མོའི་བྷ་གར་རོལ༔ ཕྲ་ཡུལ་བྲག་ཤིང་མེ་མཚོ་རླུང་༔ ཕྲ་རྟོག་གཅན་གཟན་འདྲེ་རུ་རྫུ༔ དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང་༔ མ་དག་རྟོག་གཉིས་སྒོ་འགག་ཕྱིར༔ ཕྱི་ནང་ཐབས་ཤེས་རིམ་པར་ཤར༔ ཡེ་ཤེས་བཞི་ཡི་ངོ་བོ་ལ༔ རྒྱུ་དང་ཁ་དོག་བཞིས་ཕྱོགས་མཛེས༔ ཚད་མེད་བཞི་ཡི་འཆར་སྒོ་རུ༔ ཕྲིན་ལས་བཞི་ཡི་དབྱིངས་དང་ལྡན༔ ཐབས་ཤེས་ཉི་ཟླའི་སེང་སྐར་ཧར༔ རྒྱུ་བརྒྱུད་སེམས་ཀྱི་ཀྭ་གདན་བཏིང་༔ ཐེག་པ་བརྒྱད་ཀྱི་ཀྭ་བ་ལ༔ འབྲས་བུ་བརྒྱད་ཀྱི་གདུང་མ་བཀལ༔ ཆོས་ཕུང་བརྒྱད་ཁྲིའི་གྲལ་ཁེབས་བྱས༔ ཆོས་དབྱིངས་ཡེ་ཤེས་ཡ་ཕུབ་སྟེང་༔ བདེ་སྟོང་མི་འགྱུར་བུམ་པ་བྲེ༔ ས་ལམ་གཅིག་རྫོགས་ཆོས་འཁོར་གདུགས༔ ཨ་ཏི་སྡེ་གསུམ་མཚོན་པའི་རྟགས༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ སྒོ་གྲུ་རྟ་བབ་དྲྭ་ཕྱེད་འཕན༔ རྟོག་ཚོགས་གནས་དག་མཆོད་རྟེན་དང་༔ རི་དྭགས་ཆོས་ཉན་རྒྱལ་མཚན་གདུགས༔ རྒྱན་དང་ཁོར་ཡུག་མཚན་ཉིད་རྫོགས༔ རྒྱུ་དྲུག་འཁོར་བ་གཞིག་པའི་ཕྱིར༔ བསྐལ་པའི་མེ་རླུང་རབ་ཏུ་འབར༔ འཁྲུལ་པའི་འཁོར་ལོ་གཞོམ་པའི་ཕྱིར༔ ཕོ་ཉ་མཚོན་ཐུན་བུ་ཡུག་འཚུབས༔ ཡེ་ནས་རང་བྱུང་ཆེན་པོར་བསྒོམ༔ ཨོཾ་བཛ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ རྒྱུ་ཡི་ས་བོན་འཕོས་པ་ལས༔ རང་བྱུང་དོན་བྱེད་ཧེ་རུ་ཀ༔ འཕྲོ་འདུ་འོད་ཀྱི་རླབས་ཆེན་གཡོས༔ འཁོར་བ་དོང་སྤྲུགས་རྒྱལ་ཀུན་མཆོད༔ ཚུར་འདུས་སྣང་སྟོང་གཉིས་མེད་ངང་༔ ཐབས་ཤེས་སྦྱོར་བའི་ཧེ་རུར་འཕོས༔ ངོ་བོ་གཙོ་ལ་རང་རྩལ་འཁོར༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ དུས་གསུམ་འདུ་འབྲལ་མེད་པའི་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་བསྐྱེད༔ དགུ་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ རིག་སྟོང་རྡོ་རྗེ་གཞོན་ནུ་ཆེ༔ ཐུགས་རྗེའི་རང་རྩལ་འཁོར་དང་བཅས༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ བཅུ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཕུང་ཁམས་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་སེམས་དཔའ་སེམས་མའི་གདན༔ ཡན་ལག་སྒོ་སྐྱོང་ཕོ་མོའི་གདན༔ གདོད་ནས་ཡོངས་གྲུབ་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཅུ་གཅིག་པ་ཕྱག་འཚལ་བ་ནི༔ ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ མཐའ་དང་ཕྱོགས་ལས་རྣམ་པར་རྒྱལ༔ མི་ཤིགས་རྡོ་རྗེ་སྲིན་པོའི་གར༔ རང་ངོར་རིག་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བཅུ་གཉིས་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བདག་རྟོག་རཱུ་དྲ་བསྒྲལ་བ་ལས༔ དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔ སྣ་ཚོགས་སྣང་བའི་ལོངས་སྤྱོད་དཔལ༔ རྡོ་རྗེ་ཕུར་པའི་ལྷ་ལ་འབུལ༔ བདག་མེད་ཆེན་པོར་བཞེས་ནས་ཀྱང་༔ འཁོར་འདས་དག་མཉམ་ངང་དུ་རོལ༔ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོཿབཅུ་གསུམ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔ བརྡལ་ཁྱབ་རྡོ་རྗེ་སྲིན་པོར་བསྟོད༔ མཁྱེན་གཟིགས་ཡེ་ཤེས་ཡོན་ཏན་རྫོགས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུར་བསྟོད༔ ཁམས་གསུམ་སྐུ་གསུམ་ཀློང་དུ་རོལ༔ ཐོགས་མེད་རྡོ་རྗེ་ཕུར་པར་བསྟོད༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དགོད་དང་གཤེ་དང་དྲག་ཤུལ་ལྡན༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ སྙིང་རྗེ་རྔམས་དང་ཞི་ཚུལ་ལྡན༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ གཙོ་བོའི་ཐུགས་ཀར་སོགས༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ སྒྲུབ་པ་བདེ་གཤེགས་སྙིང་པོ་འདི༔ སྙིང་པོའི་ཡང་སྙིང་བཅུད་དྲིལ་ཏེ༔ གསང་བའི་ཡང་གསང་བླ་ན་མེད༔ བདེན་མཐོང་དོན་གྱི་རྣལ་འབྱོར་གྱི༔ སྐལ་བར་བབ་པ་འདི་ཁོ་ན༔ བསྐྱེད་དང་རྫོགས་པའི་གདིང་ལྡན་པས༔ འདི་ཉིད་ཟླ་དྲུག་བསྒྲུབ་གྱུར་ན༔ རྡོ་རྗེ་འཆང་གི་ས་འཐོབ་འགྱུར༔ ཐེ་ཚོམ་མེད་དོ་པདྨའི་བཀའ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ མ་འོངས་དུས་ཀྱི་སྙིགས་མའི་ཚེ༔ ང་ཉིད་བདུད་འཇོམས་རྡོ་རྗེར་བཞེངས༔ གདུལ་བྱའི་ལྷག་མ་འདུལ་ཞིང་སྐྱོང་༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་སྐྱེ་ཕྲེང་བརྒྱད་དུ་ལས་སྨོན་གྱིས་འབྲེལ་ཞིང་ཆོས་འདིའི་བཀའ་བབ་དམ་པར་གྱུར་པ་ཛྙཱ་ན་རསྨིས་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།