TTDL-ZABTER-05-CA-024

From Dudjom Wiki
Revision as of 15:36, 7 August 2024 by Mort (talk | contribs)

TTDL-ZABTER-05-CA-024
Wylie title TTDL-ZABTER-05-CA-024.pdf
Location bdud 'joms gling pa zab gter
Volume 5, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠༠༠བརྡ་ཡིག༢༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟབ་གསང་བདེ་གཤེགས་སྙིང་པོའི་གབ་དོན་ཡེ་ཤེས་དྲྭ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༥༧ཧཱུ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་ཉིད་སྤྲོས་བྲལ་དབྱིངས་སུ་ཞིག༔ འཁོར་འདས་སྟོང་ཉིད་ཆེན་པོར་ཞི༔ མཁྱེན་གཉིས་ཡེ་ཤེས་མངོན་དུ་བྱས༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རིག་པ་ཧཱུྃ་གི་ཡི་གེར་ཤར༔ འོད་འཕྲོས་འོག་མིན་སྤྲུལ་པའི་ཞིང་༔ དུར་ཁྲོད་མེ་རི་འབར་བའི་ཀློང་༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་༔ རྒྱན་དང་བཀོད་པ་རབ་རྫོགས་དབུས༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེར༔ ཤང་ཤང་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པད་ཟླ་ཉི་མ་བདུད་བཞིའི་སྟེང་༔ ཧཱུྃ་བབ་རྒྱུ་ཡི་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་ལྕགས་ཕུར་གདེངས༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ རྒྱུ་དྲུག་འཁོར་བ་ཆོས་སྐུར་བསྒྲལ༔ འཁོར་འདས་གཟི་བྱིན་ཚེ་བསོད་བཅས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་རབ་འཁྲུགས་སྤྱན་དགུ་གཡོ༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ དབུ་སྐྲ་དམར་སེར་སྲིད་རྩེར་འབར༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ འབར་བའི་མེ་དང་ཁ་ཊྭཱྃ་གཡོན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞིས་བདུད་ཆེན་ཕོ་མོ་གནོན༔ འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད༔ སྔོ་སྐྱ་ཨུཏྤལ་དུང་ཁྲག་སྟོབ༔ ཞལ་སྦྱོར་རལ་པ་སྐུ་རྒྱབ་འཕྱང་༔ གཡང་གཞི་གཟིག་ཤམ་ཐོད་སྦྲུལ་རྒྱན༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ སྤྱི་བོར་རྡོ་རྗེ་ཁྱུང་ཆེན་གྱི༔ རྭ་བར་ཀུན་བཟང་ཡམ་ཡུམ་ཤར༔ ཕྱོགས་བཞིར་ཀཱི་ལ་རིགས་བཞི་ནི༔ ལས་མདོག་ཁྲོ་གཏུམ་ཕུར་པ་འདྲིལ༔ སྐུ་སྨད་ཕུར་དབལ་ཟུར་གསུམ་གྱིས༔ ཉོན་མོངས་རང་གཟུགས་བམ་ཆེན་གནོན༔ གཡས་སུ་སྐུ་ཡི་སྲས་བདུན་དཀར༔ མདུན་དུ་ཐུགས་ཀྱི་སྲས་བདུན་མཐིང་༔ གཡོན་དུ་གསུང་གི་སྲས་བདུན་དམར༔ ཀུན་ཀྱང་ཕྱག་མཚན་གཙོ་བོ་ལྟར༔ སྐུ་སྨད་དབལ་ཕུར་དགྲ་གདོན་འབིག༔ ཕྱོགས་བཅུ་སྤྲུལ་པའི་ཁྲོ་བོ་བཅུ༔ ཤེས་རབ་སྟོང་ཉིད་ཡུམ་དང་སྦྱོར༔ ཕྱོགས་སྐྱོང་ཕོ་མོའི་སྤྱི་ནས་བརྫིས༔ ཟ་གསོད་ཕོ་ཉ་ལས་ལ་འགྱེད༔ ཕྲིན་ལས་སྒོ་སྐྱོང་མ་བཞི་ཤར༔ གཞལ་ཡས་ཕྱི་ཁྱམས་འཁོར་ཡུག་ཏུ༔ རེ་ཏཱི་ཤྭ་ན་ས་བདག་གིང་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ བཀའ་སྡོད་དམ་ཅན་སྲུང་མར་བཅས༔ རྒྱ་མཚོ་དང་ནི་གཟའ་སྐར་བཞིན༔ ངོ་བོ་རང་རྩལ་སྒྱུ་འཕྲུལ་གྱི༔ རོལ་པ་ཆེན་པོར་ལྷུན་གྱིས་གྲུབ༔ བསྐལ་པ་དུས་མཐའི་མེ་བཞིན་འབར༔ ཐུན་མཚོན་བུ་ཡུག་བཞིན་དུ་འགྱེད༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ མཐིང་ནག་ཞི་འཛུམ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་རྡོར་དྲིལ་བསྣོལ་ཐབས་བསྣམས༔ ཐུགས་ཀར་ཉི་གདན་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་དབུས༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ སྒྲུབ་པ་བྱེད་པའི་སྐྱེས་བུ་རྣམས༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ མི་བསླུ་ངེས་པ་པདྨའི་བཀའ༔ རྒྱུད་ཀྱི་ཁོངས་སྙིང་ཕྱུང་བ་སྟེ༔ སྐལ་བ་ཅན་གྱི་དཔལ་དུ་བཞག༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་རྒྱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་བསོད་ནམས་ལྡེ་བཙན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།