TTDL-ZABTER-07-JA-028

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-07-JA-028
Wylie title TTDL-ZABTER-07-JA-028.pdf
Location bdud 'joms gling pa zab gter
Volume 7, Text 28, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༧༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ ནང་སྒྲུབ་མཁའ་འགྲོ་སེང་གདོང་མའི་དབང་ཆོག་བྱིན་རླབས་

ཆར་འབེབས་བཞུགས་སོ༔

༠༠༠༠བརྡ་ཡིག༣༧༦ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ དཔལ་ཆེན་རྡོ་རྗེ་ཁྲོ་ལོད་ངས༔ མ་འོངས་ལས་ཅན་དོན་ཆེན་དུ༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ཡི༔ ནང་སྒྲུབ་སེང་གེའི་གདོང་ཅན་གྱི༔ དབང་ཆོག་བྱིན་རླབས་ཆར་འབེབས་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་བཀོད་པ་གཞུང་ལྟར་ལ༔ མེ་ཏོག་ཚོམ་བུ་བཀྲམ་པའི་སྟེང་༔ བུམ་པ་སྔགས་ཕྲེང་བདུད་རྩི་ཤེལ༔ མེ་ལོང་ཙཀླི་ཕྱག་མཚན་དང་༔ བྱང་སེམས་ལ་སོགས་སྟ་གོན་བྱ༔ གཞུང་བསྲང་བསྙེན་སྒྲུབ་རྫོགས་པའི་རྗེས༔ སྐལ་ལྡན་རིགས་ཀྱི་སློབ་མ་བསགས༔ ཉམས་པ་ཅན་རྣམས་ཕྱིར་བསྐྲད་དེ༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ ཁྲུས་བྱས་སྐྱབས་སེམས་ལ་འཇུག་ཅིང་༔ དེ་ནས་སློབ་མས་ཞུ་ཕུལ་ནི༔ མཎྜལ་ཕུལ་ལ༔ ཀྱཻ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་སྤྱི་དཔལ་མཆོག༔ སྐུ་གསུམ་རྩ་གསུམ་ཡོངས་འདུས་དཔལ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྤྱི་དཔལ་སེང་གེའི་གདོང་ཅན་གྱི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ་མཐར༔ བླ་མས༔ ཧོཿལས་དང་སྐལ་བཟང་སློབ་བུ་རྣམས༔ གསང་སྔགས་དབང་གི་སྒོར་འཇུག་ན༔ རྩ་བ་དང་ནི་ཡན་ལག་གི༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ དེ་ནས་སློབ་མས༔ ཧོཿདུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་དང་ནི་ཡི་དམ་ལྷ༔ སེང་གདོང་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འདིར་འདུས་སྐལ་ལྡན་གྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་མི་བསྲུང་རེ༔ དེ་རིང་ཉིད་ནས་མི་བསྲུང་རེ༔ དེ་ནས་བླ་མས༔ ཧོཿསྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ དེ་ལྟར་ནུས་སམ་བསྲུང་གནས་ན༔ གསང་ཆེན་མཁའ་འགྲོའི་དབང་མཆོག་ནི༔ ཡོངས་རྫོགས་བསྐུར་གྱིས་ལེགས་པར་ཉོན༔ དེ་ནས་དམ་ཆུ་ཐོགས་ལ༔ ཧོཿའདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབས་པ་རྡོ་རྗེའི་ཆུ༔ དམ་ཚིག་གཉན་གྱི་བདུད་རྩི་འདི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཁྱེད་ཀྱིས་ང་ལ་བརྙས་མི་བྱ༔ བརྙས་ཤིང་དམ་ལས་འགལ་གྱུར་ན༔ རྡོ་རྗེ་མཁའ་འགྲོའི་བཀའ་ཆད་ཀྱིས༔ མགོ་བོ་འགས་ཤིང་ལུས་ཀྱང་གཞོམ༔ མཐར་ནི་རྡོ་རྗེ་དམྱལ་བར་ལྟུང་༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ སྐྱེ་བའི་ཕྲེང་བར་མི་བརྒྱུད་ངེས༔ དེ་ནས་སློབ་མས༔ གསུངས་བཞིན་རྡོ་རྗེའི་དམ་ཚིག་ལས༔ མི་འདའ་བདག་གིས་བསྲུང་བར་བགྱིའོ༔ ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེས་བདུད་རྩི་ལྕེ་ལ་བཞག་གོ༔ དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ༔ ཨེ་མ་སྐལ་ལྡན་བུ་མཆོག་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ ཨུ་དུམ་ཝ་རའི་མེ་ཏོག་ལྟར༔ ལན་རེ་འབྱུང་བ་དེར་འཕྲད་པའི༔ སྐལ་ལྡན་ཉིན་མོའི་སྐར་མ་ཙམ༔ ཁྱོད་ཅག་ལས་སྨོན་རྟེན་འབྲེལ་བཟང་༔ ད་ནས་བཟུང་སྟེ་ཐབས་ཤེས་མཚོན༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཟུངས༔ བཛྲ་དྷརྨ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་མིག་དར་གཏད་པ་ནི༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་གཏད་ལ༔ ཨོཾ་པུཥྤེ་ཧཱུྃ༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས་གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར༔ ཨ་ཨཱ༔ རིག་པ་རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་དམར་པོ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཆེན་པོ་ཕྱི་སྲུང་བའི་འཁོར་ལོ་རིམ་པ་ལྔ་ཡིས་འཁྱུད་ཅིང་༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བར་གྱུར༔ རང་གཞུང་གི༔ སྲུང་བའི་འཁོར་ལོ་རིམ་དགུའི་དབུས༔ ཕྱི་ནི་ཐོད་པ་རིམ་གསུམ་སོགས་ནས་སྤྱན་འདྲེན་སོང་མཐར༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བསྒྲིབ་པའི་ལིང་ཏོག་དབྱེ་བ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་ཐུགས་རྗེའི་མཐུས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ ཐར་པ་ཆེན་པོའི་དཀྱིལ་འཁོར་དུ༔ ཡེ་ཤེས་ལྷ་ཚོགས་མཐོང་གྱུར་ཅིག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསལ༔ དེ་ནས་མེ་ཏོག་འཐོར་བ་ནི༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ འབྲེལ་བའི་ལྷ་ལ་དབབ་པར་ཤོག༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ༔ དེ་ནས་དངོས་གཞིའི་དབང་ལ་བཞི་ལས༔ དང་པོ་བུམ་དབང་ནི༔ ཧོཿལས་དང་སྐལ་ལྡན་སློབ་བུ་རྣམས༔ དད་དང་དམ་ཚིག་ལྡན་པར་ཉོན༔ བུམ་ནི་སྙིང་པོའི་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ཕྱི་ལྟར་རིན་ཆེན་བུམ་པའི་དབྱིབས༔ ནང་ནི་ལྷུན་གྲུབ་གཞལ་ཡས་ཁང་༔ ཡེ་ཤེས་འོད་ཕུང་འཁྱིལ་བའི་ཀློང་༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་སེང་གེའི་གདོང་ཅན་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མའི༔ མ་ངེས་གར་བསྒྱུར་རོལ་གར་གྱིས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོའི་ཚོགས༔ མ་ལུས་ལུས་པ་མེད་པར་རྫོགས༔ དོན་ལ་སོ་སོར་ཐ་མི་དད༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ གདུལ་བྱའི་མོས་ངོར་དེར་སྟོན་མཛད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཨོཾ་ཡིག་དཀར་པོ་ཐོགས་ལ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཡོངས་རྫོགས་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀུན་ཏུ་བཟང་མོའི་སྐུ་ཐོགས་ལ༔ ཧཱུྃ་ཨཱཿརིགས་ཀུན་འདུས་པ་ཀུན་བཟང་མོ༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངོ་བོ་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་སེང་གེའི་གདོང་ཅན་གྱི་སྐུ་ཐོགས་ལ༔ ཨཱཿརང་བཞིན་གསལ་བའི་ཡེ་ཤེས་མདངས༔ ལོངས་སྐུ་མཁའ་འགྲོ་སེང་གདོང་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགགས་མེད་ལོངས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུམ་པ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་གཏད་ལ༔ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་མདངས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཞི་པ་རྡོ་རྗེ་སེང་གདོང་མའི་སྐུ་ཐོགས་ལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལྔ་པ་རིན་ཆེན་སེང་གདོང་མའི་སྐུ་གཏད་ལ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ རིན་ཆེན་རིགས་ཀྱི་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དྲུག་པ་པདྨ་སེང་གདོང་མའི་སྐུ་གཏད་ལ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ པདྨ་རིགས་ཀྱི་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུན་པ་ལས་ཀྱི་སེང་གདོང་མའི་སྐུ་གཏད་ལ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ ལས་ཀྱི་རིགས་ཀྱི་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀཱར་མ་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བརྒྱད་པ་ཁྱུང་གདོང་མའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཀར་མོ་ཁྱུང་གདོང་དབང་བསྐུར་བས༔ ཆུ་ཁམས་རྟོག་པ་གནས་དག་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དགུ་པ་སེར་མོ་སྡིག་གདོང་མའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེར་མོ་སྡིག་གདོང་དབང་བསྐུར་བས༔ ས་ཁམས་རྟོག་པ་གནས་དག་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་པ་དམར་མོ་འཕར་གདོང་མའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དམར་མོ་འཕར་གདོང་དབང་བསྐུར་བས༔ མེ་ཁམས་རྟོག་པ་གནས་དག་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་གཅིག་པ་ལྗང་མོ་ཁྱི་གདོང་མའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྗང་མོ་ཁྱི་གདོང་དབང་བསྐུར་བས༔ རླུང་ཁམས་རྟོག་པ་གནས་དག་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་གཉིས་པ་དམ་ཚིག་མཁའ་འགྲོའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དམ་ཚིག་མཁའ་འགྲོ་པྲ་མོ་ཧའི༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ ཞི་བའི་ལས་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་གསུམ་པ་ཐམས་ཅད་མཁའ་འགྲོའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མའི༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ དབང་གི་ལས་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་བཞི་པ་ཤ་ཟ་མཁའ་འགྲོའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཤ་ཟ་མཁའ་འགྲོ་རོལ་བྱེད་མའི༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ དབང་གི་ལས་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཅོ་ལྔ་པ་འཇིག་རྟེན་མཁའ་འགྲོའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཇིག་རྟེན་མཁའ་འགྲོ་སྲོག་འཕྲོག་མའི༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ དྲག་པོའི་ལས་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་དྲུག་པ་ཤར་གྱི་སྒོ་མའི་སྐུ་ཐོགས་ལ༔ ཛཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ ཞེ་སྡང་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་བདུན་པ་ཞགས་པ་མ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཞགས་པ་མ་ཡི་དབང་བསྐུར་རོ༔ ང་རྒྱལ་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོ་བརྒྱད་པ་ལྕགས་སྒྲོག་མ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ འདོད་ཆགས་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅུ་དགུ་པ་དྲིལ་བུ་མ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ ཕྲག་དོག་མ་སྤངས་རང་གྲོལ་ནས༔ ལོག་འདྲེན་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཉི་ཤུ་པ་ཧཱུྃ་ཧྲཱིཾ་བྷྱོ་ཛ་མ་ཡི་ཡི་གེ་ཐོགས་ལ༔ ཧཱུྃ་ཛ་བྷྱོ༔ རང་སྣང་འོད་གསལ་ཆོས་སྐུའི་ཞིང་༔ རང་རིག་ཆོས་སྐུ་ཀུན་བཟང་མོ༔ རང་རྩལ་རྫོགས་པའི་སེང་གདོང་མའི༔ རྩལ་སྣང་མ་ངེས་སྒྱུ་མའི་འཕྲུལ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོ་ཡི༔ ཐུགས་སྲོག་ས་བོན་ཡི་གེ་ནི༔ ཧཱུྃ་ཧྲཱིཾ་བྷྱོ་ཛ་མ་རུ་ཤར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འོ་ན་དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་དང་༔ འཇིག་རྟེན་ཚུལ་འཛིན་པའི་མཁའ་འགྲོ་མ་ཚོགས་ཐམས་ཅད་ཀུན་ཏུ་བཟང་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་བཟང་ངན་དང་ཕྱོགས་སུ་མ་གྲུབ་བོ༔ མདོར་ན་རང་གཞི་ཁྱབ་གདལ་སྟོང་གསལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཡེ་གཞི་འདི་ཉིད་ཆོས་སྐུ་ཀུན་ཏུ་བཟང་མོར་མ་བཙལ་ལྷུན་གྱིས་གྲུབ་པའོ༔ རང་བཞིན་མ་འགགས་པར་གསལ་བ་ས་ལེ་སང་ངེ་ཧྲིག་གེ་བ་འདི་ཀ་ཡེ་གདོད་ནས་ལོངས་སྐུ་མཁའ་འགྲོ་སེང་གདོང་མའི་ངོ་བོར་གྲུབ་པའོ༔ ཐུགས་རྗེའི་རྩལ་སྣང་མ་འགགས་པ་ཕྱོགས་རིས་དང་བྲལ་བ་འདི་ཀ་སྤྲུལ་སྐུ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ཡེ་ནས་ཡིན་ནོ༔ དེའི་རང་རྩལ་མ་འགགས་པ་སྣ་ཚོགས་སུ་ཤར་བ་འདི་ཀ་ཡུལ་མེད་ཟང་ཐལ་དུ་རང་ཤར་རང་གྲོལ་དུ་མཉམ་པ་འདི་དག་མ་ངེས་དཔག་ཡས་མཁའ་འགྲོའི་རང་བཞིན་དུ་ཤར་བ་ཡིན་ཏེ༔ གཞན་དུ་མ་ཚོལ་ཅིག༔ ཚོལ་ན་ཡུལ་རེ་དོགས་ཀྱི་འཁྲི་བོར་སོང་བས་གྲོལ་བ་ག་ལ་ཐོབ༔ གདོད་ནས་རང་ངོར་རྫོགས་པ་ལས་གཞན་ན་མ་གྲུབ༔ དེས་ན་སྣང་བ་འོད་གསལ་གཞལ་ཡས༔ ཀུན་བྱེད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་མོ་རྟོག་ཚོགས་ཐམས་ཅད་གནས་དག་མཁའ་འགྲོའི་རོལ་པར་ངོ་ཤེས་ཤིང་གདིང་ཐོབ་པར་གྱིས་ཤིག༔ དེ་ངོ་ཤེས་ཤིང་ཡིད་ཆེས་པ་ཙམ་གྱིས་གྲོལ་བ་ཐོབ་པར་ངེས་སོ༔ དེ་ནས་གྲི་གུག་ཕུར་པ་ཐོགས་ལ༔ ཧཱུྃ༔ ཁམས་གསུམ་དབང་སྡུད་གྲི་གུག་དང་༔ འཁོར་བ་ཡོངས་སྒྲོལ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་དབང་དུ་བསྡུ་བ་དང་༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧོམ་དང་དགང་བླུགས་གཟར་ཐོགས་ལ༔ ཧཱུྃ༔ འཁོར་འདས་ཁྱབ་གདལ་ཡེ་ཤེས་ལྷའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་དུ༔ སྣོད་བཅུད་བདུད་རྩིའི་ངང་བསྒྱུར་དང་༔ དུག་ལྔ་དུག་གསུམ་རྒྱས་བསྐྱེད་པའི༔ དགྲ་བགེགས་སྲེག་བླུགས་བསྟབས་པའི་དབང་༔ མ་ལུས་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ལིངྒ་དང་ཐུན་རྫས་གཏད་ལ༔ ཧོཿབདག་ཏུ་འཛིན་པའི་རྒྱུ་བྱས་ཤིང་༔ རྐྱེན་སྣང་ལོག་འདྲེན་དགྲ་དང་བགེགས༔ མ་ལུས་བཀུག་བསྒྲལ་མནན་བསྲེགས་ཀྱི༔ དབང་རྣམས་མ་ལུས་ཡོངས་རྫོགས་ཀུན༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལུས་ཀྱི་སྒྲིབ་པ་དག༔ སྐུའི་དམ་ཚིག་ཉམས་ཆག་སྐོང་༔ བུམ་པ་སྐུ་ཡི་དབང་ཐོབ༔ ལུས་ལྷར་བསྒོམ་པ་ལ་དབང་སྟེ༔ མཐར་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པར་གྲོལ་བའི་དབང་ངོ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་བྷནྡྷར་བདུད་རྩི་འཁྱིལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ གསུང་གི་ཡང་བཅུད་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ རླུང་ཁམས་སྒྲིབ་པ་གནས་དག་ནས༔ གསང་བ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་ཕྲེང་ཐོགས་ལ༔ ཧཱུྃ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི༔ གསུང་གི་ཡང་སྙིང་སྔགས་ཕྲེང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་ཉམས་ཆག་སྐོང་༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨཱཿཡིག་ཐོགས་ལ༔ ཧཱུྃ༔ ཨཿཡིག་རྒྱལ་ཀུན་གསུང་གི་སྙིང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་བ་གསུང་གི་དབང་ཐོབ་ཅིང་༔ རྡོ་རྗེའི་གསུང་དང་གཉིས་མེད་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བྱང་སེམས་དཀར་དམར་ཐོགས་ལ༔ ཧོཿརིགས་ལྔ་ཡབ་ཡུམ་སྙོམས་འཇུག་གི༔ ཐབས་ཤེས་བཅུད་ཆེན་བྱང་སེམས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐབས་ཤེས་གཉིས་མེད་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿདང་པོ་ཨ་ཡིག་མཐིང་ག་ཐོགས་ལ༔ ཨ༔ སྐྱེ་འགགས་གནས་གསུམ་བྲལ་བ་ཡི༔ ཁྱབ་གདལ་ཆོས་དབྱིངས་ཀུན་བཟང་མོ༔ ཡེ་རིག་ཀ་དག་མཁའ་འགྲོ་མའི༔ རིག་པ་རང་ལ་དབང་བསྐུར་རོ༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿགཉིས་པ་ཡཾ་ཡིག་ལྗང་གུ་ལ་ཡེ་ཤེས་ལྔའི་རླུང་འཕྲོ་བ་གཏད་ལ༔ ཧོཿཁྱབ་བདག་ཡུམ་ཆེན་དམ་ཚིག་སྒྲོལ༔ ཡེ་ཤེས་རླུང་ལྔའི་འབྱུང་གནས་མོ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བྱིན་རླབས་ཡེ་ཤེས་རླུང་ལྔ་ཡིས༔ རླུང་ཁམས་གནས་དག་རྩ་མདུད་གྲོལ༔ གྲུབ་པ་བརྒྱད་ལ་དབང་ཐོབ་ཅིང་༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿགསུམ་པ་ཨ་ཤད་དམར་པོ་མེ་འབར་ཐོགས་ལ༔ ཧོཿབདེ་ཆེན་ཡེ་ཤེས་གནམ་ཞལ་མ༔ ཤེས་རབ་ཡེ་ཤེས་སྦར་བ་མོ༔ ཨ་ཤད་འོད་ཀྱི་རང་བཞིན་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་ཆེན་པོ་ཡི༔ རབ་འབར་བདེ་དྲོད་རབ་རྒྱས་ནས༔ མེ་ཁམས་གནས་དག་རྩ་བདུད་གྲོལ༔ གྲུབ་པ་བརྒྱད་ལ་དབང་བསྒྱུར་ཞིང་༔ འཕོ་བ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ བཞི་པ་ཧཾ་ཡིག་དཀར་པོ་ཐོགས་ལ༔ ཧོཿརིགས་ཀུན་ཡོངས་འདུས་ཧེ་རུ་ཀ༔ བདེ་སྟོང་བདུད་རྩིའི་འབྱུང་གནས་དཔལ༔ ཧཾ་ཡིག་དཀར་པོའི་རྣམ་པར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མས་དབབ་ཚོགས་མཆོད་དབང་གི་ལམ༔ ཡར་འདྲེན་འགྲམ་པ་དགའ་བཞིའི་ལམ༔ རྩ་ཁམས་གནས་དག་རྩ་མདུད་གྲོལ༔ དཔའ་བོ་མཁའ་འགྲོའི་དལ་ཞལ་མཐོང་༔ རླུང་ཁམས་གནས་དག་སེམས་ཉིད་ཀྱང་༔ འོད་གསལ་ཆོས་སྐུའི་ངང་དུ་འཕོས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ མཆོག་གི་དངོས་གྲུབ་ལ་རོལ་ཏེ༔ འཕོ་བ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿལྔ་བ་ཐིག་ལེའི་ཀློང་དུ་ཕྱག་མཚན་ལྔ་ཨོཾ་ཨཱ་ཧཱུྃ་སྭཱ་ཧཱས་མཚན་པ་ཅན་བསྟན་ཏེ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་སུ་རྫོགས་པའི་དབང་འདི་ནི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དུ༔ འཆད་ཉན་སྒོམ་སྒྲུབ་རྩོད་བརྩམས་པའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ སྨིན་ཅིང་གྲོལ་ནས་འགྲོ་བའི་དོན༔ ཐོགས་པ་མེད་པར་འབྱུང་འགྱུར་རོ༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿངག་གི་སྒྲིབ་པ་དག༔ གསུང་གི་དམ་ཚིག་ཉམས་ཆག་སྐོང་༔ གསང་བའི་དབང་ཐོབ༔ ངག་བསྔགས་བཟླ་བ་ལ་དབང་སྟེ་རྡོ་རྗེའི་གསུང་དང་གཉིས་སུ་མེད་པར་འགྱུར་རོ༔ དེ་ནས་རིག་མ་མཚན་ལྡན་གཏད་ལ༔ ཧོཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་གྱིས་བརླབས་པའི་མཛའ་ན་མོ༔ མཛེས་ཤིང་ཡིད་འོང་ལང་ཚོས་བརྒྱན༔ སྙན་པའི་ངག་དབྱངས་འཇམ་པའི་ཚིག༔ ཉོན་མོངས་གནས་དག་ཡེ་ཤེས་ལྡན༔ དྲན་པས་བདེ་སྟོང་ཡེ་ཤེས་བསྐྱེད༔ རག་པས་དགའ་བཞི་སྦར་བ་མོ༔ གསང་བ་ཐབས་ཀྱི་གྲོགས་ཡིན་ཏེ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ གཏད་དོ་བསྐུར་རོ་གསང་སྔགས་དབང་༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ གཞོམ་གཞིག་བྲལ་བ་རྡོ་རྗེའི་ཐུགས༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་ཀྱི་དབང་མཆོག་ཁྱོད་ལ་བསྐུར༔ རྡོ་རྗེའི་ཐུགས་དང་གཉིས་མེད་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་ཧྲཱིའི་ཡི་གེ་ཐོགས་ལ༔ ཧཱུྃ་ཧྲཱི་མ་དང་མཁའ་འགྲོ་ཡི༔ ཐུགས་ཀྱི་ཡང་སྙིང་ཡི་གེར་ཤར༔ རིགས་དང་དཀྱིལ་འཁོར་རྣམ་མང་གི༔ སྒྱུ་འཕྲུལ་འཁོར་ལོ་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡེ་ཤེས་རང་མདངས་སོ་སོར་གསལ་བ་ཐ་དད་མི་མངའ་བ་གཅིག་ཏུ་མཉམ་སྦྱོར་སྣང་གསལ་ཐོགས་ལ༔ ཨཱཿསྐུ་གསུམ་ངོ་བོ་མཉམ་སྦྱོར་བའི༔ ཡེ་ཤེས་ལྔ་རྫོགས་སྣང་གསལ་འདི༔ ངོ་བོ་ཆོས་སྐུ་ཀུན་བཟང་མོ༔ རང་བཞིན་སེང་ཧ་མུ་ཁ་མ༔ གསལ་བ་ཡེ་ཤེས་མཚོ་རྒྱལ་ཏེ༔ དཀར་མདངས་ཆོས་དབྱིངས་ཡེ་ཤེས་ལ༔ མཐིང་གསལ་མེ་ལོང་ཡེ་ཤེས་སོ༔ སེར་གསལ་མཉམ་ཉིད་ཡེ་ཤེས་ཏེ༔ དམར་མདངས་སོར་རྟོག་ཡེ་ཤེས་མདངས༔ ལྗང་གུ་བྱ་གྲུབ་ཡེ་ཤེས་སོ༔ ཡེ་ཤེས་མཁའ་འགྲོ་རིགས་ལྔའི་སྐུ༔ མ་བརྩལ་ལྷུན་གྲུབ་རྫོགས་པ་ཡི༔ རྩལ་སྣང་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ སོ་སོར་སྟོན་ཀྱང་ཐ་མི་དད༔ ཡེ་ཤེས་མཉམ་སྦྱོར་སྣང་གསལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོས༔ བུམ་གསང་ཤེས་རབ་ཡེ་ཤེས་དང་༔ རྡོ་རྗེ་ཚིག་གི་དབང་ཐོབ་སྟེ༔ ཡེ་ཤེས་མཁའ་འགྲོའི་སྐུ་བརྙེས་ཤིང་༔ གང་འདུལ་ཐབས་དང་སྒྱུ་འཕྲུལ་གྱིས༔ གདུལ་བྱའི་འགྲོ་བ་འདྲེན་པར་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་སྐོང་༔ རྡོ་རྗེ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་སྟེ་མཐར་ཐུག་འོད་གསལ་ཆོས་ཀྱི་སྐུ་ཐོབ་བོ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ཐུགས་ཀྱི་དངོས༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་ལྔ་རུ་གསལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་མཐིང་གི་མེ་ལོང་གཏད་ལ༔ ཧཱུྃ༔ ཆོས་ཉིད་ཀ་དག་ལྷུན་འབྱམས་ཀྱི༔ སྟོང་ཉིད་སྤྲོས་བྲལ་མེ་ལོང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གནས་ལུགས་རིག་པ་མངོན་གྱུར་ནས༔ གདོད་མའི་དབྱིངས་སུ་གདིང་ཐོབ་ཅིང་༔ རྡོ་རྗེའི་ཚིག་དབང་ཐོབ་པར་ཤོགརྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་འོད་ལྔ་དང་ཐིག་ལེ་གཏད་ལ༔ ཧཱུྃ༔ གསང་ཆེན་དབྱིངས་ཐིག་སྒྲོན་མ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ མངོན་སུམ་སྣང་བ་གོང་འཕེལ་ནས༔ ཚད་ཕེབས་ཆོས་ཟད་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུའི་ནང་དབྱིངས་སུ༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཆོས་ཉིད་དོན་གྱི་དབང་བསྐུར་བ་ནི༔ ཐིག་ལེ་འོད་ལྔའི་མུ་ཁྱུད་ཅན་གཏད་ལ༔ ཧཱུྃ༔ གདོད་མའི་དབྱིངས་རྫོགས་ཐིག་ལེ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སྣང་སེམས་འཁྲུལ་པའི་འཁོར་ལོ་འདི༔ སྐད་ཅིག་ཆོས་སྐུའི་དབྱིངས་སུ་སངས༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཕཊ༔ སློབ་མ་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དུ་བཞུགས་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ རང་རིག་སྟོང་གསལ་འཛིན་མེད་ཁྱབ་གདལ་མཐའ་དབུས་བྲལ་བའི་ཀློང་དུ་ལྷུག་པར་ཞོག་ལ་ལྟོས་ཤིག༔ དབུས་ཀྱི་ཕྱོགས་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་དང་འཇའ་ཐིག་དཀར་གསལ་སངས་རྒྱས་མཁའ་འགྲོ༔ ཤར་ཕྱོགས་ན་མཐིང་གསལ་འོད་ཐིག་འཆར་བ་མེ་ལོང་ཡེ་ཤེས་དང་རྡོ་རྗེ་མཁའ་འགྲོ༔ ལྷོ་ཕྱོགས་ན་སེར་གསལ་འོད་ཐིག་མཉམ་གཉིས་ཡེ་ཤེས་དང་རིན་ཆེན་མཁའ་འགྲོ༔ ནུབ་ཕྱོགས་ན་དམར་གསལ་འོད་ཐིག་སོར་རྟོག་ཡེ་ཤེས་དང་པདྨ་མཁའ་འགྲོ༔ བྱང་ཕྱོགས་ན་འོད་ཐིག་ལྗང་གུ་འཆར་བ་འདི་ཀ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོའོ༔ གཞན་ཡང་ཅིར་ཡང་མ་ངེས་པའི་འོད་ཐིག་སྣ་ཚོགས་འཆར་བ་འདི་དག་ཡེ་ཤེས་ཀྱི་རང་རྩལ་སྣ་ཚོགས་མཁའ་འགྲོའི་རང་བཞིན་ཡིན་ནོ༔ དེ་ཡང་བལྟས་པས་མཐོང་ཡུལ་ཙམ་ཡང་མ་ཡིན་ཏེ་རང་རིག་རང་གསལ་ཆེན་པོའི་རང་མདངས་ཡེ་གྲུབ་ཏུ་གསལ་བ་ནི༔ ཉི་ཟླ་འོད་དུ་གྲུབ་པ་ལྟ་བུའོ༔ མདོར་ན་སྟོང་ཞིང་མཐའ་དབུས་བྲལ་བ་ཆོས་དབྱིངས་སྟུག་པོ་བཀོད་པའོ༔ གསལ་སང་ངེར་འདུག་པ་ནི་མེ་ལོང་མངོན་པར་དགའ་བའོ༔ གང་ཡང་ཆ་སྙོམས་མཉམ་པར་འཆར་བ་ནི་མཉམ་ཉིད་དཔལ་དང་ལྡན་པའོ༔ འཁོར་འདས་མ་འདྲེས་སོ་སོར་འཆར་བ་དེ་ག་སོར་རྟོག་བདེ་ཆེན་པདྨ་བརྩེགས་པའོ༔ དེ་བཞི་པོ་གཅིག་ཏུ་དྲིལ་ཞིང་གཅིག་ཏུ་སྦྱོར་བ་བྱ་གྲུབ་ལས་རབ་རྫོགས་པའོ༔ དེ་མ་མཐོང་མཐོང་ལས་ལྷག་པའི་གསལ་སང་ངེ་ས་ལེ་ཧྲིག་གེ་ཡེ་རེ་བ་འདི་ཀ་ཡེ་ཤེས་ཀྱི་རང་ཞལ་མཐོང་བ་ཡིན་ནོ༔ དེ་ངོ་ཤེས་ཤིང་ཡིད་ཆེས་ཏེ་གདིང་ཐོབ་པར་གྱུར་ན༔ དཔག་ཡས་སངས་རྒྱས་ཀྱི་ཞིང་ཁམས་ཀྱང་འདི༔ བརྗོད་འདས་གྲངས་མེད་པའི་སངས་རྒྱས་ཀྱང་འདི༔ དཔའ་བོ་་དཔའ་མོའི་འཁོར་ཚོགས་རང་བཞིན་ལྷུན་གྲུབ་ཀྱང་འདི༔ མ་བརྩལ་ལྷུན་གྲུབ་འདོད་ཡོན་གྲུབ་པ་ཡང་འདི༔ གཞན་ལ་མ་བརྩལ་རང་རིག་རིགས་འདུས༔ རྒྱལ་བའི་དཀྱིལ་འཁོར་དུ་རང་ལ་རང་དབང་བསྒྱུར་བ༔ བསྐུར་ཐོབ་ཀྱི་དབང་བསམ་ཡས་ཀྱི་འགྲན་ཟླ་བྲལ་བ་ཡང་འདི༔ མན་ངག་གཞན་ལས་མི་ཚོལ་རང་རྩལ་དུ་རྫོགས་པ་ཀློང་རྡོལ་དུ་རྟོགས་པའི་ཤེས་རབ་འདི་ཀ་ལུང་དང་མན་ངག་མཐས་ཅད་ཀྱི་རྒྱལ་པོ་ཡང་འདི༔ གང་དུ་མ་བཙལ་གང་ནས་མ་བྱུང་བའི་དབང་མན་ངག་ཐམས་ཅད་སྐད་ཅིག་གིས་རྫོགས་པ་ཡང་འདི་ཡིན་ནོ༔ ཐམས་ཅད་རིག་པའོ༔ ཐམས་ཅད་གཞིའོ༔ ཐམས་ཅད་རྩལ་སྣང་ངོ་༔ དེ་བཞིན་མ་བཅོས་རང་བྱུང་གི་སངས་རྒྱས་འདི་ལ་ལྟོས་ཤིག༔ སྒོམས་ཤིག༔ རྟོགས་པར་གྱིས་ཤིག༔ དབང་ཐམས་ཅད་རང་ཐོག་ཏུ་རང་ལ་རང་དབང་ཐོབ་བོ༔ ཨ་ཕཊ༔ ཨ་ཕཊ༔ ཨ་ཕཊ༔ དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ ལམ་རང་བཞིན་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་༔ འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་ཆེན་པོ་ཐོབ༔ བྱེད་ལས་དོན་གཉིས་ཀྱི་མཛད་པ་ཡིད་བཞིན་དུ་འགྲུབ་བོ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ཁྱབ་གདལ་ཀློང་ཡངས་བ་ལིཾ་ཏ༔ ཡེ་ཤེས་དང་ནི་ཡེ་ཤེས་རྩལ༔ མ་བཙལ་ལྷུན་གྲུབ་རྫོགས་པ་ཡི༔ རིགས་ཀུན་དཀྱིལ་འཁོར་ཡོངས་རྫོགས་ཀུན༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་གསུམ་རྡོ་རྗེའི་དབང་གི་དངོས༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན༔ ཁྱོད་ཀྱི་སྤྱི་བོར་ལན་བཞིར་བབ༔ དང་པོས་སྒྲིབ་དག་ཉམས་ཆག་སྐོང་༔ གཉིས་པས་ལུས་གང་དབང་བཞི་ཐོབ༔ གསུམ་པས་གནས་ལྔ་ཡི་གེས་བརྒྱན༔ བཞི་པས་ལུས་སེམས་དབྱེར་མེད་དུ༔ འཇའ་ལུས་འཕོ་བ་ཆེན་པོར་སྨིན༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་བོ༔ སྟོན་པ་བླ་མེད་རྫོགས་སངས་རྒྱས༔ སྐྱོབ་པ་བླ་མེད་དམ་པའི་ཆོས༔ འདྲེན་པ་བླ་མེད་དགེ་འདུན་ཚོགས༔ དཀོན་མཆོག་གསུམ་གྱི་དབང་ཐོབ་ཤོག༔ སྐྱེ་མེད་ཁྱབ་བདག་ཆོས་ཀྱི་སྐུ༔ འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱོགས་མེད་ཀུན་ཁྱབ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དབང་ཐོབ་ཤོག༔ བླ་མེད་བླ་མ་རིག་འཛིན་ཚོགས༔ རྒྱལ་བ་རྒྱ་མཚོ་ཡི་དམ་ལྷ༔ དབྱིངས་ལས་གར་བསྒྱུར་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་གྱི་དབང་ཐོབ་ཤོག༔ གདོད་ནས་འདས་ཀྱང་འཇིག་རྟེན་ཚུལ༔ ཆོས་བཞིན་སྒྲུབ་ལ་བུ་ལྟར་སྐྱོང་༔ དམ་ཉམས་སྲོག་གི་གཤེད་མ་ཆེ༔ ཆོས་སྐྱོང་སྲུང་མའི་དབང་ཐོབ་ཤོག༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྨིན་ཅིང་གྲོལ་ནས་དུས་རྣམས་ཀུན༔ གདུལ་བྱའི་འགྲོ་བ་འདྲེན་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ན་མོ་བུདྡྷ་དྷརྨ་སངྒ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་ས་མ་ཡ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཀཱ་ཨ་བྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཞེས་སོ༔ མཐའ་རྟེན་གཏད༔ གཏང་རག་ཚོགས་བསྐང་བཏང་༔ ཤིས་པ་བརྗོད༔ སྨོན་ལམ་བྱ༔ དེས་དབང་རྣམས་རྫོགས་པའོ༔ བདག་འདྲ་རྡོ་རྗེ་ཐོད་ཕྲེང་ངས༔ ཡོ་ག་གསུམ་གྱི་སྤྱི་དབང་འདི༔ བསྡུས་ཏེ་གཅིག་ཏུ་དྲིལ་བ་ཡིན༔ དམ་ལྡན་ལས་སྨོན་རྟེན་འབྲེལ་གྱིས༔ མཐུ་བྱུང་སྐལ་ལྡན་རེ་མ་གཏོགས༔ གང་རུང་བ་ཡི་སྤྱོད་ཡུལ་མིན༔ དད་དང་དམ་ཚིག་བརྩོན་འགྲུས་ལྡན༔ སྒྲུབ་པ་ལྷུར་ལེན་གང་ཟག་རྣམས༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པད་འབྱུང་བདག་གིས་ཕྱི་རབས་བསླུས༔ དམ་ཉམས་ལྟ་ལོག་དྲེད་པོ་དང་༔ གཞན་ཁྱད་གསོད་པའི་ཁ་ལྟ་མཁན༔ དེ་ལ་རླུང་ཕྱོགས་ཙམ་བསྟན་ཡང་༔ བཀའ་ཡི་ཆད་པས་དབང་པོ་སྣུབས༔ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་༔ བཞི་ཡིས་མང་ལ་བསྐུར་བྱས་ན༔ མཁའ་འགྲོའི་བཀའ་ཆད་སྲོག་ལ་བྱུང་༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ དམ་ཚིག་བསྲུངས་ཤིང་ཉམས་ལེན་ན༔ དཀྱིལ་འཁོར་ཀུན་གྱི་དབང་རྫོགས་སོ༔ འཆད་ཉན་གང་གི་སྣོད་དུ་རུང་༔ ས་མ་ཡ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ མ་མོ་སྲིད་རྒྱལ་མ་མོའི་ཚོགས༔ ཁྱེད་ཅག་གསང་བའི་གཉེར་མཛོད་ཅིག༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གཟའ་བདུད་དུག་གི་སྤུ་གྲི་དང་༔ བཙན་རྒོད་ཤན་པ་ཀུས་འདེབས་ཅན༔ ཁྱེད་ཅག་ནང་གི་གཉེར་མཛོད་ཅིག༔ གཡུ་ཕྲེང་ཅན་དང་རྨ་བྱ་ཡི༔ ཐུལ་པ་ཅན་དང་སྡེ་བརྒྱད་རྣམས༔ ཁྱེད་ཅག་ཕྱི་ཡི་གཉེར་མཛོད་ཅིག༔ པད་འབྱུང་ཐུགས་ཀྱི་སྲས་ལ་སྤྲོད༔ དམ་ལྡན་རྣམས་ལ་བུ་བཞིན་སྐྱོངས༔ དམ་ཉམས་ལྟ་ལོག་ངན་སྨྲ་མཁན༔ སྒྲོ་སྐུར་གཤེ་ཞིང་རས་ཆོད་མཁན༔ སེ་ཕུང་བདུད་སྡེ་ཕོ་མོ་བཅས༔ མགོ་བོ་ཆོད་ལ་དོན་སྙིང་ཕྱུངས༔ སྙིང་ཁྲག་དམར་པོ་ཐང་ལ་ཕོས༔ མ་གཡེལ་བཀའ་ཡི་དམ་གྱིས་བཅོལ༔ མ་འགྱང་བསྟན་པའི་རཱུ་ཏྲ་སོད༔ བཀའ་དང་ཐ་ཚིག་གཉན་གྱི་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༴གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དགོངས་རྒྱ༔ བཀའ་རྒྱ༔ གཉན་རྒྱ༔ ཨ་ཐམ་རྒྱ༔ ས་མ་ཡརྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀུན་གྱིས་སྤངས་པའི་མ་ནུས་སྤྲང་བོ་ཟོབ་རྫུན་མཁན་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་མཐར་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་ཀློང་ཆེན་སོགས་ལས་ལྡན་གྱི་སློབ་བུ་འགས་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་དབང་འདུས་ཀྱིས་བགྱིས་པའོ།།ཁ་བསྐང་འགའ་རེ་རིགས་སྲས་དྲི་མེད་འོད་ཟེར་གྱིས་བགྱིས་ཡོད།།མཆན།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་སྭསྟི།།།།