ལུང་བྱང་གཉིད་འོད་གསལ་འདྲེས་པའི་དག་སྣང་ངོར་སོགས།

From Dudjom Wiki
Revision as of 14:11, 22 August 2024 by Mort (talk | contribs)

TTDL-ZABTER-14-PHA-037
Wylie title lung byang gnyid 'od gsal 'dres pa'i dag snang ngor sogs TTDL-ZABTER-14-PHA-037.pdf
Location bdud 'joms gling pa zab gter
Volume 14, Text 37, Pages 341-353 (Folios 1a1 to 7a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Lung byang gnyid 'od gsal 'dres pa'i dag snang ngor sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 341-353. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: lung byang   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Treasure Certificates - lung byang
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ། །དགེའོ། །སརྦ་མངྒ་ལཾ།།

khrag 'thung bdud 'joms rdo rje'i snang nyams so/_/dge'o/_/sarba mang+ga laM//

[edit]
༄༅། །གཉིད་འོད་གསལ་འདྲེས་པའི་དག་སྣང་ངོར། །སྨིན་མཚམས་སུ་ཐིག་ལེ་དམར་པོ་ཤར། །དེ་ཇེ་ཆེར་ཡངས་པའི་ཡུལ་ཞིག་སྣང་། །རྒྱུས་མ་ཤེས་བུད་མེད་ཞིག་ན་རེ། །འདི་དུར་ཁྲོད་རོ་མྱག་ཚལ་ཡིན་ཟེར། །དེར་ཡུན་ཅིག་དྲན་རྟོག་འགགས་པའི་མོད། །མཁར་གྲུ་གསུམ་ཐོད་པས་བརྩེགས་པ་མཐོང་། །སྔོན་བདག་གི་སྒྲུབ་ཁང་ཡིན་པར་ཤེས། །མཁར་དེ་ཡི་རྩེ་ན་བུད་མེད་ནི། །རྒྱན་རུས་པ་ཤ་ལྤགས་ལ་བྱས་ཤིང་། །འོད་དམར་པོ་རབ་འབར་གྲི་ཐོད་ཅན། །དེས་དགྱེས་ཆགས་བཞད་པས་བདག་ལ་གཟིགས། །བདག་དགའ་བདེའི་ཉམས་ཀྱིས་ཡུན་གཅིག་མྱོས། །དེའི་མོད་ལ་ཞུ་ཚིག་གླུ་རུ་བླངས། །ཀྱེ། ཨ་ལྕམ་རྒྱལ་མོ་བཞིན་ལེགས་མ། །ཡུལ་ཡངས་པ་ཆེན་པོ་ཀ་དག་ཀློང་། །ཐབས་བདེ་ཆེན་རིག་པའི་གཞོན་ནུ་ངས། །གྲོགས་ཤེས་རབ་སྟོང་ཉིད་མཛའ་ན་མོ། །ཉམས་བདེ་སྟོང་ཡེ་ཤེས་ཆེན་པོར་སྦྱོར། །ལྷ་སྐུ་གསུམ་རྒྱལ་བ་མ་ལུས་པ། །དོན་སྐྱེ་མེད་ཀློང་དུ་རོ་གཅིག་འདྲེས། །དེར་དགའ་བཞིའི་ཡེ་ཤེས་ཆེན་པོའི་སྟོབས། །བཅུད་བདེ་སྟོང་སྙིང་རྗེ་བྱང་ཆུབ་སེམས། །ལམ་དཀར་དམར་འདྲེས་པའི་ཐིག་ལེ་ནི། །སྐུ་ལུས་ཀྱི་བཀོད་པ་ལྷུན་རྫོགས་ལ། །ཡེ་ཤེས་ཀྱི་ལྷ་སྐུ་བཞེངས་གྱུར་གྱི། །དེའི་ཐུགས་རྗེའི་འོད་ཟེར་རབ་འབར་བས། །མ་འགྲོ་ཀུན་སྒྲོལ་ནས་གྲོལ་བར་བྱེད། །ད་ཕྱི་ཡི་སྦྱོར་བ་ཐབས་ཀྱི་ལམ། །ཡང་སྣོད་བཅུད་གཞི་རུ་སད་པ་ལས། །ཡེ་རིག་པ་སྐུ་གསུམ་ལྷུན་གྲུབ་ཕྱིར། །ལྷ་དྲན་རྫོགས་ཡབ་ཡུམ་སྙོམས་འཇུག་འབར། །ཞིང་ཕྱོགས་བཅུའི་རྒྱལ་བ་ཀུན་ནས་བསྟིམ། །མཁའ་ཀློང་དུ་དཀྱིལ་འཁོར་ཡོངས་གྲུབ་ཞིང་། །དེ་བདེ་དང་སྟོང་པའི་ཡེ་ཤེས་རོལ། །སླར་གཅིག་འདྲེས་བདེ་གཤེགས་ཡོངས་འདུས་པའི། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀུན། །ཡོངས་རྫོགས་ཀྱི་སྤྲུལ་སྐུར་ལྷུན་གྱིས་གྲུབ། །ད་གསང་བ་ཡེ་ཤེས་སྦྱོར་བའི་ལམ། །དེ་རང་གཞན་གཉིས་སུ་མི་བལྟ་བར། །ཡེ་སྣང་སྟོང་མཉམ་སྦྱོར་རོལ་པ་ཡི། །གཤིས་བདེ་སྟོང་ཡེ་ཤེས་ལྷུན་རྫོགས་སུ། །ངོ་ཤེས་པར་རྟོགས་པའི་བརྟུལ་ཞུགས་ཀྱིས། །མྱང་འདས་ཀྱི་དབྱིངས་སུ་སྙོམས་པར་འཇུག། གཞི་འོད་གསལ་གྱི་ཞལ་རས་ལྷག་གེར་མཐོང་། །དེས་འཁོར་བའི་གཞི་རྩ་རང་སར་གྲོལ། །འདི་གསུམ་པོ་གཅིག་ལ་མི་བརྟེན་ན། །སེམས་འདོད་ཆགས་ཀྱི་རེག་བྱ་མྱོང་བ་ཀུན། །སྔགས་ཐབས་ཀྱི་ལམ་དུ་རེ་བ་འཁྲུལ། །མ་ཁྱེད་ཀྱི་དྲི་བའི་དོན་གཉེར་བ། །བརྡས་བསྐུལ་བ་སྤྲང་པོས་གླུ་རུ་གྱེར། །ང་རྒན་པོས་བུ་ལ་སྨྲ་རྒྱུའི་ཚིག། མ་ཡེ་ཤེས་མཁའ་འགྲོས་མཁྱེན་བཞིན་སྟོན། །། (བརྡ་ཡིག་) ཨེ་མ་ཧོཿ གདོད་ནས་མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་འདུས་མ་བྱས་པ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རང་གཟུགས་སྤྲུལ་པ་ཆུ་ཟླའི་གར༔ སྐུ་གསུམ་ལྷུན་རྫོགས་པདྨ་རྒྱལ་པོས་སྐྱོངས༔ ཆོས་ཉིད་སྒྱུ་མར་རོལ་པའི་རིག་འཛིན་གྱི༔ སྣང་བ་བརྡ་དཔེར་ཤར་བའི་སྒྱུ་འཕྲུལ་ལས༔ རོལ་རྩལ་མཁའ་འགྲོའི་རྣམ་རོལ་ཅིར་ཡང་རྩེ༔ བདེན་མེད་རྫུན་མེད་སྒྱུ་མའི་དཔེ་རུ་འགྲན༔ དེ་ལས་དྭངས་མ་འོད་གསལ་སྣང་ཆ་ལ༔ རིག་རྩལ་ལུས་མེད་མཁའ་འགྲོ་དཔལ་འབར་མས༔ འཇའ་འོད་ཐིག་ལེའི་ཀློང་ནས་གླུ་འདི་ལེན༔ ཨེ་སྣང་སྲིད་འཁོར་འདས་དབྱེར་མེད་ཀྱི་རོལ་པར༔ ཀ་དག་གི་ནམ་མཁའ་བརྡལ་ཁྱབ་ཏུ་རྣམ་དག༔ ཆོས་ཉིད་ཀྱི་དབྱིངས་ལ་བདག་སྣང་ནི་མ་མཆིས༔ གཉིས་འཛིན་གྱི་ལྷར་སྣང་མིག་ཡོར་ལ་འགྲན་སོང་༔ མཁའ་འགྲོ་མ་ང་ཡང་རིག་རྩལ་གྱི་རོལ་པ༔ སྐྱེ་མེད་ཀྱི་མཁའ་ལ་འགགས་མེད་དུ་ཤར་འཕྱོ༔ མངོན་ཞེན་དང་ཡུལ་གོལ་ལོག་ལམ་ཞིག་ཨེ་ཡོང་༔ མངོན་ཤེས་དང་ལུང་བསྟན་ཉམས་བརྡལ་ཞིག་མིན་ན༔ མཁྱེན་བྱ་དང་མཁྱེན་བྱེད་མཁྱེན་ཡུལ་དེ་གཉིས་འཛིན༔ གོལ་ས་ལས་གྲོལ་བའི་ས་ཡིན་ལ་མ་འཁྲུལ༔ སངས་རྒྱས་ལ་གཞན་སྣང་བའི་གཉིས་འཛིན་ཞིག་མེད་ན༔ ཆགས་སྡང་དང་ཁེ་དྲག་ལོ་འདོད་ཀྱིས་ཕུང་བའི༔ བདུད་འབངས་ལ་མིག་བསླུས་ཆོ་འཕྲུལ་ནི་མང་ཡང་༔ ཚེ་འདི་ཡི་དོན་གཉེར་བྱ་བཞག་ཞིག་རེད་ན༔ འགྲོ་དོན་ནི་ལྟ་ཅི་ངན་སོང་གི་གཏིང་རྡོ༔ མཁའ་འགྲོ་མའི་བུ་རྣམས་ངེས་དོན་གྱི་རྣལ་འབྱོར༔ འདི་སྣང་གི་བྱ་བཞག་རྨི་སྣང་དང་མཚུངས་པས༔ རང་འདོད་ཀྱིས་གཞན་བསླུས་ཐབས་མཁས་ལ་མ་བརྩོན༔ ངེས་མེད་ཀྱི་རི་ལ་སྒྲུབ་ཚུགས་ཞིག་ཟུང་དང་༔ མཁའ་འགྲོ་ཡི་དངོས་གྲུབ་འབད་མེད་དུ་འབྱུང་འོང་༔ རྒྱལ་ཁམས་སུ་ཁྱི་བཞིན་ཉུལ་མོ་ལ་མ་ཞེན༔ འཇའ་ལུས་ཀྱི་རིག་འཛིན་གྲུབ་ཐོབ་ཀྱི་དམ་པ༔ མིག་བསླུ་ཡི་ལྷ་བདུད་ཆོ་འཕྲུལ་ལ་ཞེན་ན༔ ཕྲག་དོག་དང་མཁོན་འཛིན་སྒོ་བརྡུངས་སུ་སླེབ་སྲིད༔ དེ་ཕྱིར་ན་མ་ངའི་ངག་བཞིན་དུ་རེམ་མཛོད༔ མ་བཞེངས་དང་ཁྱོད་ལ་བུད་མེད་ཞིག་སྣང་ཐལ༔ ཞེས་པ་ལ་བདག་གིས་ཀྱང་གླུ་འདི་བླངས་སོ༔ ཨ་ཧོཿའོད་གསལ་གྱི་དབྱིངས་ལ་རྡུལ་བྲལ་གྱི་མཁའ་འགྲོ༔ ལྷན་སྐྱེས་ཀྱི་ཡེ་ཤེས་རང་ཞལ་དུ་མཇལ་བྱུང་༔ གཉིས་འཛིན་གྱིས་བསླུས་པས་གཉིས་སྣང་ལ་ཁ་འཁྱོལ༔ རྨི་ལམ་གྱི་ཡུལ་བདག་ལྟ་བུ་དང་མཚུངས་པའི༔ ཤེས་པ་ཡིས་བསྐྱེད་པའི་ཡུལ་སྣང་གི་ཆ་འདིར༔ ལེགས་ཉེས་ཀྱི་ཚུལ་ཞིག་རྒྱང་གླུ་རུ་སྲོང་མཛོད༔ ཅེས་སྨྲས༔ ཀྱེ༔ ཉོན་དང་སྐལ་བཟང་སྐྱེས་བུ་ལགས༔ སྔོན་ཚེ་ཨོ་རྒྱན་ཆེན་པོ་ཡིས༔ ལྷ་སྲིན་དམ་བཏགས་བསྟན་འགྲོ་བསྐྱངས༔ མཁན་སློབ་ཁྲི་གདུགས་ལྟ་བུ་ལ༔ ལོ་པཎ་སྐར་ཚོགས་ཙམ་གྱིས་བསྐོར༔ མུན་གླིང་ནག་པོ་ཉིན་མོར་བྱེད༔ དེ་ཚེ་དེ་ཡི་འགབ་འདྲེ་རུ༔ གཡུང་དྲུང་བོན་སྐྱེས་ཁྱུ་བཞིན་བྱུང་༔ བདུད་གཉེར་སེ་ཕུང་ནག་པོ་ཡིས༔ བསྟན་ལ་རྒོལ་བའི་སྨོན་ལམ་བཏབ༔ དམ་སྲི་སྤུན་བདུན་ཕོ་ཉར་མངག༔ དགེ་བའི་ལས་ལ་བར་ཆད་བརྩམ༔ དེ་ཡང་མཁན་སློབ་རྣམ་གཉིས་ཀྱིས༔ བྱང་ཕྱོགས་རྡོ་རིང་འོག་ཏུ་མནན༔ བདུད་ཀྱི་ཕོ་ཉ་རྣམ་གཉིས་མངག༔ དེ་ཡང་སྤྱི་དཔལ་འོག་ཏུ་མནན༔ བཙན་གྱི་ཕོ་ཉ་རྣམ་གསུམ་མངག༔ རྩང་བྲག་སླེ་བའི་འོག་ཏུ་མནན༔ རྒྱལ་པོ་ཕོ་ཉ་ཆེན་པོ་བཏང་༔ ལྷོ་བྱང་ནེ་མ་ཐང་དུ་མནན༔ ཀླུ་བདུད་ཕོ་ཉ་བཞི་ཡང་མངག༔ ཁྲིས་སྟེང་ལྷ་ཁང་འོག་ཏུ་མནན༔ སྲིན་མོ་སྟོབས་ལྡན་སྤུན་དགུར་མངག༔ དེ་ཡང་ཤོ་རི་ཉེ་བ་རུ༔ ཆུ་ཀླུ་བྲི་གུ་ཆེན་པོར་བཅུག༔ དེ་མཐར་སྔོན་གྱི་སྨོན་ལོག་མཐུས༔ བསྟན་འཛིན་སྐྱེས་བུ་འགའ་རེ་ཡང་༔ བསྟན་དང་འགྲོ་དོན་ལ་དགོངས་ནས༔ སོ་ནམ་ཁྱབ་པའི་ལས་སྣ་བདོག༔ བྱང་གི་རྡོ་རིང་འོག་ནས་གཅིག༔ བསམ་ཡས་སྣང་བརྙན་འོག་ནས་གཉིས༔ སྟེང་དུ་ཤོར་བས་གསུམ་བསྡུས་ནས༔ དབུས་གཙང་བོད་དུ་བདུད་སྤྲུལ་པ༔ བར་བར་བྱུང་ནས་སྔ་འགྱུར་གྱི༔ བསྟན་ལ་སྡང་ཞིང་བར་བར་དུ༔ དམེ་འཁྲུགས་མཚོན་གྱི་ཡོ་ལངས་འགྱེད༔ རྩང་བྲག་སླེ་བའི་བཙན་རྒོད་གཉིས༔ གཏེར་མིན་གཏེར་དགྲ་ཞིག་གིས་ཕྱུང་༔ རྩང་གསེར་གཉིས་སུ་དམེ་འཁྲུག་འགྱེད༔ ཤོ་རི་ཕྲག་ལོག་ཐོག་གིས་བཤིག༔ སྲིན་མོའི་གསེར་རྡོ་རྨ་སྨར་དཀྲུགས༔ དམེ་འཁྲུག་ཡོ་ལངས་བར་བར་འགྱེད༔ ནེ་མ་ཐང་གི་རྒྱལ་འགོང་དེ༔ ལང་གྲོའི་སྤྲུལ་པའི་རྟེན་འབྲེལ་ལོག༔ དེ་ཚེ་དཔེ་འབངས་ཞིག་གིས་ཕུང་༔ ཧོར་ཉག་གྲོང་དགོན་ཐམས་ཅད་དུ༔ འཁྲུག་རྩོད་སྐྱི་སེར་བཞིན་དུ་མང་༔ གསོད་གཅོད་ལས་ཀྱི་མཆོག་ཏུ་འཛིན༔ ཤན་པ་མི་ཡི་དམ་པར་བསྔགས༔ སྤྱང་ཀུ་རྒྱབ་སེར་དྲིལ་ལྟར་བསྟོད༔ བསམ་བརྗོད་ཐམས་ཅད་རྩོད་པ་ཅན༔ དེ་ཚེ་ཡུལ་དེར་ཉེས་སྐྱོན་མང་༔ ཁྲིས་སྟེང་མནན་པའི་ཀླུ་བདུད་ཤོར༔ ནད་དང་མུ་གེ་ལ་ཡོག་འདོར༔ ཕྲག་དོག་འཁྲུགས་རྩོད་འཚུབས་མ་སློང་༔ དེ་ལྟར་བདུད་དང་དམ་སྲི་ཡིས༔ སྤྲུལ་པ་མང་པོས་ས་སྟེང་ཁྱབ༔ བདེ་བའི་སྐབས་ནི་ཉུང་ལ་ལྟོས༔ གྲོང་ལྗོངས་འགའ་ཡི་བདེ་བའི་སྐབས༔ འདོད་ན་ལྷ་ཆེན་དབང་ཕྱུག་ལ༔ བརྟེན་ནས་གསོལ་མཆོད་བྱ་བ་དང་༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལ༔ བརྟེན་ནས་བྱུར་སྲི་དམ་སྲི་མནན༔ བསོད་ཉམས་ཡུལ་དུས་ཉམས་པ་ལ༔ ཚོགས་བསྐང་མང་བཏང་བསྙེན་གནས་བསྲུང་༔ སྤྱི་བསྲུང་དག་ལ་ཡང་ཡང་བརྩོན༔ ཨོ་རྒྱན་རྗེ་དང་ཕུར་པའི་ལྷ༔ ལྷ་ཆེན་དབང་པོ་དང་བཅས་པ༔ རྩ་བ་གསུམ་དུ་བསྙེན་སྒྲུབ་མཆོད༔ དེ་ཡིས་ཡུལ་ཆགས་བཟློག་སྲིད་ཀྱང་༔ ལས་ངན་སེམས་ཅན་བདུད་དབང་ཆེ༔ བསྒྱུར་ནས་ལྷ་ལ་འདྲེ་རུ་བཟུང་༔ ལོག་ལམ་ཞུགས་པའི་སྐྱེས་བུ་ཀུན༔ ཡེ་ཤེས་ལྷ་ལ་ལྷག་པར་བསྔགས༔ ཕྱོགས་ཀྱི་གྲུབ་མཐའ་འཛིན་པ་ཡིས༔ བདུད་ཀྱི་བསྟན་པ་དབུས་སུ་རྡིབ༔ སངས་རྒྱས་བསྟན་པའི་གསལ་སྒྲོན་ནུབ༔ བསྟན་འགྲོའི་བདེ་བ་སྐྱེད་བྱེད་པའི༔ སྐྱེས་བུ་རྣམ་བཞི་བོད་ཁམས་སུ༔ ཨོ་རྒྱན་ཆེན་པོས་མངག་བྱུང་ཡང་༔ ཡུལ་ཚོ་ཕྲ་མོ་ཙམ་མ་གཏོགས༔ ཀུན་གྱི་ལོག་ལྟའི་གནས་སུ་མཐོང་༔ ཕན་ཐོགས་ནུས་པའང་དེ་ཙམ་མོ༔ བདུད་སྤྲུལ་གཏེར་བརྫུ་མང་པོ་ལ༔ མཆོད་གནས་བཀུར་སྟི་བྱས་ན་ཡང་༔ རང་གཞན་གཉིས་ཕུང་གཞི་ཙམ་ལས༔ ཕན་ཐོགས་ནུས་པ་ཆུ་བསྲུབ་མར༔ བདུད་ཀྱི་སྤྲུལ་པའི་སྐྱེས་བུ་ལ༔ ཕྱི་མའི་དོན་གཉེར་བསྒོམ་སྒྲུབ་མེད༔ ལྟ་སྒོམ་སྤྱོད་པའི་ཟབ་ཁྱད་མེད༔ འཁོར་སློབ་སྨིན་གྲོལ་གདམས་པ་མེད༔ ཕྱིས་ཚུལ་ཆོས་གཟུགས་མཛེས་ཙམ་ལས༔ དམ་པའི་ཆོས་བསྒྲུབ་སྤྱོད་པ་མེད༔ རྙེད་པ་དོན་དུ་གཉེར་ཙམ་ལས༔ བསྟན་དང་འགྲོ་དོན་གཉེར་བ་མེད༔ ཅིས་ཕྱིར་བསྙད་ན་ཆོས་པའི་བདུད༔ དེ་ཕྱིར་ཆོས་པ་དག་གི་ལྟོས༔ ཞང་བློན་ཁྲ་ཡི་མགོ་བོ་ཅན༔ དགྲ་འདུལ་མིང་འཛིན་ནོར་ཉག་འཇོམས༔ སྤྲེལ་མགོ་སྤྱང་དཀར་མིང་བཟུང་ནས༔ ལ་ལུང་མང་པོ་ཁྲག་གིས་བཀང་༔ སྟག་སྣས་ལེགས་གྲུབ་མིང་བཟུང་ནས༔ རྒྱལ་ཁམས་འོ་མཚོ་ཁྲག་གིས་སྦག༔ གཟིག་གདོང་པུརྞེའི་མིང་བཟུང་ནས༔ ཀོ་གཡུ་ཁྲོ་ལ་དུག་ཞིང་རྨོང་༔ མ་བཙུན་བོན་བཟའ་དམར་རྒྱན་མ༔ ཤྲཱི་མིང་འཛིན་མགོན་ཞེས་བརྗོད༔ དེ་དག་ཆུ་བདག་སྒོ་རུ་ཉེས༔ དེ་ཡང་སེ་ཕུང་གླང་དར་མ༔ ཧོར་གྱི་གླིང་ནས་རྒྱལ་བུ་གྲགས༔ ངང་ཁྱུས་རྒྱབ་ཏུ་མྱོས་ཆང་ཕྱུག༔ ལྟོར་སོང་མྱོས་ནས་ཡང་ཡང་འཐབ༔ ཐ་མ་མ་གྲགས་ཁྲོས་འབང་ནས༔ བློན་ཡང་སྟག་སྣ་གཟིག་གདོང་དང་༔ ཁྲ་མགོ་སྤྲེལ་གདོང་རྣམ་པ་བཞི༔ གྲོས་བྱས་དར་མདོའི་བདུད་དར་བསླང་༔ རླུང་ཆེན་དཔལ་གྱིས་དར་ཆེན་སྤྲུགས༔ ནུབ་ཕྱོགས་དུག་གི་རྒྱ་མཚོ་དཀྲུགས༔ ཁ་རླངས་གནམ་དུ་ཕྱུར་བ་ཡིས༔ དགའ་ལྡན་ཉི་མ་སྤྲིན་གྱིས་སྒྲིབ༔ ཆོས་སྡེར་རོ་ལྷའི་ནགས་ཚལ་གྱི༔ ད་དུང་བདུད་ཀྱི་རྒྱལ་བློན་གྱིས༔ ཀི་བསྭོའི་འབྲུག་སྒྲ་ཆེར་བསྒྲགས་ནས༔ སེར་ཆེན་ལ་ལུང་མང་དུ་བབ༔ དབུས་ཀྱི་ལས་ངན་སྤྱོད་པ་ཡང་༔ གོ་ཡུལ་སེང་ཁོག་སྤྲིན་གྱི་འགོང་༔ བོད་ཁམས་གཉིས་སུ་འཁྲུགས་རྩོད་སློང་༔ གསེར་སྨད་ས་ཆར་གནམ་སའི་ཐེའུ༔ གཉིས་བརྡུང་དམེ་འཁྲུག་ལས་ལ་བརྩོན༔ གཡུ་རྩང་ལུང་པར་ཆུ་ཀླུང་འདྲེན༔ རྩི་ཤིང་མང་པོའི་རྩ་བ་ཕུད༔ རྒྱལ་རྗེ་མེ་ཡི་ཐོ་ལུམ་འབབ༔ འཇག་སྐྱའི་ཕུང་པོ་མེ་རུ་བསྲེག༔ གཞན་ཡང་ཡུལ་གྱི་ལེགས་ཉེས་ལ༔ ཚད་ཀྱིས་བཏབ་ན་བསམ་མི་ཁྱབ༔ ཅིས་ཕྱིར་བསྙད་ན་དགོས་ཆེད་ཕྱིར༔ ད་ནི་ཡང་ཅིག་ཁྱོད་འོང་དོན༔ ཟུར་ཙམ་བཤད་ཀྱིས་ཉོན་ལ་ཟུངས༔ བཙན་རྒོད་སྲོག་ལེན་རཀྴ་འདི༔ ཕ་ནི་ཀླུ་བདུད་ཉ་གཞོན་ཡིན༔ མ་ནི་ཐེའུ་བྲང་སྨན་གྱི་རིགས༔ མྱེས་པོ་རྡོ་ཐེ་ཤ་ཟན་གྱིས༔ ལོག་པའི་སྨོན་ལམ་མཐུ་ལས་སྐྱེས༔ ད་ཆུང་ཡང་རྒྱུད་སྐྱེས་བུ་ལ༔ བདུད་ཕོ་ཧ་ལ་མེ་འབར་ཡོད༔ ལག་གཡས་སྨན་གུ་ཐིག་པ་ཤར༔ ལས་ཀ་འཁྲུགས་དང་རྩོད་ལ་འགྱེད༔ སྡོང་ཟླ་ཐེ་བྲང་དང་བསྡོང་ནས༔ ལ་ལུང་གཉིས་ལ་ཁྲག་གིས་བག༔ སྡོང་ཟླ་རཀྴའི་བྱས་པ་ན༔ བྱ་ཆེན་གསུམ་ལ་རེ་ཐུལ་བསྒོ༔ གཉེན་གྱི་གྲོགས་དང་བསྡོང་བའི་ཚེ༔ སྦལ་ནག་མགོ་དགུའི་ཤ་ལ་གསུམ༔ མ་སྨན་དབང་དུ་འདུ་བའི་ཚེ༔ ཡིབ་ཅིང་བྱ་རོག་འུག་པ་རྩེ༔ འགོང་པོ་མུ་ཏོ་དབྱེན་དུ་ལང་༔ བྲག་བྱའི་ལུས་ལ་ལྕགས་བྱ་འབབས༔ སེར་གྲིའི་ཁ་ཏོག་བྱི་རུས་བསྒྱུར༔ ཡུལ་གྱི་འདབ་ཆགས་འུར་མ་འུར༔ བདུད་བྱ་རོག་པོའི་རྡོ་བཙན་འཛིན༔ ཁྲོ་ཆུས་རྦ་རླབས་མཁའ་ལ་བབ༔ དུག་གི་སེར་བ་ཆེན་པོ་འཇོམས༔ སླར་ཡང་མི་ཡི་གླག་མོ་མངོན༔ གླག་སྐད་ཆེར་སྒྲོགས་བདུད་བྱ་བསླང་༔ ཤ་ཟན་འདབ་ཆགས་སྡེ་དང་བཅས༔ ཨ་ཕྱི་ཆེན་མོའི་མཁའ་ལ་བབ༔ སྲིན་བྱ་ཧོར་པ་ལྔ་ཡིས་མཐོང་༔ དེ་ཕྱིར་དེ་ཡི་གྲོགས་བྱས་ནས༔ ས་མིག་གསུམ་གྱི་ཀླུ་གཉན་འཇོམས༔ དེ་ནི་ནག་པོའི་ལས་ཀའི་ལན༔ དབང་ཕྱུག་ཆེན་པོས་མ་བཟློག་ན༔ གནམ་ལྕགས་སྐྱིན་ཐང་ལན་བཞིར་འབེབས༔ དེ་ཕྱིར་དེ་ལ་སྐྱབས་ན་ལེགས༔ ལྷ་ཆེན་མ་ཧཱ་དཱེ་ཝ་ནི༔ ལྷ་ཡི་མགོན་ཏེ་ལྷ་ཡི་བདུད༔ དེ་ཕྱིར་ལྷ་སྲིན་བསྟན་པའི་ཆ༔ ནག་པོ་ཀླ་ཀློའི་མགོ་འཕང་གནོན༔ སྐྱེ་འགྲོ་ལས་ངན་སྤྱོད་པ་ལ༔ བཀའ་སྲུང་གཞན་གྱི་སུན་ཅིང་གཡེལ༔ འདི་ནི་འདོད་ཁམས་དབང་ཕྱུག་ཆེ༔ ཀུན་གྱི་ངོ་བོར་གནས་པའི་ཕྱིར༔ སྒྲུབ་ན་བསམ་པའི་དོན་ཀུན་འགྲུབ༔ ལྔ་བརྒྱའི་སེམས་ཅན་བསོད་ནམས་དམན༔ ནོར་དབུལ་ཁེ་ཉན་འཁྲུགས་འགྱེད་མང་༔ དེ་ཚེ་དབང་ཕྱུག་ལ་བརྟེན་ན༔ ལོངས་སྤྱོད་འཕེལ་ཞིང་ཁ་ཡང་གྲགས༔ ཕ་རོལ་རྒོལ་བ་ཟིལ་གནོན་བྱེད༔ དེ་ཕྱིར་དེ་ལ་བརྟེན་ན་ལེགས༔ སྙིགས་མ་ལྔ་ཡི་དུས་འདི་ལ༔ ཕྲིན་ལས་ལྷ་ཡི་ནུས་པ་མྱུར༔ དེ་ཕྱིར་ཕུར་པ་བསྒྲུབ་ན་ལེགས༔ མི་སྲིན་ཚོགས་ཀྱི་ཚོམ་འདི་ལ༔ བཙན་ཕྱུག་འཕན་གཡང་འདུ་བའི་ཕྱིར༔ དབང་ཆེན་སྟོབས་ཀྱི་རྒྱལ་པོ་བརྟེན༔ མ་སྲོག་དགྲ་ལ་མི་ཤོར་ཕྱིར༔ ལྷ་མགོན་མ་ཧཱ་ཀཱ་ལ་བརྟེན༔ འདྲེ་སྲིན་གདུག་པ་འདུལ་བའི་ཕྱིར༔ རྡོ་རྗེ་ཕུར་པ་ལ་བརྟེན་ནས༔ བྱུར་སྲི་མནན་པ་ཡང་ཡང་བསྐྱལ༔ རྒྱལ་མཚན་དཔུང་རྒྱན་དར་ཕྱར་དང་༔ རྣམ་རྒྱལ་རྣམ་གསུམ་ཀློག་འདོན་ནི༔ ལོ་བཞིན་བྱས་ན་མཆོག་ཏུ་བཟང་༔ འཁྲུགས་མཁོན་བསྡུམ་པ་ཁྲོ་ཡི་མཆོག༔ དེ་འདུམ་སྔར་གྱི་མི་གཉིས་པོའི༔ ངག་བཞིན་བྱས་ན་ཉེས་པ་མེད༔ རིང་ནས་འབྱུང་བའི་ས་འཛིན་དེར༔ ཕུང་བདུད་འོག་ནས་ལང་བའི་ཚེ༔ ཐལ་ཚོམ་རླུང་གིས་གཏོར་བཞིན་འགྲོ༔ དེ་ཚེ་རང་སར་འཁོད་ཀྱང་ལེགས༔ དེ་བར་ལི་རྩང་གསེར་ལ་ཆགས༔ གཞན་ལ་ཤོར་སྒོ་མི་འབྱུང་ཆེད༔ གཡང་དཀར་མཇུག་མ་འགུལ་བའི་ཚེ༔ རྒྱ་སྟག་ཁྲ་བོས་འཕུར་ཐབས་བྱེད༔ ཨ་བསེས་ལྕགས་མཁར་ནག་པོས་བཟུངས༔ སེང་གེ་དཀར་མོའི་དཔའ་ཟིལ་གྱོན༔ སྟག་ཕྲུག་དག་གི་མགོན་ལ་ཆེ༔ ཕྱི་ལ་འགྱིང་ཞིང་ང་རོ་འདོན༔ དགྲ་ཡི་ཡུལ་དུ་གསུམ་ཁ་འབྱེད༔ དེ་ཡང་རིམ་གྲོས་སྟོབས་བྲན་ཡང་༔ གླང་བུས་རྭ་བརྡར་བྱེད་ཚེ་སྡང་༔ དགེ་བཙུན་ཚོགས་ཀྱི་ཚོམ་འདུས་ནས༔ ལོ་བཞིན་ཟླ་བ་རེ་རེ་ལ༔ སྒྲུབ་པའི་དམ་རྒྱ་བྱས་པ་ན༔ རྗེ་དང་འབངས་འཁོར་བཅས་པ་ཡི༔ བཙན་ཕྱུག་དགེ་ལེགས་གོང་འཕེལ་ནས༔ སྟོང་དང་འཇིག་ཆགས་འབྱུང་མི་འགྱུར༔ རིམ་གྲོ་གང་གིས་འགྲན་ཟླ་མེད༔ བསྒྲུབ་པའི་ལྷ་ནི་གོང་དུ་སྨོས་ཟིན་ཏོ༔ མི་དཔོན་འབངས་དང་བརྟེན་ལྷ་དེ༔ མཆོད་གསོལ་ལོ་བཞིན་ཆག་མེད་བརྩོན་གྱུར་ན༔ མི་ནོར་ལོངས་སྤྱོད་དགེ་ལེགས་གོང་འཕེལ་བྱེད༔ ཅེས་དང་གཤེགས་པའི་གླུ་དབྱངས་རྫོགས་སོ༔ ཆོས་ཉིད་ནམ་མཁའི་མཛོད་ཀྱི་དབྱིངས་ལ་ཐིམ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ། །དགེའོ། །སརྦ་མངྒ་ལཾ།། །།