TTDL-ZABTER-15-BA-072

From Dudjom Wiki
Revision as of 09:46, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-072
Wylie title TTDL-ZABTER-15-BA-072.pdf
Location bdud 'joms gling pa zab gter
Volume 15, Text 72, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་ཕྱག་རྒྱ་བསྡུས་པ་རྡོ་རྗེའི་རྒྱ་ཅན་བཞུགས་སོ༔ དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ དམིགས་པ་གནད་དང་ལྡན་པ་ཡིས༔ རང་ཉིད་ཡི་དམ་ལྷ་ཡི་མདུན་ས་རུ༔ སྤྲུལ་པ་ལས་ཀྱི་དུར་ཁྲོད་རབ་འཇིགས་དབུས༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་༔ རླུང་ནག་འཚུབས་མ་འཁྱིལ་བའི་ཀློང་དཀྱིལ་དུ༔ ཀྵཿཧྲཱི་ཏྲི་ཡི་ཡི་གེ་དམར་ནག་ལས༔ འོད་འཕྲོས་རྩ་གསུམ་ཆོས་སྐྱོང་ཐམས་ཅད་དང་༔ འབྱུང་བའི་དྭངས་བཅུད་སྣོད་བཅུད་དཔལ་ཡོན་བཅས༔ མ་ལུས་བསྡུས་ཏེ་ཡིག་འབྲུ་གསུམ་ལ་བསྟིམས༔ སྐད་ཅིག་སྒོ་གསུམ་བསྐྱེད་པའི་ས་བོན་རྣམས༔ ཡོངས་གྱུར་གནོད་སྦྱིན་ཤན་པ་ཆེན་པོ་ནི༔ དམར་ནག་འབར་བ་ཞལ་གཅིག་ཕྱག་བཞི་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིག༔ ཁྲོ་གཉེར་རབ་འཁྲུགས་སྤྱན་གསུམ་དམར་ཟླུམ་གཡོ༔ སྨ་ར་མེ་འབར་སྨིན་མར་གློག་སྟོང་འཁྱུགས༔ དབུ་སྐྲ་ཁམ་ནག་སྲིད་རྩེར་མེ་ལྟར་འབར༔ དང་པོའི་ཕྱག་གཉིས་རལ་གྲི་སྙིང་ཞགས་འཕྱར༔ འོག་མ་གཉིས་ན་གྲི་གུག་ཐོད་ཁྲག་བསྣམས༔ དར་དམར་བེར་དང་དུར་ཁྲོད་ཆས་བརྒྱད་གསོལ༔ ཡུམ་མཆོག་གསོད་བྱེད་དམར་མོ་སྐུ་ལ་འཁྲིལ༔ སྲོགས་གཅོད་སྤུ་གྲི་དགྲ་སྙིང་དམར་རློན་བསྣམས༔ ཁྲོ་གཏུམ་རྔམས་བརྗིད་ཁྲག་གི་རལ་པ་ཅན༔ གཡང་གཞི་གཟིགས་ཤམ་མི་མགོ་སྦྲུལ་རྒྱན་འཆང་༔ མེ་ཁྱུང་དམར་པོ་རླུང་གི་གཤོག་ཅན་ཆིབས༔ ཞལ་ནས་ཀྵ༔ སྒྲ་ནམ་མཁའི་འབྲུགས་ལྟར་སྒྲོགས༔ མེ་ལས་མེ་སྟག་དྲག་ཏུ་འཕྲོ་བ་བཞིན༔ སྤྲུལ་པའི་ལས་བྱེད་མགོ་བརྙན་ཅན་དཔག་མེད༔ འཕྲོས་པས་དགྲ་བགེགས་གསོད་གཅོད་ལས་ལ་རྒྱུ༔ གནས་གསུམ་རྡོ་རྗེའི་སྙིང་པོ་འབྲུ་གསུམ་ལས༔ འོད་འཕྲོས་དུས་གསུམ་རྒྱལ་བའི་མཐུ་ནུས་དང་༔ བཀའ་སྲུང་དྲེགས་པ་འབྱུང་ལྔའི་ངོ་བོར་བཅས༔ གནོད་སྦྱིན་ཆེན་པོའི་རྣམ་པར་སྤྱན་དྲངས་བསྟིམ༔ ཁམས་གསུམ་བློ་ཡིད་སྲོག་ལ་དབང་བསྒྱུར་བསམ༔ ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཧཱུྃ་ཛ་ཛཿདེ་ཡིས་འབོད་ཅིང་རྦད་པ་ལ༔ ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཨ་མུ་ཀའི་སྲོག་ལ་རྦད་རྦད་བྷྱོ༔ དེ་ཡིས་རྦད་ཅིང་བསད་པ་ལ༔ ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་རྦད་སོད་སོད༔ བསྐང་གསོལ་རྒྱུན་གཏོར་རྒྱུན་མི་བཅད༔ གནད་དེས་དྲེགས་པ་བྲན་ཁོལ་ཏེ༔ དབང་དྲག་ལས་ཀུན་ཐོགས་མེད་འགྲུབ༔ བཀྲ་ཤིས་ལོངས་སྤྱོད་འབྱོར་པ་རྒྱས༔ དམ་ཚིག་ལྡན་པ་གནད་དུ་ཤེས༔ རྫོགས་ཆེན་བཀའ་ཡི་སྲུང་མའི་མཆོག༔ བར་ཆད་ཐམས་ཅད་འདིས་སེལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་སློབ་བུ་རྣལ་གྲོལ་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་སྒྱུར་བའོ།།།།