TTDL-ZABTER-15-BA-113

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-113
Wylie title TTDL-ZABTER-15-BA-113.pdf
Location bdud 'joms gling pa zab gter
Volume 15, Text 113, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་རྒྱལ་རྡོ་རྗེ་འཕན་པོའི་སྒྲུབ་ཐབས་ནོར་བུའི་ཕྲེང་བ་བཞུགས་སོ༔ བརྡ་ཡིག༠༠༠༠༤༦༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྫ་རྒྱལ་རྡོ་རྗེ་འཕན་པོ་ཡི༔ སྒྲུབ་ཐབས་ནོར་བུའི་ཕྲེང་བ་ནི༔ སྒྲུབ་གཏོར་ནོར་བུའི་དབྱིབས་ཅན་ལ༔ དར་ཟབ་སྙིང་གིས་བརྒྱན་པར་བྱས༔ འཁོར་དུ་དམར་གཏོར་བཞི་ཡིས་བསྐོར༔ མཆོད་རྫས་འབྱོར་ཚོགས་བཤམས་ནས་སུ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བཏབ༔ རང་ཉིད་ཡི་དམ་གང་རུང་གསལ༔ བྷྲཱུཾ་མདུན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ༔ འདོད་ཡོན་སྣ་ཚོགས་ཆར་ལྟར་འབེབས་ཤིང་རི་ལྟར་སྤུང་བ༔ རྩི་ཤིང་ནགས་ཚལ་ལྟ་བུར་གྲངས་མང་ཞིང་ལྷུན་འཐུག་པའི་དབུས་སུ་བཻ༔ ལས་རྫ་རྒྱལ་འཕན་ཕྱུག་མི་དཀར་རྟ་དཀར་ལ་བཅིབས་པ༔ མཛེས་སྒེག་གཞོན་ནུའི་ལང་ཚོ་ཅན༔ ཞི་འཛུམ་གཟི་འོད་འབར་བ༔ ཕྱག་གཡས་དར་མདུང་ཕྱར་ཞིང་གཡོན་པས་ཡིད་བཞིན་གྱི་ནོར་བུ་བསྣམས་པ་སྣང་སྲིད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ༔ སྐུ་ལ་དར་དཀར་གྱི་གསང་གོས་དང་གསེར་ཁྲབ་གསོལ་ཞིང་དབུ་ལ་གསེར་རྨོག་གསོལ་བ༔ ཤར་དུ་གསོད་བྱེད་ཀྱི་རྒྱལ་མོ་མི་ཕམ་ཆེན་པོ་གཡས་རལ་གྲི་དང་གཡོན་པས་ལྕགས་ཀྱུ་བསྣམས་པ་རྒྱ་སྟག་དཀར་བཀྲ་ལ་བཅིབས་པ༔ ལྷོ་རུ་དཔལ་བསྐྱེད་ཀྱི་བདག་པོ་གནོད་སྦྱིན་གཏེར་བདག་སེར་པོ་གཡས་གཏེར་བུམ་དང་གཡོན་ནོར་སྐྱུག་བསྣམས་པ་གཡུ་འབྲུག་སྔོན་པོ་ལ་བཅིབས་པ༔ ནུབ་ཏུ་དབང་ཕྱུག་འགུགས་བྱེད་ཆེན་པོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་ཤིང་ཆུ་སྲིན་ཁམས་པ་ལ་བཅིིབས་པ༔ བྱང་དུ་བདུད་ཕོ་སྲོག་ལེན་ནག་པོ་གཡས་སྤུ་གྲི་དང་གཡོན་མདུང་ཐུང་བསྣམས་པ་བདུད་རྟ་ནག་པོ་ལ་བཅིབས་ཤིང་དགྲ་བོའི་སྲོག་དབུགས་སྡུད་པར་བསྐྱེད་དོ༔ དེ་ཡི་ཕྱི་རིམ་དུ་འཁོར་བྲེ་བོ་གཡག་ཞོན་ནོར་གྱིས་བདག་པོ༔ བཙན་མཆོག་དམར་པོ་རྟ་ཡི་བདག་པོ་རྟ་དཀར་ལ་འཅིབས་པ༔ ཀླུ་རྒྱལ་མདང་བཟང་ལུག་གི་བདག་པོ་ངང་པ་གསེར་ལྡན་ལ་བཅིབས་པ༔ བྲག་སྲིན་རྒྱལ་མོ་དཀོར་གྱི་བདག་མོ་བདུད་བྱ་ཕོ་རོག་ལ་ཞོན་པ་ལ་སོགས་པའི་བཀའ་འཁོར་སྟོང་གིས་བསྐོར་བར་བསྐྱེད་དོ༔ དེ་དག་གི་གནས་གསུམ་ལས་འདོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཛ༔ དམ་ཚིག་གཉན་གྱིས་རྒྱུད་བསྐུལ་ནས༔ རྫ་རྒྱལ་འཕན་ཕྱུག་འཁོར་དང་བཅས༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཛཿརྫ་རྒྱལ་འཕན་ཕྱུག་འཁོར་དང་བཅས༔ རྣལ་འབྱོར་བདག་གི་གྲོགས་སུ་བཞུགས༔ ནོར་དང་གཡང་གི་ལྷ་རུ་བཞུགས༔ སངས་རྒྱས་ཆོས་ཀྱི་སྲུང་མར་བཞུགས༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་ནི༔ བཻ༔ ངོ་བོ་རྒྱལ་ཆེན་རྣམ་ཐོས་བུ༔ སྤྲུལ་པ་རྨ་རྒྱལ་སྤོམ་ར་ཆེ༔ ཡང་སྤྲུལ་རྫ་རྒྱལ་འཕན་པོ་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ ས་མ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བཀའ་སྲུང་དྲེགས་པ་འཁོར་བཅས་ལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ དར་གོས་རས་སྣ་སྣ་ཚོགས་དང་༔ གོ་ཁྲབ་སྣ་ཚོགས་མཆོད་པ་འབུལ༔ སྟག་གཟིག་གཅན་གཟན་སྣ་ཚོགས་ལྤགས༔ རི་དྭགས་གཡུང་དྭགས་བྱ་རིགས་དང་༔ ཆུ་གནས་ལ་སོགས་གཟུགས་འགྲོས་རིགས༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ བཻཿསྔོན་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་༔ འགྲོ་བའི་དོན་མཛད་རྒྱལ་ཆེན་རྣམ་ཐོས་སྲས༔ ས་སྐྱོང་འཇིག་རྟེན་དྲེགས་པ་རྨ་སྤོམ་ར༔ སྤྲུལ་པའི་གཏེར་བདག་རྫ་རྒྱལ་འཕན་ཕྱུག་ཆེ༔ བཀའ་སྡོད་འཁོར་འབངས་སྟོང་གི་དབུས་ན་ངོམས༔ ནོར་བདག་ཆེན་པོ་འཁོར་དང་བཅས་ལ་བསྟོད༔ དེ་ནས་སྔགས་བཟླས་པ་ནི༔ བསྟན་སྲུང་ཆེན་པོའི་ཐུགས་ཀར་སྲོག་སྙིང་བཻཿསེར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ བདག་གི་བཟླས་པ་ཙམ་གྱིས་ཁོའི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད་འདི་ཁོ་ནར་གྱུར་ཏེ་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོགས་ཐོབ་ནས་ཕྲིན་ལས་མངོན་སུམ་དུ་བསྒྲུབ་པར་བསམ༔ བཻཿན་ཏྲི་ཙ་མ་ཧཱ་རཱ་ཛ་ཧཱུྃ༔ དེ་ནས་ནོར་སྡུད་པ་ལ༔ དང་པོ་དབང་དུ་བསྡུ་བ་ནི༔ བཻཿན་ཏྲི་ཙ་མ་ཧཱ་རཱ་ཛ་ས་མ་ཡ་ནྲྀ་འགུལ་འགུལ་རྒྱུག་རྒྱུག༔ བྲིང་བྲིང་དུང་དུང་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནོར་སྤེལ་བ་ལ༔ བཻ༔ ན་ཏྲི་ཙ་རཱ་ཛ་ས་མ་ཡ་སརྦ་བ་སུ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་བཟླས༔ ནོར་བརྟན་པར་བྱེད་པ་ལ༔ བཻཿན་ཏྲི་ཙ་མ་ཧཱ་རཱ་ཛ་ས་མ་ཡ་སརྦ་རཏྣ་བ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་མང་བཟླས༔ གཡང་འགུགས་བྱ་བ་ལ༔ ཧཱུྃ་ཛ༔ ཨོ་རྒྱན་བཀའ་ཡིི་སྲུང་མ་ཆེ༔ རྨ་རྒྱལ་སྤོམ་ར་གཉན་པོ་ཡི༔ ཐུགས་སྤྲུལ་རྫ་རྒྱལ་འཕན་པོ་ཁྱོད༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ བྱིན་ལྡན་ནོར་གྱི་ཕྱྭ་གཡང་ཁུག༔ བཅུད་ལྡན་ཟས་ཀྱི༴མགྱོགས་པ་རྟ་ཡི༴གཡང་མོ་ལུག་གི༴སྤུ་སྡུག་གནག་གི༴ཞོལ་མོ་ར་ཡི༴དབང་ཐང་བུ་ཡི༴འབངས་སྡེ་འཁོར་གྱི༴བཙན་ཕྱུག་འཕན་དར༴མི་འཆི་ཚེ་ཡི༴མི་འགྱུར་བརྟན་པའི༴བཅོལ་བའིི་ཕྲིན་ལས་གྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བསང་མཆོད་ནི༔ ཧཱུྃ༔ དངོས་སྤྲུལ་སྔགས་རྒྱ་ཏིང་འཛིན་གྱིས༔ རབ་སྤེལ་འདོད་ཡོན་ནམ་མཁའ་མཛོད༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ཡི༔ བསང་མཆོད་མི་ཟད་གཏེར་ཆེན་གྱིས༔ རྫ་རྒྱས་རྡོ་རྗེ་འཕན་ཕྱུག་བསང་༔ ཡུམ་མཆོག་སྲིན་མོ་དྲག་ལྡན་བསང་༔ ཕོ་ཉ་ལས་མཁན་རྣམ་བཞི་བསང་༔ ལོངས་སྤྱོད་མཛོད་ཀྱི་བདག་པོ་བསང་༔ བཀའ་སྡོད་སྤྲུལ་འཁོར་འབངས་སྡེ་བསང་༔ དཔའ་མཁར་རླུང་རྟ་རྟེན་དུ་འབུལ༔ བསོད་ནམས་ནོར་དང་བཅུད་ལྡན་ཟས༔ ལོངས་སྤྱོད་ཕྱུག་དང་འབྱོར་ལྡན་དཀོར༔ མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ དགྲ་བགེགས་གདུག་པ་ཚར་གཅོད་ཅིག༔ མ་གཡེལ་མ་འགྱངས་ས་མ་ཡ༔ འདི་ཉིད་ཉམས་སུ་ལེན་པའི་མིའི༔ སྐད་ཅིག་འབྲལ་མེད་བྲན་ཁོལ་ཞིང་༔ ཕྲིན་ལས་སྒྲུབ་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཟླ་རྒྱུད་ཕྱོགས་ཀྱི་བླ་མ་དཀོན་བཀྲ་དང་ཀུན་བཟང་བསྟན་འཛིན་གཉིས་ཀྱིས་བསྐུལ་ངོར་མ་ལྕོགས་པར་ཁྲག་འཐུང་བདུད་འཇོམས་དཔའ་བོས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱེས་པས་དུས་གསུམ་དུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།