གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མའི་འགྲེལ་པ་སྐལ་ལྡན་གདུལ་བྱའི་དད་དམ་པདམོའི་འདབ་བརྒྱ་ཅིག་ཅར་དུ་གྲོལ་བར་བྱེད་པའི་ཉི་གཞོན་བྱིན་རླབས་འོད་ཟེར་སྟོང་ལྡན།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-02-AH-006
Wylie title gsol 'debs rgyal kun thugs rje gcig bsdus ma'i 'grel pa skal ldan gdul bya'i dad dam padamo'i 'dab brgya cig car du grol bar byed pa'i nyi gzhon byin rlabs 'od zer stong ldan
Location phrin las nor bu'i gsung 'bum
Volume 2, Text 6, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Gsol 'debs rgyal kun thugs rje gcig bsdus ma'i 'grel pa skal ldan gdul bya'i dad dam padamo'i 'dab brgya cig car du grol bar byed pa'i nyi gzhon byin rlabs 'od zer stong ldan. In Phrin las nor bu'i gsung 'bum, Vol. 2.
Side notes  
More details More details
Genre

[edit]
༄༅། །གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མའི་འགྲེལ་པ་སྐལ་ལྡན་གདུལ་བྱའི་དད་དམ་པདམོའི་འདབ་བརྒྱ་ཅིག་ཅར་དུ་གྲོལ་བར་བྱེད་པའི་ཉི་གཞོན་བྱིན་རླབས་འོད་ཟེར་སྟོང་ལྡན་ཞེས་བྱ་བ་བཞུགས།

༄༅། །དེ་ལ་ཐོག་མ་ཉིད་དུ་དགོངས་འདུས་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ཏེ་འབྱུང་། །ཞེས་གསུངས་པས་བརྟེན་བྱ་ཐར་པའི་ལམ་མཁན་བླ་མ་མཚན་ཉིད་ཀུན་ཚང་བ་ཇི་སྐད་དུ་ཡོན་ཏན་མཛོད་ལས། མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་

ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་བསྒྲུབ་སྐྱོ་ངལ་བཟོད། །སྲིད་པའི་མཚོ་ལས་སྒྲོལ་བས་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བས་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་

བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བརྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབས། །ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །འཇིགས་པས་རམ་ཟླ་ཚོང་པས་དེད་དཔོན་དང་། །གྲུ་པས་མཉེན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡིས་འཇིགས་པས་བརྟེན་པར་བྱ། །ཞེས་གསུངས་པ་བཞིན་རྙེད་ན་རབ་དང་། དེ་ལྟར་མ་བྱུང་ནའང་དོན་དམ་བསྙེན་པ་ལས། རྩོད་དུས་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་བྱ་བའོ། །ཞེས་ཇི་སྐད་གསུངས་པ་ཅན་ཞིག་བཙལ་ཏེ་ཚུལ་བཞིན་བརྟེན་ནས། རྣམ་མཁྱེན་གྱི་གོ་འཕང་ལ་མྱུར་བ་ཉིད་དུ་འཁོད་པར་གསོལ་བ་གདབ་པ་ནི། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །ལས་ངན་བདག་གི་སྐྱབས་གཅིག་རིན་པོ་ཆེ། །བཀའ་དྲིན་འཁོར་

༄༅། །མཐའ་བྲལ་བའི་བླ་མ་རྗེ། །སྙིང་ནས་གདུང་བས་གསོལ་བ་འདེབས་ལགས་ན། །འབྲལ་མེད་ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །ཨེ༵་མ༵་ཧོ་སྟེ་ངོ་ མཚར་ཆེའོ། །གང་གིས་ཕྱིར་ན་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་ན་གཤེགས་ཤིང་གཤེགས་པར་འགྱུར་བའི་ས༵ངས་རྒྱས༵་ཀུ༵ན་གྱི༵་མཁྱེན་བརྩེ་ནུས་པའི་ཐུག༵ས་རྗེ༵་གཅི༵ག་ཏུ་བསྡུས༵་པ༵་རྩ་ བའི་བླ་མ་ཁྱེད་དྲན་ནོ། །གང་གིས་ཕྱིར་ན་ཐོག་མ་མེད་པའི་དུས་ནས་རང་སེམས་སངས་རྒྱས་ཡིན་པ་ངོ་མ་ཤེས་པས་ང་མེད་ལ་ང་དང་དེ་ལས་བྱུང་བའི་སྣང་བ་ལ་ང་ཡིར་འཛིན་པའི་བདག་ཏུ་ ལྟ་བ་སྐྱེས་ཏེ་གཟུང་འཛིན་གྱི་སེམས་ལྡང་ཞིང་། གཟུང་བའི་ཡུལ་བཟང་པོ་ལ་ཞེན་ཅིང་ཆགས་པ་དང་། ངན་པ་ལ་སྡང་བ་སྐྱེས་པའི་འཛིན་པའི་རྟོག་དཔྱོད་ཞུགས་ཏེ་ལས་ཉོན་ཐམས་ཅད་ དབྱར་གྱི་ནགས་ཚལ་གྱི་ཚང་ཚིང་བཞིན་དུ་རྒྱས་ཤིང་། ཡར་སྐྱབས་ཀྱི་ཡུལ་དཀོན་མཆོག་གསུམ་ལ་དད་པ་བྱེད་མི་ཤེས་པ་དང་། མར་སྙིང་རྗེའི་ཡུལ་སེམས་ཅན་ལ་སྙིང་རྗེ་བྱེད་མི་ཤེས་པ་ ཙམ་མ་ཟད། རང་འདོད་ཡིད་བྱེད་ཀྱི་བསམ་པས་སྡིག་པ་མི་དགེ་བའི་ལ༵ས་ང༵ན་ཚབ་པོ་ཆེ་སྣ་ཚོགས་བསགས་ཏེ་འབྲས་བུ་འཁོར་བ་འདི་ན་སྡུག་བསྔལ་རྡོས་དྲག་ལ་ཡུན་རིང་བས་མནར་ཏེ་

སྡོད་པ་བད༷ག་གི༷་སྐྱབ༷ས་གཅི༷ག་པུ་གསེར་དངུལ་ལ་སོགས་ས་དང་རྡོ་བའི་རྒྱུ་ལས་གྲུབ་པའི་རིན་ཐང་ཆེ་བར་བརྩི་བའི་ནོར་བུ་རི༷ན་པོ༷་ཆེ༷་རྣམས་ཀྱིས་ཀྱང་འགྲན་དུ་མེད་པ་འཁོར་བའི་སྡུག་བསྔལ་ ལས་གཏན་དུ་བདེ་བ་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་འགོད་པར་བྱེད་པའི་ཆོས་སྟོན་པ་སྟེ། རང་ལ་བཀ༷འ་དྲིན་ཆེན་པོས་ཇི་ལྟར་བསྐྱངས་པའི་ཚུལ་རྣམས་བསམས་ན་དྲི༷ན་ལན་འཁོ༷ར་ མཐ༷འ་དང་བྲལ༷་བ༷་བླ༷་མ༷་རྗེ༷་ཁྱོད་ཁོ་ན་ཡིན་པ་ངེས་ཤེས་བརྙེས་པས་ཁ་ཙམ་ཚིག་ཙམ་མིན་པར་སྐོམ་པ་ཆུ་ལ་གདུང་བ་ལྟ་བུའི་སྙིང༷་ནས༷་གདུང༷་བ༷ས་གསོ༷ལ་བ༷་འདེ༷བས་པ་ལ༷གས་ན༷། ལས་ངན་ བདག་གི་མིག་ལམ་ན་སྣང་ཚད་ཐམས་ཅད་འཁྲུལ་སྣང་གི་རང་གཟུགས། རྣ་བ་ལ་ཐོས་ཚད་ཐམས་ཅད་འཁྲུལ་སྣངགི་བྲག་ཆ། རྣམ་རྟོག་གི་འགྱུ་འཕྲོ་ཐམས་ཅད་འཁྲུལ་སྣང་གི་རྟོག་པ་སྟེ་ ཡུན་རིང་ནས་སྣང་གྲགས་རིག་གསུམ་འཁྲུལ་པའི་གྲོང་ཁྱེར་དུ་འགྲིམས་ནས་སྡོད་པའི་མགོན་མེད་བྱིས་པ་བདག་ལ་འབྲ༷ལ་བ་མེ༷ད་པར་རྗེས་སུ་འཛིན་པའི་ཐུག༷ས་རྗེས༷་དགོ༷ངས་ལ༷་བྱིན༷་གྱིས༷་ རློབ༷ས་ཤིག་ཅེས་སྙིང་ནས་གསོལ་བ་འདེབས་སོ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ཀླ་ཀློ་དང་། ལྐུག་པ་དང་།

ལོག་ལྟ་ཅན་དང་། གལ་སྲིད་མི་རུ་སྐྱེས་ཀྱང་། སངས་རྒྱས་འཇིགས་རྟེན་ན་མ་བྱོན་པས་ཆོས་ཀྱི་སྣང་བ་མེད་པའི་མུན་པའི་བསྐལ་པ། ཚེ་གང་འདོད་ཡོན་ལ་ལོངས་སྤྱོད་པར་གཡེངས་པ་ལྷ་ཚེ་རིང་པོ་སྟེ་དེ་དག་ཏུ་སྐྱེས་ན་སོ་སོའི་སྔོན་བསགས་རྒྱུ་མཐུན་ལས་ཀྱི་འབྲས་བུ་ལ་དལ་ཁོམ་མེད་པར་སྤྱོད་དགོས་པའི་མི་ཁོམ་པ་བརྒྱད། མི་ཁོམ་པ་བརྒྱད་པོ་དེ་དག་ལས་ལྡོག་པའི་དལ་བ་བརྒྱད་དང་། ད་རེས་མིར་སྐྱེས་པ། ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་སྒོ་ལྔ་ཚང་བ། མི་དགེ་བའི་ལས་བྱེད་པ་ལ་མི་དགའ་བས་ལས་མཐའ་མ་ལོག་པ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་སྟེ་རང་འབྱོར་ལྔ་དང་། ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཆོས་གསུངས། དེའི་བསྟན་པ་མ་ནུབ་པར་གནས། བསྟན་པ་ལ་ཞུགས་པའི་གང་ཟག་གཞན་ཡང་ཡོད། དེ་དག་གིས་ཀྱང་གཞན་རྣམས་རྗེས་སུ་འཛིན་པས་གཞན་རྐྱེན་ལ་ལྟོས་པའི་འབྱོར་པ་ལྔ་སྟེ་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་ཞིང་། འོན་ཀྱང་དལ་འབྱོར་གྱི་གནས་སྐབས་འདི་དག་ཐམས་ཅད་འདུས་བྱས་ཀྱི་རྫས་སུ་གྲུབ་པའི་ཆོས་འབའ་ཞིག་ཡིན་པས་ཡིད་རྟོན་ནམ་ཡང་འཕེར་བ་མེད་པས་སྙིང་པོ་མ་མཆིས་ཤིང་། ད་རེས་སྨྲ་ཤེས་

དོན་གོ་མི་ཡི་མཚན་ཉིད་ཚང་བའི་ལུས་རྟེན་ཐོབ་པའི་དུས་འདིར་སྙིང་པོ་མེད་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་དག་ལ་བརྟེན་ནས་ཐར་པ་དོན་དུ་གཉེར་བའི་ཉམས་ལེན་ལ་བརྩོན་ཐུབ་ན་སྙིང་པོ་མེད་ལས་སྙིང་པོ་ལོན་པའང་ཇི་ལྟར་སྦྲང་རྩི་འཛིན་པས་མེ་ཏོག་གསར་པ་སྙི་བར་མ་གྱུར་པའི་སྔོན་དུ་ཟིལ་དངར་ལོན་པར་བྱེད་པ་བཞིན་དུ་སྔོན་བྱོན་རྒྱལ་སྲས་རྣམས་ཀྱི་ངོ་མཚར་ཆེ་བའི་རྣམ་པར་ཐར་པ་དྲན་ཏེ་བདག་གིས་དལ༵་འབྱོར༵་སྙིང༵་པོ༵་ལོ༵ན་པ༵ར་བྱིན༵་གྱི༵ས་རློབ༵ས་ཤིག །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཀུན་མཁྱེན་ཀློང་ཆེན་པས་སྣོད་འཇིག་པའི་རང་བཞིན་ལ་བཅུད་འཁྲུལ་པ་བརྟེན་པས་འཇིག་རྟེན་ཟེར་ཅེས་གསུངས་པ་ལྟར་ཕྱི་འབྱུང་བཞིའི་ཁམས་རྟག་ཏུ་ཞི་བར་ཆ་མི་སྙོམས་པར་འགྱུར་བའམ་འཇིག་པས་མི་རྟག་པ། ནང་འཁྲུལ་སྣང་སྐྱེ་འགྲོའི་ལུས་སེམས་ཀྱི་ཁམས་རྟག་ཏུ་ཆ་མི་སྙོམས་པར་འགྱུར་པས་མི་རྟག་པ། ཆུང་བྱིས་པའི་དུས་སུ་ཆོས་མ་ཤེས་པས་མི་རྟག་པ་མ་ཤེས་པ། ན་གཞོན་དར་མའི་དུས་སུ་སྨན་ཤར་དང་སྟག་ཤར་གྱི་སྣང་བས་འདོད་ཡོན་ལ་ཆགས་ནས་མི་རྟག་པའི་སྒྲ་ཙམ་ཐོས་པ་ལའང་ཞེ་ཁྲེལ་བ། ལོ་ན་རྒས་པའི་དུས་སུ་སེམས་ཀྱི་རྟེན་ལུས་ཟུངས་ཟད་པས་དྲན་པ་ཉམས་ཏེ་མི་རྟག་པ་དྲན་པའི་དྲན་པ་

མེད་པ། དབྱར་དུས་སུ་མེ་ཏོག་ཤར་བ་གློ་བུར་དུ་སེར་བས་བཅོམ་པ་ལྟ་བུ་གཟུགས་ཀྱི་ལང་ཚོ་དར་ལ་བབས་པ་གློ་བུར་ཡེ་འབྲོག་གི་རྐྱེན་ངེས་པ་མེད་པ་ཐོག་བབས་སུ་བྱུང་ནས་འཆི་བས་མི་རྟག་པ། མི་ཚེའི་ཉི་མ་ཉི་མ་རེ་རེ་བཞིན་དུ་ནུབ་རིའི་ཕྱོགས་སུ་ཕར་ཕར་བཞུད་པས་མི་རྟག་པ། འཆི་བའི་གནས་སྐབས་ནུབ་རིའི་གྲིབ་སོ་བཞིན་དུ་ཉི་མ་རེ་རེ་བཞིན་དུ་ཚུར་ཚུར་ཡོང་ཡང་ངོ་མ་ཤེས་ཏེ་རྟག་ཏུ་ཕྱི་ཚིས་ཀྱིས་བློ་སྣ་དམ་པའི་ཆོས་ལ་བཀོལ་ཏུ་མ་གཏུབས་པའི་རྟག་འཛིན་ཅན་བདག་གི་རྒྱུད་ལ་མི༵་རྟག༵་འཆི༵་བ༵་དྲ༵ན་པ༵ར་བྱིན༵་གྱིས༵་རློབ༵ས་ཤིག །འཁོར་བའི་སྡུག་བསྔལ་མཐོང་བར་བྱིན་གྱིས་རློབས། །སྤྱིར་སེམས་ཅན་ཞིག་ཡིན་ཕན་ཆད་ཉོན་མོངས་དུག་ལྔ་དུག་གསུམ་ལ་སོགས་སེམས་ཅན་རེ་རེའི་རྒྱུད་ལ་ཉོན་མོངས་པའི་མཐའ་གཞལ་དུ་ཡོད་པ་མ་ཡིན་པས། ལས་སྣང་བག་ཆགས་ཀྱི་མཐུ་བརྟས་པའི་སྣོད་བཅུད་བདེ་སྡུག་གི་སྣང་བའང་གཞལ་དུ་མེད་པར་གསུངས་ཏེ། རེ་ཞིག་བསྡུ་ན་མཚམས་མེད་ལྔ་དང་། ཉེ་བ་ལྔ་ལ་སོགས་ཉོན་མོངས་པ་ཞེ་སྡང་ལ་བརྟེན་པའི་སྡིག་པ་ཤིན་ཏུ་ཚབ་ཆེན་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་ཚ་གྲང་གི་སྡུག་བསྔལ་ལ་སྤྱོད་པ་དམྱལ་བ། རྒྱུ་སེར་སྣ་ལ་བརྟེན་ནས་གཞན་གྱི་མཆོད་

སྦྱིན་ལ་འཇུར་གེགས་བྱས་པའི་རྣམ་སྨིན་བཀྲེས་སྐོམ་སྡུག་བསྔལ་གྱིས་མནར་བ་ཡི་དྭགས། རྒྱུ་གཏི་མུག་ལ་བརྟེན་ནས་རྣམ་སྨིན་བླང་དོར་གྱི་གནས་ལ་ཤིན་ཏུ་རྨོངས་པའི་གླེན་ལྐུག་གི་སྡུག་བསྔལ་མྱོང་བ་དུད་འགྲོ། རྒྱུ་ལྷག་པའི་ང་རྒྱལ་ལ་བརྟེན་ནས་གཞན་ལ་ཁྱད་དུ་གསོད་པའི་རྣམ་པར་སྨིན་པ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་མྱོང་བ་མཐོ་རིས་ཀྱི་ལྷ། རྒྱུ་ཕྲག་དོག་ལ་བརྟེན་ནས་གཞན་གྱི་དཔལ་འབྱོར་ལ་མི་བཟོད་པའི་འགྲན་སེམས་སྐྱེས་པའི་རྣམ་སྨིན་རྟག་ཏུ་འཐབ་རྩོད་ཀྱི་སྡུག་བསྔལ་མྱོང་བ་ལྷ་མ་ཡིན། རྒྱུ་འདོད་ཆགས་རང་མཚན་པ་ལ་བརྟེན་ནས་རྟག་ཏུ་ཆགས་པས་འཁོར་བ་ན་ཡང་ཡང་སྐྱེས་ཤིང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་བ་འགྲོ་བ་མི་ཡི་རིགས་ཏེ་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ། བྱེ་བྲག་རང་གཞན་ཀུན་གྱི་མཐོང་བའི་ཆོས་སུ་གྱུར་པ་འགྲོ་བ་མི་རྣམས་སྤྱི་མཐུན་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་བསྙོན་དུ་མེད་པར་ཉམས་སུ་མྱོང་དགོས་པ་སྨོས་ཅི། ཚེ་སྔོན་གྱི་ལན་ཆགས་སམ། ཚེ་འདི་ལ་རྐྱེན་ཉི་ཚེ་བ་ཞིག་ལ་བརྟེན་ནས་སྣང་བ་དགྲར་ལྡང་སྟེ་གནོད་འཚེ་བྱེད་པའི་དགྲ་སྡང་བ་དང་འཕྲད་པའི་སྡུག་བསྔལ། མཐུན་རྐྱེན་སྦྱོར་བའི་ཡོན་བདག །བརྩེ་བ་ཅན་གྱི་ཕ་མ། མཛའ་ཞིང་

གཅུག་པའི་གཏན་གྲོགས། ཡིད་དུ་འོང་བའི་ཕྲུ་གུ། སེམས་འཕྲོག་པའི་སྙིང་སྡུག་ལ་སོགས་གཉེན་བྱམས་པ་དང་འབྲལ་བའི་སྡུག་བསྔལ། ཚོང་དང་གཡོ་སྒྱུ། ཁང་ཁྱིམ་ཡོ་བྱད། དབང་ཐང་དང་སྙན་གྲགས། ཡོན་ཏན་དང་དཔལ་འབྱོར། བཀུར་སྟི་དང་ཕུ་དུད་ལ་སོགས་སེམས་ལ་འདོད་པའི་དོན་གང་ཞིག་ཡོད་པ་དེ་དག་འདོད་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། ཆག་སྒོ་རྐྱེན་ངན། མ་ཉེས་ཁ་གཡོགས་ལ་སོགས་མི་མཐུན་པའི་ཕྱོགས་གང་ཞིག་མི་འདོད་བཞིན་དུ་ཐོག་ཏུ་འབབ་པའི་སྡུག་བསྔལ། མདོར་ན་སྟོན་པ་དེ་བཞིན་གཤེགས་པས། མཐོ་བའི་ཐ་མ་ལྷུང་བ། བསགས་པའི་ཐ་མ་འཛད་པ། འདུས་པའི་ཐ་མ་འབྲལ་བ། སྐྱེ་བའི་ཐ་མ་འཆི་བ་སྟེ་མཐའ་བཞིའི་རྒྱ་ཡིས་མ་བཅིངས་པའི་འཁོར་བ་གང་ནའང་མེད་པར་གསུངས་པས། དེའི་ཕྱིར་ན་འཁོ༵ར་བ༵འི་སྡུག༵་བསྔ༵ལ་དེ་དག་ཐམས་ཅད་སྒྲོ་བཏགས་ཙམ་དུ་མིན་པར་མངོན་སུམ་མིག་ལམ་དུ་ཇི་ལྟར་ཤར་བ་བཞིན་དུ་ངོ་འཕྲོད་པ་སྟེ་མཐོ༵ང་བ༵ར་བྱིན༵་གྱི༵ས་རློ༵བས་ཤིག །དེ་ཡང་མི་རྟག་འཆི་བ་དྲན་པ་དང་། འཁོར་བའི་སྡུག་བསྔལ་མཐོང་བའི་དགོས་པ་འཆི་མེད་གཉུག་མ་ཟག་མེད་བདེ་བ་ཆེན་པོའི་གོ་

འཕང་འཐོབ་དགོས་ཤིང་། དེ་ཐོབ་པར་བྱེད་པ་ལ། དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རློབས། །ཞེས་གསུངས་ཏེ། དེ་ཡང་ཇོ་བོ་རྗེ་ཨ་ཏི་ཤས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་པ་ཡིད་ཆེས་བྱ། །ཞེས་གསུངས་པས་ཀུན་གཞི་ལས་མཆེད་པའི་གཟུང་འཛིན་གྱི་སེམས་ཡོད་ཕན་ཆད་ལས་དང་ཉོན་མོངས་ཡོད་ཅིང་། དེ་ལ་བརྟེན་ནས་འཁོར་བ་ན་བདེ་སྡུག་རྣམ་པ་སྣ་ཚོགས་གྲངས་ཀྱིས་མི་ཆོད་པ་ཉམས་སུ་མྱོང་བ་ཡིན་པས། དེས་ན་ད་རེས་མི་ལུས་རིན་པོ་ཆེ་ལན་གཅིག་འཐོབ་པའི་དུས་འདིར་གནས་སྐབས་མངོན་མཐོ་ལྷ་མིའི་བདེ་བ་ཙམ་དོན་དུ་མི་གཉེར་བར་གཏན་དུ་བདེ་བ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་དགོས་པ་ནི་རྒྱུ་མཚན་དང་ལྡན་པ་སྟེ་ཅིའི་ཕྱིར་ན་རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་པས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་རྒྱུ་མཚན་གསལ་བར་བསྟན་པ་ལ་ངེས་ཤེས་ཀྱི་དད་པ་བསྐྱེད་དེ། བདེ་གཤེགས་སྙིང་པོའི་ཡོན་ཏན་གྱི་

རིགས་ཁམས་སད་པར་བྱ་བའི་ཕྱིར་དུ་སྔོན་བསགས་འཁོར་བའི་བག་ཆགས་ངན་པ་དཀར་པོའི་བག་ཆགས་བཟང་པོར་འགྱུར་བའི་དགེ་བ་ལ་སྤྲོ་བར་བྱེད་པ་ནི་དམ་པའི་ལྷ་ཆོས་ཏེ་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། ནག་པོའི་བག་ཆགས་དང་དཀར་པོའི་བག་ཆགས་ཀྱི་སྒོ་ནས་ནི། ཐུན་མོང་མ་ཡིན་པའི་རྒྱུའི་རྐྱེན་དུ་འགྱུར་རོ། །དེ་ལ་ནག་པོའི་བག་ཆགས་དེ་ནི། ཤིན་ཏུ་འཁྲུལ་པའི་བློས་བསྐྱེད་པ་ཡིན་པའི་ཕྱིར། ཐམས་ཅད་དུ་ལོག་པར་སྦྱོར་བས་དེའི་རྒྱུ་ལས་བྱུང་བའི་སྣང་བ་ཡང་ཤིན་ཏུ་བསླུ་བ་ཡིན་པའི་ཕྱིར་རོ། །སླུ་བ་ཆེན་པོ་སྟེ། དེ་ལ་སླུ་བ་ཅེས་བྱ། མི་བདེན་པ་ཞེས་བྱ། འཁྲུལ་པ་ཞེས་བྱ། ཡིད་བརྟན་དུ་མི་རུང་བ་ཅེས་བྱ། དཀར་པོའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བའི་སྣང་བ་རྣམས་ནི། མཁས་པ་རྣམས་ཀྱིས་དེ་ལ་བློ་བཞག་ཅིང་བརྟེན་པར་བཟོད་པ་སྟེ། ཐར་པ་ལ་མི་བསླུ་བའི་ཕྱིར། དེ་ནི་མི་སླུ་བ་ཅེས་བྱ། བདེན་པ་ཞེས་བྱ། མ་འཁྲུལ་པ་ཅེས་བྱ། ཡིད་བརྟན་དུ་རུང་བ་ཅེས་བྱ། དེ་དག་གི་ཕྱིར་དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བའི་ཆོས་རྣམས་ལ། བག་ཆགས་ངན་པའི་བློས་བསྐྱེད་པ་རྣམས་ཀྱིས། མཐོང་ཞིང་བརྟགས་པ་ལྟར་གྲུབ་པ་ནི་མ་ཡིན་གྱི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་

ཚུལ་ལས་གསུངས་པ་ལྟར་དཀར་པོའི་བག་ཆགས་ཀྱི་སྟོབས་ཀྱིས་བསྐྱེད་པ་རྣམས་ཀྱི་སྣང་བ་ལྟར་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ་ལྟ་བ་འདི་ནི་གྲུབ་བོ། །ཞེས་བཟོད་པར་བྱའོ། །ཞེས་གསུངས་པས། དེའི་ཕྱིར་ཐུན་མོང་གི་དགེ་བ་སེམས་ཅན་གྱི་སྲོག་སྐྱོབས་པ། ཆོས་དང་ཟང་ཟིང་ནོར་དང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གཏོང་བ། རྣམ་པ་ཀུན་ཏུ་ཚངས་པར་སྤྱོད་པའི་རྟེན་ལ་གནས་པ། གཞན་ལ་ཅི་སྨྲས་ཐམས་ཅད་རྫུན་པ་མིན་པར་བདེན་པ་དང་། དེ་ཡང་ཚིག་ལ་མདའ་མཚོན་མེད་ཀྱང་། གཞན་སེམས་ཚལ་པར་གཏོང་ཟེར་བས་སྨྲ་བའི་ཚེ་ན་རླངས་པོའི་ཚིག་གིས་མིན་པར་འཇམ་ཞིང་སྙན་པར་སྨྲ་བ་དང་། གཞན་གྱི་འཁོན་པ་བསྡུམ་པ་དང་། ཚོང་དང་དམག་དང་འདོད་ཡོན་ལ་སོགས་པ་འཇིག་རྟེན་འཁོར་བའི་སྡུག་བསྔལ་རྒྱུ་དང་འབྲས་བུ་བཟོ་བར་བྱེད་པའི་ངག་འཁྱལ་སྤངས་ནས་གནས་སྐབས་དང་མཐར་ཐུག་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་དགེ་བའི་གཏམ་དང་ཁ་ཏོན་དགེ་སྦྱོར་ལ་སོགས་པར་བརྩོན་པ། སེམས་ཅན་གང་ལ་དངོས་པོ་གང་ཞིག་དགོས་པ་བཞིན་དུ་གཏོང་སེམས་བསྐྱེད་པ། གཞན་ལ་ཕན་པ་འབའ་ཞིག་བསྒྲུབ་པའི་ཕན་སེམས་བསྐྱེད་པ། ཚེ་ཕྱི་མ་དང་། ལས་དང་ལས་ཀྱི་འབྲས་བུ་དང་།

དཀོན་མཆོག་གསུམ་ལ་ཡིད་ཆེས་པ་སྟེ་དགེ་བ་བཅུ་དང་། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། ཐམས་ཅད་ཐེག་ཆེན་ཟབ་མོའི་ལམ་ལ་འགོད་པ་དང་། དམ་པ་རྣམས་ལ་གུས་ཤིང་བསྔགས་པ་བརྗོད་པ་དང་། སེམས་ཅན་རྣམས་ལ་ལྷག་བསམ་དག་པས་སྤྱོད་པ་སྟེ་བསྒྲུབ་བྱ་དཀར་པོའི་ཆོས་བཞི། སེམས་ཅན་གྱི་སྲོག་གཅོད་པ། གཞན་ནོར་མ་བྱིན་པར་ལེན་པ། འོས་སུ་མ་མཆིས་པའི་གནས་སམ་དུས་མ་ཡིན་པར་འདུ་འཕྲོད་བརྟེན་ནས་མི་ཚངས་པ་སྤྱོད་པ་སྟེ་སྡིག་པ་མི་དགེ་བ་བཅུ་དང་། རྫུན་གྱིས་བླ་མ་སོགས་མཆོད་པར་འོས་པར་བསླུ་བ་དང་། འགྱོད་པ་མེད་པའི་གནས་ལ་གཞན་དག་འགྱོད་པ་བསྐྱེད་དུ་བཅུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལ་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་པ་དང་། སེམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པ་སྟེ་སྤང་བྱ་ནག་པོའི་ཆོས་བཞི་ལ་སོགས་བླང་བྱ་མིན་པར་དོར་བྱར་གསུངས་པས་དེའི་ཕྱིར་བདག་གིས་དགེ༵་སྡིག༵་བླང༵་དོ༵ར་གྱི་གནས་ལ་མ་རྨོངས་པ་དྲན་དང་ཤེས་བཞིན་གྱི་སྒོ་ནས་སྐབས་ཐོབ་མ་ནོར་བར་འཇུག་ལྡོག་ཚུལ་བཞིན་ནུས༵་པ༵ར་བྱི༵ན་གྱི༵ས་རློ༵བས་ཤིག །ཁྱད་པར་དུའང་ཐུན་མོང་མ་ཡིན་པའི་དགེ་བ་ཐབས་མང་བ། དཀའ་བ་མེད་པ། དུས་

མྱུར་བ། འཇུག་པ་བདེ་བ་ལ་སོགས་ཆེས་མཆོག་ཏུ་གྱུར་པའི་ཁྱད་ཆོས་དང་ལྡན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་ཞུགས་ནས། བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱེད་པ་ནི་བསོད་ནམས་ཤིན་ཏུ་ཆེ་བ་སྟེ། ཅིའི་ཕྱིར་ན་སྔོན་མའི་བག་ཆགས་ལས་སྐྱེས་པའི་ས་རྡོ་རི་བྲག་ཆུ་ཤིང་ལ་སོགས་ཕྱི་གཟུང་བའི་ཡུལ་རྡོས་བཅས་དངོས་པོ་རགས་པར་སྣང་བ་དང་། ནང་བཅུད་ཀྱི་སེམས་ཅན་མངོན་སུམ་པར་ཐ་དད་སོ་སོར་སྣང་སྟེ། ཆགས་སྡང་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཇེ་རགས་སུ་གྱུར་པ་ཡིན་ཀྱང་། ནམ་རང་ཉིད་ལྷ་ལ་ངེས་ཤེས་ཀྱི་དད་པ་ཡང་དག་ཉིད་དུ་བརྙེས་པའི་ཚེ་ན་སྒྲིབ་བྲལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཡོན་ཏན་མ་འགགས་པར་རྣམ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་འཆར་བས་སྤང་བླང་བཅོས་བསྒྱུར་གང་ཡང་བྱ་མི་དགོས་པ་སྣོད་བཅུད་ཐམས་ཅད་ཞིང་དང་གཞལ་ཡས་ཁང་དང་ལྷ་རུ་མཉམ་པ་ཉིད་དུ་འཆར་བ་ནི། བཀའ་བརྒྱད་རྣམ་བཤད་ལས། ཡང་གསང་སྔགས་ནང་པའི་གཞུང་གིས་རྣམ་པ་ཐམས་ཅད་སངས་རྒྱས་པའི་སྐུ་ཉིད་དུ་འདོད་པ་སྟེ་གཞི་ཙམ་དང་རྒྱུ་ཙམ་དུ་མ་ཡིན་པར་ངོ་བོ་ཉིད་དུ་འདོད། དེ་ཡང་ཚུལ་ཇི་ལྟར་འདོད་ན། སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཆོས་ཅིར་ཡང་

སྣང་བ་དེ་དག་སངས་རྒྱས་པའི་སྐུ་ཡིན། སྐུ་མདོག་དང་ཕྱག་མཚན་དང་དཔེ་བྱད་དང་ཡོན་ཏན་དང་ཆོ་འཕྲུལ་དུ་སྣང་བའི་སངས་རྒྱས་དང་། སྣོད་བཅུད་ཀྱིས་ བསྡུས་པའི་ཆོས་སུ་སྣང་བའི་སངས་རྒྱས་ཀྱི་སྐུ་གཉིས་ལ་སངས་རྒྱས་ཀྱི་སྐུར་བྱེ་བྲག་ཕྱེ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་གཅིག་གིས་ནི་འགྲོ་བ་འདྲེན་པར་ནུས་པ་ཡིན་ལ། གཅིག་ གིས་ནི་དེ་ལྟར་མ་ཡིན་པས་ག་ལ་མཚུངས་ཤེ་ན། ལན་དུ་ལས་དག་པ་རྣམས་ལ་ནི་གང་གིས་ཀྱང་དོན་དེ་བྱེད་པར་ནུས་ལ། ལས་མ་དག་པ་རྣམས་ལ་ནི་གང་གྱིས་ཀྱང་དོན་བྱེད་པར་ནུས་པ་ མ་ཡིན་པས་བྱེ་བྲག་ཏུ་ཕྱེ་བ་མེད་དོ་ཞེས་དང་། འོ་ན་སྣང་བ་རྣམས་ཅིའི་ཕྱིར་སངས་རྒྱས་ཡིན་ཞེ་ན་རང་བཞིན་རྣམ་པར་དག་པའི་ཕྱིར་རོ། །ཞེས་སོགས་གསུངས་ཤིང་། ཨོ་རྒྱན་ཆེན་པོས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་

ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང་༔ གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨ་རྒྱན་པདྨ་འབྱུང་གནས་ལ་སོགས་པ་འདེབས༔ ཞེས་གསུངས་ཤིང་། དཀོན་མཆོག་བརྩེགས་པ་ལས། དགེ་བའམ་མི་དགེ་བའི་ཆོས་ལ་མངོན་པར་ཞེན་པར་མི་བྱ་སྟེ། དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས་མི་དགེ་བའི་ཆོས་རྣམས་ལ་མངན་པར་ཞེན་པར་འགྱུར་རོ་ཞེས་དང་། དགེ་བའམ་མི་དགེ་བ་ལ་མངོན་པར་ཞེན་པ་མེད་པ་དང་། སྲེད་པ་འགོག་པ་འདི་དག་ནི་ཀུན་འབྱུང་བ་སྤངས་ཤིང་། འཕགས་པའི་བདེན་པ་གཉིས་པོ་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་དགེ་བའི་ཆོས་ཀྱི་རྣམས་གྲངས་སུ་བསྟན་ཏོ་ཞེས་གསུངས་པས། ཞེན་པ་མེད་པའི་བརྟུལ་ཞུགས་ལ་སྤྱོད་ནུས་པར་བྱིན་གྱིས་རློབས་ཤིག །མཆོག་གསུམ་སྐྱབས་སུ་བཟུང་

༄༅། །བར་བྱིན་གྱིས་རློབས། །ཕྱི་ལྟར་ན་ཉན་རང་གི་གདུལ་བྱའི་ཁམས་སམ་དབང་པོ་དང་མཐུན་པའི་སྟོན་པ་སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་སྲིད་པ་མཐའ་མ་བ་དགྲ་ བཅོམ་པ། ནང་ལྟར་ན་ཐེག་པ་ཆེན་པོའི་རིགས་ཅན་གདུལ་བྱ་རྣམས་ཀྱི་ཁམས་སམ་དབང་པོ་དང་འཚམས་པ་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག་གི་སྤྲུལ་པའི་སྐུ། དེའི་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་རྣམས་རྗོད་བྱེད་འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་ སྡེ་སྣོད་གསུམ་དུ་འདུས་པ་ལུང་གི་ཆོས་དང་། དེ་དག་ལ་ཐོས་བསམ་བྱས་པ་ལས་བྱུང་བའི་ཐེག་པ་ཆེ་ཆུང་གི་གདུལ་བྱ་རང་རང་གི་རིགས་ཁམས་དང་སྐལ་པའི་རྗེས་སུ་འགྲོ་བའི་ཚུལ་ ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་གསུམ་གྱི་དོན་མངོན་པར་རྟོགས་པ་བརྗོད་བྱ་རྟོགས་པའི་ཆོས་ཏེ་ལུང་རྟོགས་དམ་པའི་ཆོས་དང་། རང་དོན་ཞི་བདེ་ལ་དམིགས་ནས་དགྲ་བཅོམ་པའི་གོ་འཕང་དོན་དུ་གཉེར་ཏེ་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་པ་ཉན་རང་གི་དགེ་འདུན། རང་དོན་དུ་སྲིད་ལ་མི་གནས་ཤིང་། གཞན་དོན་དུ་

ཞི་ལ་མ་ཆགས་པས་སྲིད་པའི་ཁམས་ན་སེམས་ཅན་གྱི་དོན་བྱེད་པ་སྟེ་མཐའ་གཉིས་ལ་མི་གནས་པའི་རྣམ་མཁྱེན་གོ་འཕང་དོན་དུ་གཉེར་ནས་བསྐལ་པའི་ཡུན་ལ་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་པ་ཐེག་པ་ཆེན་པོའི་འཕགས་པའི་དགེ་འདུན། ཁྱད་པར་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་འབྱུང་གནས་ཡི་དམ། བར་ཆད་སེལ་ཞིང་སྡོང་གྲོགས་བྱེད་པའི་མཁའ་འགྲོ་ཆོས་སྐྱོང་སྟེ་གསང་སྔགས་ལུགས་ཀྱི་དཀོན་མཆོག་ཀུན་འདུས་རྩ་བ་གསུམ། གསང་བ་ལྟར་ན་རང་སེམས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། གཞི་ཡི་སྐུ་གསུམ་རང་ངོ་འཕྲོད་དེ་སྣང་ཚད་ཀྱི་རྣམ་པའི་ཡོན་ཏན་མ་འདྲེས་སོ་སོར་འཆར་ལ་ངོ་བོ་གང་དུའང་རྡུལ་ཙམ་དབྱེར་མ་མཆིས་པའི་སྣང་སྟོང་དབྱེར་མེད་སྤྲུལ་སྐུའི་ཞིང་ཁམས། གྲགས་ཚད་སྒྲ་ཡི་ཡོན་ཏན་རྣམ་པ་མ་འདྲེས་སོ་སོར་གྲགས་ལ་ངོ་བོ་གང་དུའང་རྡུལཙམ་དབྱེར་མ་མཆིས་པའི་གྲགས་སྟོང་དབྱེར་མེད་ལོངས་སྐུའི་ཞིང་ཁམས། རིག་པ་རྩལ་གྱི་རྣམ་པའི་ཡོན་ཏན་ཐོགས་རྡུགས་མེད་པར་ཅིར་ཡང་འཕྲོ་ལ་དེ་ལ་དེར་འཛིན་གྱི་རྟོག་པ་མེད་པས་རིག་སྟོང་ཆོས་སྐུའི་ཞིང་ཁམས་ཏེ་ཐམས་ཅད་ནས་ཐམས་ཅད་དུ་སྣང་བ་གང་ཡང་མ་

༄༅། །འགགས་པར་སྣང་བས་ཀུན་ཏུ་བཟང་པོ་ཡིན་པ། ཐམས་ཅད་ནས་ཐམས་ཅད་དུ་སྣང་བ་ཇི་ལྟར་སྣང་ཡང་དངོས་པོར་མ་གྲུབ་པས་འཁོར་འདས་གཉིས་སུ་འཆིང་ བྱེད་མེད་པ་ཀུན་ཏུ་བཟང་མོ་ཡིན་པ། གང་ལྟར་རྟོག་ཀྱང་རྟོག་པའི་རྗེས་མཐུད་གཉིས་སུ་འཛིན་པའི་གཟུང་འཛིན་གྱི་སེམས་མེད་པས་གཞི་ལམ་འབྲས་བུའི་རྣམ་བཞག་གྲྭ་ཟུར་མེད་པའི་ཐིག་ ལེ་ཆེན་པོའི་དབྱིངས་སུ་དག་པ་སྟེ། དེ་ལྟ་བུའི་ཕྱི་ནང་གསང་བའི་སྐྱབས་ཡུལ་དཀོན་མཆོག་རྣམ་གསུམ་མདོ་རྒྱུད་མན་ངག་རྣམས་ལས་ཇི་སྐད་གསུངས་པ་བཞིན་ངོ་ཤེས་ཤིང་ཡིད་ཆེས་ བསྐྱེད་དེ་བདག་གིས་སྐྱབས་སུ་བཟུང་བར་བྱིན་གྱིས་རློབས་ཤིག །གཞན་ཕན་བྱང་སེམས་འབྱོང་བར་བྱིན་གྱིས་རློབས། །ཐོག་མེད་ནས་འཁོར་བར་སྐྱེས་ཤིང་། སྐྱེ་རེས་བཞིན་དུ་བརྫུས་ཏེ་ སྐྱེས་པའི་དམྱལ་བའི་སེམས་ཅན་ལས་ངན་རིགས་དང་། ལས་ལས་སྐྱེས་པ་མ་ཡིན་པ་འོད་དཔག་མེད་མགོན་རྣམ་བཅས་སྤྲུལ་སྐུའི་གཟུགས་སུ་པདྨའི་སྦུབས་ལས་རིག་པ་ཐོལ་སྐྱེས་ཀྱི་ཚུལ་ དུ་འཁྲུངས་པ་སངས་རྒྱས་པདྨ་སྐྱེས་དང་། སློབ་དཔོན་ཨརྻ་དེ་ཝ་ལ་སོགས་སྐྱེ་བ་ལ་དབང་ཐོབ་པའི་འཕགས་པའི་གང་ཟག་རྣམས་ལས། གཞན་འགྲོ་བ་ཕལ་ཆེར་སྒོང་སྐྱེས་དང་།

དྲོད་གཤེར་སྐྱེས་དང་། མངལ་སྐྱེས་ཁོ་ནར་བརྟེན་ནས་བྱུང་། མངལ་ལས་སྐྱེས་པའི་གནས་སྐབས་བཟུང་བའི་སྐབས་སུ་ཕ་མ་ལ་བརྟེན་དགོས། ཕ་མ་བྱས་རེས་བཞིན་དུ་རང་རང་གི་ཕྲུ་གུ་ལ་བརྩེ་གདུང་འབའ་ཞིག་གིས་བསྐྱངས་པ་ཡིན་སྟབས་དེ་དག་གི་དྲིན་བསབ་པའི་སླད་དུ་བདག་ཅག་གི་སྟོན་པས་ཐེག་པ་ཆེན་པོའི་ཆོས་སྨོན་པ་ཚད་མེད་བཞི་དང་། འཇུག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གསུངས་པ་ལས། སྨོན་པ་ཚད་མེད་བཞིའི་ནང་། མིའི་རིས་སུ་གཏོགས་པ་དང་མ་གཏོགས་པའི་སེམས་ཅན་སེམས་དང་ལྡན་པ་གང་ན་གང་ཞིག་ཡོད་པ་ཐམས་ཅད་ལ་ཉེ་རིང་མེད་པར་བྱམས་པར་བྱེད་པ། སྙིང་རྗེ་བསྐྱེད་པ། སེམས་ཅན་གང་ལ་བདེ་སྐྱིད་གང་ཞིག་ལྡན་པ་རང་ཉིད་ནས་མཐོང་ཆོས་སུ་གྱུར་པའི་ཚེ་ན། གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རངས་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་འབྱུང་བ་བཞིན་དགའ་བ་བསྒོམ་པ། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེདཔར་བཏང་སྙོམས་ཆེན་པོས་སྐྱོང་དགོས་པར་གསུངས་ཀྱང་། དེ་ལས་ལྡོག་སྟེ། རང་དང་རང་ཕྱོགས་སུ་གཏོགས་པའི་ཚེ་འདིའི་མཛའ་གྲོགས་གཉེན་བཤེས་

༄༅། །སོགས་ལ་ཆགས་ཞེན་གྱི་འཆིང་བ་དམ་པོས་བཅིངས་ནས་བྱམས་པར་བྱེད་པ། འགྲོ་བ་མིའི་རིགས་སུ་མ་གཏོགས་པའི་སེམས་ཅན་གཞན་ལ་བྱམས་སེམས་ བསྐྱེད་པ་ལྟ་ཞོག མཾ་ས་དང་ལྤགས་པ་སོགས་ལ་བེད་སྤྱོད་གཏོང་བའི་སླད་དུ་དེ་དག་གི་སྲོག་ལ་འཛེམ་གཟོན་སྤུ་ཙམ་མེད་པར་འཚེ་བར་བྱེད་པ་ཆད་ལྟ་བའི་སེམས་བྱམས་སྙིང་རྗེ་དང་ ཡོངས་སུ་བྲལ་བ་སྤྱི་དང་། ཁྱད་པར་དུ་ལུས་དང་རྫས་སུ་སྣང་བའི་སེམས་ཅན་གང་ཡང་རུང་བ་མིའི་རིགས་ཀྱི་ལོངས་སུ་སྤྱོད་པ་ལ་ཉེ་བར་མཁོ་བ་བྱུང་ན་དེ་དག་འཇིག་རྟེན་བྱེད་པ་པོས་མི་ ཡི་དོན་དུ་གནང་བར་བཤད་དེ་སྙིང་རྗེ་སྤུ་ཙམ་མེད་པར་མཆོད་སྦྱིན་གྱི་ཕྱིར་དུ་འཚེ་བར་བྱེད་པ་རྟག་པར་ལྟ་བའི་གྲུབ་མཐའ་འཛིན་པ་དང་། དགེ་བ་ཞིག་བསྒྲུབ་ཀྱང་རང་གཞན་སེམས་ཅན་ ཐམས་ཅད་མངོན་མཐོ་ལྷ་མིའི་བདེ་སྐྱིད་དང་། ངེས་ལེགས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་བསྔོ་བ་མིན་པར་རང་དང་རང་ཕྱོགས་ལ་འཇིག་རྟེན་གྱི་སྟོབས་དང་མངའ་ཐང་བསྐྱེད་པའི་ སླད་དུ་དམིགས་ཏེ་སྦྱིན་པ་གཏོང་བའམ། འབྱོར་ལྡན་རྣམས་ཀྱིས་གཙོ་བྱས་པའི་མིའི་རིགས་སུ་གྱུར་པ་མགུ་བའི་ཐབས་ལ་བརྩོན་ཞིང་། དེ་ལས་རང་ཉིད་ལ་སྙན་གྲགས་ཐོབ་སྟེ་སྟོབས་དང་

གཟི་བརྗིད་མངའ་ཐང་དབང་ཤུགས་ལ་སོགས་རྒྱ་བསྐྱེད་པར་བྱེད་པ་སྟེ་ཚེ་འདིའི་དོན་དུ་རྣམ་སྨིན་ལ་རེ་བའམ། ཕྱི་མ་ལྷ་མིའི་གོ་འཕང་དོན་དུ་གཉེར་བ། ཚུལ་ཁྲིམས་སྲུང་ཡང་གཞན་སྔར་བུད་མེད་ཀྱི་སྟེང་དུ་མ་འཆོང་བ་ཙམ་སྟེ། དེ་ལས་ཉོན་མོངས་གཞན་ཐམས་ཅད་ཅི་དགར་འབྱོལ་ཉོག་ཏུ་སྤྱོད་པའི་ཚུལ་འཆོས་རྔོམས་པ་ལ་སོགས་མིན་པར་རྗེ་བཙུན་མི་ལ་རས་པས། བརྣབ་སེམས་མེད་པའི་ཕ་རོལ་ན། །སྦྱིན་པ་བྱ་བ་ལོགས་ན་མེད། །ཉོན་མོངས་མེད་པའི་ཕ་རོལ་ན། ཚུལ་ཁྲིམས་བྱ་བ་ལོགས་ན་མེད། ཁོང་ཁྲོ་མེད་པའི་ཕ་རོལ་ན། བཟོད་པ་བྱ་བ་ལོགས་ན་མེད། ལེ་ལོ་མེད་པའི་ཕ་རོལ་ན། །བརྩོན་འགྲུས་བྱ་བ་ལོགས་ན་མེད། རྣམ་གཡེང་མེད་པའི་ཕ་རོལ་ན། །[བསམ་གཏན་བྱ་བ་ལོགས་ན་མེད། རྨོངས་པ་མེད་པའི་ཕ་རོལ་ན། ཤེས་རབ་བྱ་བ་ལོགས་ན་མེད། ཅེས་གང་གསུངས་པ་རང་ཉིད་ཀྱི་རྒྱུད་ཐོག་ཏུ་ཁེལ་བ་བྱས་ཏེ། སེམས་ཅན་གྱི་དོན་དུ་རང་གི་འཁོས་ཀ་དང་འཚམས་པའི་སྦྱིན་པ་གང་འགྲུབ་གཏོང་བ། ཚུལ་ཁྲིམས་བསྲུང་བ། བཟོད་པ་བསྒོམ་པ། བརྩོན་འགྲུས་བརྩམས་པ། བསམ་གཏན་བསྒོམ་པ། ཤེས་རབ་བསྐྱེད་པ་སྟེ་འཇུག་པ་སེམས་བསྐྱེད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་།

༄༅། །ཁྱད་པར་དུ་ཞི་བ་ལྷས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ ཡིན་པར་འདོད། །ཅེས་དང་། ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་སེམས་ཅན་གྱི་འཁྲུལ་སྣང་ལས་དབྱུང་ཞིང་ལྷག་པར་འཕགས་པའི་དོན་གཞན་ཞིག་མེད་དེ། འཁྲུལ་སྣང་གི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། ཆོས་ཀྱི་སྐུ་ཞེས་བྱ་བར་ཟད་དོ། །འཁྲུལ་སྣང་ཡང་སེམས་ཉིད་ཡིན་ལ། སེམས་རང་གི་ངོ་བོར་མ་གྲུབ་པས་རྟོག་པ་ རང་བཞིན་གྱིས་མེད་དེ། དེ་བས་ན་ཡུལ་གྱི་རྣམ་པ་གང་སྣང་། སེམས་ཀྱི་རྟོག་པ་ཅི་སྐྱེའང་། སྣང་རྟོག་ཉིད་རང་བཞིན་གྱིས་འོད་གསལ་བས། རང་བྱུང་གི་ཡེ་ཤེས་རང་ཤར་བ་ཡིན་ ནོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་ འབྱུང་། །ཞེས་གསུངས་ཏེ། དཔེར་ན་རི་བོང་གི་རྭ་ཞེས་བརྗོད་ན། རི་བོང་གི་རྭ་གཏན་མེད་པའི་ཕྱིར་མིང་དེས་ཀྱང་དོན་མ་བརྗོད་དེ་བརྫུན་ཡིན་ནོ། །དེ་བས་ན་རི་བོང་གི་རྭའི་དོན་དང་རི་

བོང་གི་རྭའི་སྒྲ་གཉིས་དོན་མེད་པ་དང་། དོན་ལ་བརྗོད་པ་མ་མྱོང་བས་དངོས་པོར་མ་གྲུབ་པར་འདྲའོ། །དེ་བཞིན་དུ་ནམ་མཁའ་དང་ནམ་མཁའ་ལ་དམིགས་ཏེ་སྐྱེས་པའི་རྟོག་པ་གཉིས་མ་སྐྱེས་པར་མགོ་མཉམ་སྟེ། གང་གི་ཕྱིར་ནམ་མཁའ་ནི་ངོ་བོ་ཉིད་མེད་པའི་ཕྱིར་མ་སྐྱེས། དེ་ལ་དམིགས་པའི་རྟོག་པ་ནི་ཡུལ་མེད་པའི་ཕྱིར་མ་སྐྱེས་ཏེ། དེ་བས་ན་ནམ་མཁའ་ལ་དམིགས་པ་སྙམ་བྱེད་པའི་རྟོག་པ་དེ་ནི། ནམ་མཁའ་ཉིད་དང་འདྲ་བར་སྐད་ཅིག་ཀྱང་སྐྱེ་མ་མྱོང་བ་ཡིན་ནོ། །དམིགས་པའི་རྐྱེན་ལ་ལྟོས་ནས་སྐྱེ་བར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་ཚུལ་དེ་དང་འདྲའོ། །དེ་བས་ན་ནམ་མཁའ་ལྟར་གང་ལའང་མ་ཆགས་པའི་བློ་ནི་ཅི་ཡང་མི་འདོད་མི་སྤོང་བས་ནམ་མཁའི་བསྔོ་བ་ཞེས་བྱ་སྟེ། དེའི་ངང་ལ་གནས་ཤིང་གདེང་དུ་གྱུར་ན་སངས་རྒྱས་སུ་འགྱུར་བས། རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་བྱའོ་ཞེས་གསུངས། དེ་ལྟར་ཇི་སྐད་གསུངས་པ་བཞིན་དུ་རང་དང་གཞ༵ན་གྱི་དོན་ལ་ཕ༵ན་པའི་ཀུན་རྫོབ་བྱང༵་ཆུབ༵་ཀྱི་སེ༵མས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཡོངས་སུ་འབྱོ༵ང་བ༵ར་བྱིན༵་གྱི༵ས་རློ༵བས་ཤིག སྒྲིབ་གཉིས་བག་ཆགས་བྱང་བར་བྱིན་གྱིས་རློབས། །ཇི་སྐད་དུ། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །

༄༅། །གསུངས་པས་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། ཕུང་པོ་ལྔའི་རྒྱུན་ལ་དམིགས་ནས་ངའོ་སྙམ་པ་གང་ཟག་གི་བདག་དང་། གང་ཟག་གི་བདག་དེ་ལ་བརྟེན་ནས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་བརྗོད། ། ཅེས་པ་ལྟར་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་ལ་སོགས་རྩ་བའི་ཉོན་མོངས་དང་། སེར་སྣ་ལ་སོགས་ཉེ་ཉོན་ཉི་ཤུ་སོགས་ཉོན་མོངས་ཕྲ་རགས་ཐམས་ཅད་རྒྱས་ ཏེ་མེད་བཞིན་སྣང་བའི་འཁོར་བའི་འཁྲུལ་སྣང་ལ་དངོས་པོར་འཛིན་པའི་བདེན་ཞེན་སྐྱེས་ཏེ་ལས་དང་ལས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་བསགས་ཏེ་ཁམས་གསུམ་འཁོར་བ་ན་ཆགས་ཏེ་ཐར་པ་ ལ་བར་དུ་གཅོད་པ་ཆགས་པ་ཉོན་སྒྲིབ་སྟེ། དེ་ཉིད་གང་ཟག་ལ་བདག་མེད་རྟོགས་པས་བྱང་ཞིང་། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་བརྗོད། །ཅེས་ གསུངས་པས་འཇིག་རྟེན་འཁོར་བའི་ཆོས་སུ་གཏོགས་པ་མཐའ་དག་སྨོས་ཅི། རྣམ་བྱང་ལམ་གྱི་ཆོས་སུ་གཏོགས་པའི་སྣང་བ་དང་སྣང་ཡུལ་གང་ཞིག་འཆར་ཡང་། སྣང་བ་འཆར་བ་པོ་

ཡུལ་ཅན་བདག་ཉིད། འཆར་བའི་ཡུལ་རང་ལས་གཞན་དུ་ལོགས་སུ་གཟུང་བ། འཆར་མཁན་བདག་དང་འཆར་ཡུལ་གཞན་དུ་གཟུང་བའི་བར་ན་ཀུན་ཏུ་སྤྱོད་པའི་བྱ་བ་ལ་ཞུགས་པ་འཁོར་གསུམ་རྣམ་པར་རྟོག་པ་སྟེ། མདོར་ན་ཕྱི་ནང་གི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་དུ་སོ་སོར་བདེན་པར་ཞེན་པ་ཆོས་ཀྱི་བདག་འཛིན་ཤེས་བྱའི་སྒྲིབ་པ་དང་། བདག་འཛིན་ཕྲ་བ་ལྷན་སྐྱེས་ཀྱི་བློ་ཤེས་སྒྲིབ་ཕྲ་བ་སྟེ། དེས་སངས་རྒྱས་ཀྱི་ཡོན་ཏན་ཚད་གཟུང་དུ་མེད་པ་ཤེས་དང་ཤེས་བྱ་དབྱེར་མེད་པའི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་སྒྲིབ་པར་བྱེད་པས་ཐོགས་པ་ཤེས་སྒྲིབ་དང་། དེ་བཞིན་དུ་བསྒོམ་པའི་སྐབས་སུ་སེམས་ལ་གནས་པ་ཐོབ་པ་ན་རྟོག་པ་ཕྲ་མོ་མ་ཚོར་བ་ལའང་ཤེས་བྱའི་སྒྲིབ་པར་གསུངས་ཏེ། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་གང་ཞེ་ན། སེམས་གནས་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་མ་ཡིན་ནོ། །དེ་ནི་ཆུ་མགྱོགས་པ་དང་འདྲ་སྟེ། རྒྱང་མ་ནས་བལྟས་ན་གནས་པར་སྣང་ཡང་། མི་འབབ་པ་མ་ཡིན་ཏེ། དེ་ནི་མཆོག་ཏུ་ཕྲ་བའི་རྟོག་པ་ཡིན་ནོ་ཞེས་གསུངས་ཏེ། དེའི་ཕྱིར་ཆོས་ཀྱི་བདག་འཁོར་གསུམ་དམིགས་པ་མེད་པའི་

དབྱིངས་སུ་སྦྱོང་དགོས་པར་གསུངས་ཤིང་། འཁོར་གསུམ་དམིགས་པ་མེད་པ་ནི་སྐྱེ་བ་མེད་པ་སྟོང་པ་ཉིད་ཡིན་ཏེ། དེའི་ངང་ལ་ཇི་ལྟར་ཡུལ་དང་ཡུལ་ཅན་མ་གྲུབ་པ་དེ་བཞིན་དུ་མ་བཅོས་པར་བཞག་པས་དམིགས་པ་མེད་པ་སྟེ། རྟག་ཏུ་སྡུག་བསྔལ་གྱི་རྒྱུ་འབྲས་ལས་འདས་པས་བདེ་བར་གཤེགས་པ་ཉིད་དུ་གསུངས་ལ། དེ་ལྟ་བུའི་སྐྱེ་བ་མེད་པའི་ཆོས་ལ་དངོས་པོ་དང་མཚན་མའི་སྒྲིབ་པ་ཡེ་ནས་མི་མངའ་བས་ཡོངས་སུ་དག་པ་དང་། དེའི་ཡོན་ཏན་ནམ་ཡང་སྟོང་པ་ཕྱང་ཆད་དུ་མ་སོང་བས་གཞི་སྣང་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་སྐུ་དང་ཞིང་ཁམས་དག་པ་གཉིས་ལྡན་གྱི་ཆོས་སུ་འཆར་བས་ཡོངས་སུ་དག་པ། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་རོལ་པའི་རྩལ་འཁོར་འདས་ཀྱི་ཆོས་རྣམ་པ་ཐམས་ཅད་པར་འཆར་ཡང་གཟུང་འཛིན་གྱི་སེམས་མེད་པས་ཡོངས་སུ་དག་པ་སྟེ་འཁོར་གསུམ་ཡོངས་སུ་དག་པའི་ལྟ་བས་བྱང་བ་དང་། སྔགས་ལྟར་ན། རགས་པ་ལུས་ཀྱི་སྣང་བ་བསྐྱེད་པར་བྱེད་པའི་རྒྱུའམ་ས་བོན་ཕྲ་བ་ཡིད་ཀྱི་རང་བཞིན་ཅན་གྱི་ལུས་དཀར་ཆའི་བག་ཆགས་སྐུ་རྡོ་རྗེའི་ལུས་སུ་བྱང་བ་དང་། ཕྲ་བ་ངག་གི་སྣང་བ་བསྐྱེད་པར་བྱེད་བའི་རྒྱུའམ་ས་བོན་དམར་ཆའི་བག་ཆགས་གསུང་རྡོ་རྗེའི་སྒྲ་

རུ་བྱང་བ་དང་། ཤིན་ཏུ་ཕྲ་བ་ཡིད་ཀྱི་སྣང་བ་བསྐྱེད་པར་བྱེད་པའི་རྒྱུའམ་ས་བོན་དཀར་དམར་ལྷན་གཅིག་ཚོགས་པའི་ནག་ལམ་མམ་རླུང་གི་རྒྱུ་བ་ཐུགས་རྡོ་རྗེའི་རང་བཞིན་དུ་བྱང་བ་སྟེ། དེ་ལྟར་སྒྲིབ་པ་གཉིས་དང་སྣང་གསུམ་འཕོ་བའི་བག་ཆགས་དང་བཅས་པ་བྱང་བར་བྱིན་གྱིས་རློབས་ཤིག །དེ་ཡང་ལམ་བསྒོམ་པ་ཉམས་སུ་ལེན་པའི་དུས་སུ་སྔོན་བསགས་ལས་ཉོན་བག་ཆགས་ལྡང་སྟེ། སེམས་རང་བབས་སུ་ལྷན་ནེར་རྣལ་དུ་འབྱོར་བར་མི་སྟེར་བའི་ཚེ་ན་འཁུ་འཁྲིག་མི་གཞུག་པར་དྲན་པ་ཙམ་གྱིས་གདུང་བ་སེལ་ཞིང་གྲོལ་བ་མ་ཧཱ་སན་དྷིའི་ཆོས་ཉིད་ཀྱི་རང་སྒྲ་འདི་སྐད་དུ། ཉོན་མོངས་ལས་དང་བག་ཆགས་ཐམས་ཅད་ཀྱང་། །རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལ་ལ། །གཉེན་པོ་བཟང་བྱས་ཐར་པའི་ལམ་ཉིད་ཀྱང་། །རྩལ་ལས་རོལ་བར་ཤར་བའི་ཆོ་འཕྲུལ་ཏེ། །གཉིས་ཀ་རྩལ་ལས་རོལ་པར་ཡེ་ཤར་བས། །ངོ་ཤེས་ངང་དུ་མ་བཅོས་འཇོག་པ་གནད། །ཅེས་ཆོས་དབྱིངས་མཛོད་ལས་གསུངས་པས། ལས་ཉོན་འཁོར་བའི་བག་ཆགས་ཕྱི་ནང་གང་དུ་བཙལ་ཀྱང་རྡུལ་ཙམ་མི་རྙེད་པ་ཀ་དག་སྟོང་ཆེན་ཆོས་སྐུའི་རོལ་རྩལ་དུ་ངོ་ཤེས་པས་འཁོར་བར་སྐྱེ་བའི་ས་བོན་སྟོང་སྟེ་སླན་ཆད་འཁོར་བར་འཆིང་ཞེན་གྱི་

ལྕགས་སྒྲོག་ལས་གྲོལ་བ་དང་། དེ་ཙམ་དུ་མ་ཟད་ལས་ཉོན་གྱི་གཉེན་པོ་བླང་བྱ་དགེ་བའི་ཆོས་བཟང་པོར་བྱ་བ་རྣམས་ཀྱང་ཆོས་སྐུ་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་རྩལ་དང་རོལ་པའི་ཆོ་འཕྲུལ་འབའ་ཞིག་ཡིན་པ་ངོ་ཤེས་ཏེ་ཟག་པ་དང་བཅས་པའི་དགེ་བ་གསེར་སྒྲོག་ལྟ་བུས་ཀྱང་མི་འཆིང་བར་བྱེད་པ་སྟེ་ཀུན་མཁྱེན་ཆེན་པོས། ཐམས་ཅད་གཞི་ཀློང་བྱང་ཆུབ་སེམས་ཉིད་ལས། །རྩལ་དང་རོལ་པའི་འཆར་ཚུལ་མ་ངེས་པས། །མཉམ་པར་ཤར་ཡང་གདོད་མའི་ཀློང་ནས་ཤར། །མི་མཉམ་ཤར་ཡང་མཉམ་པའི་དབྱིངས་ནས་ཤར། །ཞེས་གསུངས་པས་རྟོག་ཚོགས་བཟང་ངན་གང་ཤར་ཐམས་ཅད་ལ་དབྱེ་བསལ་སྤང་བླང་གཉིས་ཀྱི་ཕྱོགས་དང་རིས་སུ་ཆད་པ་མ་ཡིན་པར་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ལ་དུས་རྒྱུན་དུ་ཆོས་ཉིད་ཀྱི་དྲན་པའི་རྒྱང་སོ་ཚུགས་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་སོ། །བསོད་ནམས་ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །དེ་ཡང་གདོད་མའི་མགོན་པོའི་ཐུགས་གཉིས་སུ་མེད་པ་ཆོས་སྐུའི་དགོངས་པ་ལས་མ་གཡོས་བཞིན་དུ་ཞིང་འདིར་ཐུན་མོང་གདུལ་བྱའི་སྣང་ངོར་མཆོག་གི་སྤྲུལ་སྐུའི་རྣམ་པར་བྱོན་ཏེ་རིགས་ཅན་གསུམ་གྱི་གདུལ་བྱའི་

མོས་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས། ཐེག་པ་ཆེན་པོའི་ཆོས་གསུངས་པ་ན། བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང་། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་ཐམས་ཅད་བསྐལ་མང་གོང་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་། བསོ༵ད་ན༵མས་དང་ཡེ་ཤེས་ཏེ་ཚོ༵གས་གཉི༵ས་རྒྱ་མཚོ་ལྟ་བུ་བསགས་པའི་འབྲས་བུ་མངོན་དུ་གྱུར་པ་གང་གསུངས་པ་ཐམས་ཅད་དྲང་སྲོང་ཆེན་པོ་རྣམ་པ་ཀུན་ཏུ་བདེན་པར་སྨྲ་བའི་གསུང་ཡིན་པས་རྟག་ཏུ་སྤྱི་བོས་མཆོད་པར་བྱ་བ་སྨོས་ཅི་མི་དགོས་མོད། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་པས་སྐྱེས་མཆོག་དགའ་རབ་རྡོ་རྗེ་ལ་སོགས་རང་སྣང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་རིག་པ་འཛིན་པའི་ཚོགས་ལ་ཆོས་རྫོགས་པ་ཆེན་པོ་གསུངས་པ་ན། སྒྲིབ་བྲལ་ཆོས་སྐུའི་ངོ་བོ་ཀ་དག་སྟོང་པ་ཆེན་པོ་འཁོར་འདས་ཡེ་དག་གི་ཡོན་ཏན་མ་འགགས་པ་ཞི་ཆགས་འབར་བའི་རྣམ་པ་ཅི་ལྟར་ཤར་ཡང་རྩོལ་བ་མེད་པའི་ཡེ་ཤེས་ཀྱི་རོལ་རྩལ་འབའ་ཞིག་ཏུ་འཆར་བས། ཚོགས་ཆེན་ཡེ་རྫོགས་སུ་གསུངས་པ་ནི་ཆོས་དབྱིངས་མཛོད་ལས། ཇི་ལྟར་སྣང་གྲགས་དབྱིངས་ཀྱི་ངང་ཆེན་འདིར། །ལྷུན་མཉམ་མི་

༄༅། །གཡོ་ཆོས་སྐུ་བྱང་ཆུབ་སེམས། །ཡེ་བབས་རང་སྟོང་འཕོ་དང་འགྱུར་མེད་པས། །ཅིར་སྣང་ཆོས་ཉིད་རང་བྱུང་ཡེ་ཤེས་ངང་། །བྱ་དང་རྩོལ་མེད་བདེ་ཀློང་ གཅིག་དུ་འཁྱིལ། །རང་གསལ་མི་གཡོ་ལོངས་སྤྱོད་རྫོགས་པ་ནི། །གང་སྣང་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ། །བཅོས་ཤིང་བསྒྱུར་མེད་ལྷུན་མཉམ་གདལ་བའོ། །སྣ་ཚོགས་མ་འདྲེས་ རོལ་པའི་འཆར་ཚུལ་ལས། །སྤྲུལ་པ་རང་བྱུང་ཡ་མཚན་འཕྲུལ་གྱི་དོན། །བྱ་བྲལ་ཀུན་ཏུ་བཟང་ལས་གཡོས་པ་མེད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལས། །རྩོལ་བ་མེད་པའི་ སྐུ་གསུམ་ལྷུན་རྫོགས་ཀྱང་། །དབྱིངས་ལས་མ་གཡོས་ལྷུན་གྲུབ་འདུས་མ་བྱས། །སྐུ་དང་ཡེ་ཤེས་ཕྲིན་ལས་ལྷུན་རྫོགས་ཀྱང་། །ཚོགས་ཆེན་ཡེ་རྫོགས་ཡེ་ཤར་ཆེན་པོའི་ཀློང་། །ཡེ་ནས་ ལྷུན་གྲུབ་འཕོ་འགྱུར་མེད་པའི་ཞིང་། །ཆོས་དབྱིངས་ངང་ལས་ཆོས་ཉིད་གཟིགས་པ་ཡང་། །མཁྱེན་པ་མ་འགགས་དབྱིངས་ཀྱི་རྒྱན་དུ་ཤར། །བྱས་ཤིང་སྒྲུབ་མེད་ཡེ་ནས་གནས་པ་ཉིད། ། ཉི་མཁའ་བཞིན་ཏེ་ངོ་མཚར་རྨད་ཀྱི་ཆོས། །ཞེས་གསུངས་པས་འོ་ན་དེའི་དགོངས་པ་ཡོངས་སུ་རྫོགས་པ་རྟོགས་པར་གསོལ་བ་འདེབས་པས་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབས་

ཤིག །དབང་བྱིན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །དེ་ཡང་། གསང་སྔགས་དབང་ལ་མ་བརྟེན་འགྲུབ་མི་འགྱུར། །དཔེར་ན་གཉན་པ་ལག་སྐྱ་མེད་པ་བཞིན། །ཅེས་གསུངས་པས་རང་ལ་ཡེ་ནས་གནས་པའི་དོན་དམ་ལྷན་ཅིག་སྐྱེས་པའི་ཆོས་ཉིད་ཀྱི་ལྷ་གང་ཞིག་བག་ལ་ཞ་བའི་ཚུལ་དུ་བཞུགས་པ་མངོན་དུ་བྱ་བའི་ཕྱིར་སྨིན་བྱེད་ཀྱི་དབང་ངེས་པར་ཐོབ་དགོས་པ་ནི་དཔེར་ན་སྔོན་གྱི་ལོ་རྒྱུས་སུ་རྒྱལ་བུ་རྒྱལ་སྲིད་འཛིན་པར་དབང་བ་ལ་ཐོག་མར་ཁྲི་ལ་མངའ་གསོལ་དགོས་ཤིང་། ནམ་ཁྲི་ལ་མངའ་གསོལ་ཟིན་པ་ནས་བཟུང་རྒྱལ་བུ་རྒྱལ་པོའི་ཁྲི་ལ་དབང་ཞིང་། རྒྱལ་ཁབ་སྐྱོང་བ་ལ་དབང་བ་བཞིན་དུ་དབང་ཐོབ་པ་ནས་བཟུང་སྔགས་ཀྱི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ཏེ། མཆོག་ཐུན་དངོས་གྲུབ་བསྒྲུབ་པ་ལ་དབང་འབྱོར་བར་གསུངས་པས། དེའི་ཕྱིར་ན་ཀྲི་ཡ་ཨུ་པ་ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ། མ་ཧཱ་ཨ་ནུ་ཨ་ཏི་སྟེ་ནང་རྒྱུད་སྡེ་གསུམ་དང་བཅས་པའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་དང་བཅས་པ་ཡོངས་སུ་རྫོགས་པའམ། སྤྲོས་པས་མ་ལྕོགས་ན་དཀོན་མཆོག་ཀུན་འདུས་རང་གི་རྩ་བའི་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་ཡིན་པ་ལ་ཡིན་པར་ཤེས་པའི་མོས་གུས་དཀར་པོ་ཆིག་

༄༅། །ཐུབ་ཀྱི་སྒོ་ནས་བྱིན་རླབས་ཡོངས་རྫོགས་གཏོར་དབང་ལ་བརྟེན་པ་ཡིན་ཀྱང་རུང་སྟེ། གང་ལྟར་ཡང་གཞི་ཡི་དབང་རིག་པའི་རྩལ་དབང་དང་བཅས་པ་བླ་མ་ དངོས་ལས་ཞུ་བ། ལམ་གྱི་དབང་བདག་འཇུག་གི་ཚུལ་དུ་ལེན་པ། འབྲས་བུའི་དབང་བསྐུར་ཐོབ་ལས་འདས་པའི་དགོངས་པ་མངོན་དུ་བྱས་པ་ན་ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་ སྟེ་ཕྲིན་ལས་རྣམ་པ་བཞི་དང་། ཁྱད་པར་དབང་བཅུའི་དངོས་གྲུབ་ཐོབ་པར་གསུངས་ཏེ། ཇི་ལྟར་ན་སེམས་ཅན་གྱི་གནས་སྐབས་ན་རང་དབང་མེད་པའི་གནོད་པ་བཅུ་དང་ལྡན་པ་སྟེ། དེ་ཡང་ཚེ་ཟད་པའམ་ཚེ་ལ་བར་ཆད་འབྱུང་བས་ཚེ་ལ་དབང་མ་ཐོབ་པ་ལ། འཕགས་པའི་ས་ལ་དབང་ཐོབ་པ་ན་ཚེ་ཇི་ཙམ་འདོད་པ་དེ་ཙམ་བརྟན་པར་ནུས་པས་ཚེ་ལ་དབང་བ། སེམས་ཅན་ གྱི་གནས་སྐབས་ན་སེམས་ལ་རང་དབང་མ་ཐོབ་པས་གང་ཞིག་མི་འདོད་བཞིན་དུ་བསམ་དགོས་པའམ་བྱ་དགོས་པ་ཤར་བས་སེམས་ལ་རང་དབང་མ་ཐོ་བ་ལ། འཕགས་པའི་ས་ལ་འཁྲུལ་ སྣང་བག་ཆགས་ཀྱི་དབང་དུ་མི་འགྲོ་བས་སེམས་ལ་དབང་བ། སེམས་ཅན་གྱི་གནས་སྐབས་དང་རང་ཉིད་གང་འདོད་པའི་རྫས་དང་ཡོ་བྱད་འདོད་པ་བཞིན་དུ་མི་འབྱོར་བས་ཡོ་བྱད་ལ་མི་དབང་

བ་ལ། འཕགས་པའི་ས་ལ་དབང་ཐོབ་པ་ན་རང་དང་གཞན་ལ་ཕན་པ་འགྲུབ་པའི་རྫས་དང་ཡོ་བྱད་ལ་དབང་བ། སེམས་ཅན་གྱི་གནས་སྐབས་ན་ཚེ་སྔོན་ལས་ངན་བསགས་པའི་རྣམ་པར་སྨིན་པས་ཚེ་འདིར་ལོག་པའི་ལས་དང་ལམ་ལ་རང་དབང་མེད་པར་འཇུག་པས་རང་ཉིད་གང་འདོད་པའི་ལས་ལ་མི་དབང་བ་ལ། འཕགས་པའི་ས་ལ་བདང་ཐོབ་པ་ན་རང་གཞན་གྱི་དོན་དུ་ལས་དང་བྱ་བ་གང་ཞིག་བརྩམས་པར་འདོད་པ་དེ་བཞིན་དུ་འགྲུབ་པས་ལས་ལ་དབང་བ། སེམས་ཅན་ཀྱི་གནས་སྐབས་ན་ཚེ་སྔོན་ལ་ངན་བསགས་པའི་བག་ཆགས་ཤུགས་ཆེ་བས་ཆོས་དང་དགེ་བའི་བཤེས་གཉེན་ལ་དད་པ་ལྡན་པའི་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་གྱི་རིགས་སུ་གང་འདོད་བཞིན་སྐྱེ་བ་ལ་དབང་མ་ཐོབ་པ་ལ། འཕགས་པའི་ས་ལ་དདབང་ཐོབ་པ་ན་རང་གཞན་ཀྱི་དོན་དུ་གནས་རིས་གང་དང་གང་དུ་སྐྱེ་བར་འདོད་པ་དེ་བཞིན་དུ་སྐྱེ་བས་སྐྱེ་བ་ལ་དབང་བ། སེམས་ཅན་གནས་སྐབས་ན་རང་གི་སེམས་ལ་མོས་པ་གང་ཡོད་དེ་བཞིན་བསྒྲུབ་པའི་ནུས་མཐུ་མེད་པས་མོས་པ་ལ་མི་དབང་བ་ལ། འཕག་པའི་ས་ལ་དབང་ཐོབ་པ་ན་རང་གཞནགྱི་དོན་གང་ཞིག་བསྒྲུབ་པར་མོས་པ་དེ་བཞིན་དུ་འགྲུབ་པ་མོས་པ་ལ་དབང་བ། སེམས་ཅན

གྱི་གནས་སྐབས་ན་ཏིང་ངེ་འཛིན་གྱི་ནུས་མཐུ་མེད་པས་ཡུལ་གང་ལ་དམིགས་པ་དོན་དེ་བཞིན་དུ་མི་འགྲུབ་པས་སྨོན་ལམ་ལ་མི་དབང་བ་ལ། འཕགས་པའི་ས་ན་སྨོན་ལམ་གྱི་ནུས་མཐུ་གྲུབ་པས་གང་ཞིག་སྨོན་པ་དེ་བཞིན་དུ་འགྲུབ་པས་སྨོན་ལམ་ལ་དབང་བ། སེམས་ཅན་གྱི་གནས་སྐབས་ན་ཟག་པ་དང་བཅས་པའི་ལས་ཉོན་བཙན་པོའི་རྣམ་སྨིན་ལུས་ཀྱི་རྒྱ་ཡིས་བཅིངས་པས་ལུས་གང་འདོད་དུ་སྤྲུལ་བསྒྱུར་མི་ནུས་པས་རྫུ་འཕྲུལ་ལ་དབང་མ་ཐོབ་པ་ལ། འཕགས་པའི་ས་ན་ལས་རླུང་གི་སྒྲིབ་པ་དག་པས་རང་ལུས་གང་འདོད་དུ་སྤྲུལ་སྒྱུར་ནུས་པས་རྫུ་འཕྲུལ་ལ་དདབང་བ། སེམས་ཅན་གྱི་གསན་སྐབས་ན་ཉོན་ཤེས་ཀྱི་སྒྲིབ་པའི་སྦུབས་སུ་ཆུད་པས་ཆོས་ལ་མི་དབང་བ་ལ། འཕག་པའི་ས་ན་ཉོན་ཤེས་ཀྱི་སྒྲིབ་པ་དག་པས་ཆོས་ལ་དབང་བ། སེམས་ཅན་གནས་སྐབས་ན་གཉིས་སྣང་གི་འཛིན་པས་བཅིངས་པས་ཡེ་ཤེས་ལ་མི་དབང་བ་ལ། འཕངས་པའི་ས་ན་གཉིས་ནང་གི་འཛིན་པ་དག་པས་ཡེ་ཤེས་ལ་དབང་བ་སྟེ་དབང་བཅུ་མངའ་ཞིང་། ཁྱད་པར་སངས་རྒྱས་ཀྱི་ས་ན་དབང་བཅུ་ཤིན་ཏུ་རྣམ་པར་དག་པ་ལ་མངའ་དབང་འབྱོར་བར་གསུངས་ཏེ། མདོར་ན་ཁ་སྦྱོར་ཡན་ལག་བདུན་ལྡན་མཆོག་གི་

དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་བླ་ན་མེད་པ་ལ་མྱུར་བ་ཉིད་དུ་འཁོད་པར་གསུངས་པས་དེ་བཞིན་དུ་འགྲུབ་པར་གསོལ་བ་འདེབས་པ་ཡིན་པས་དེ་ལྟར་དབ༵ང་བྱི༵ན་དངོ༵ས་གྲུ༵བ་མ་ལུས་པ་ཐོ༵བ་པ༵ར་བྱི༵ན་གྱི༵ས་རློ༵བས་ཤིག དམ་ཚིག་སྲུང་སྡོམ་ནུས་པར་བྱིན་གྱིས་རློབས། །སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་བྱ། རིག་འཛིན་སྔགས་ཀྱི་དམ་ཚིག་སྟེ་གདུལ་བྱའི་ཁམས་དབང་བསམ་པའི་རྗེས་སུ་འགྲོ་བའི་དམ་ཚིག་དང་སྡོམ་པའི་རྣམ་གཞག་སོ་སོར་དབྱེ་བ་ཐམས་ཅད་ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། གནས་ཀྱིས་མི་འགལ་བ་སྟེ་སྔ་འགྱུར་བའི་མཁས་གྲུབ་གོང་མ་རྣམས་ཀྱིས་ཇི་ལྟར་བཞེས་པའི་རྗེས་སུ་འབྲང་བ་ཤིན་ཏུ་ནས་ཀྱང་གལ་ཆེ་བར་མཐོང་སྟེ། ཅིའི་ཕྱིར་ན་དཔལ་ལྡན་ཨ་ཏི་ཤས། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླངས་མི་བྱ། །ཞེས་དང་། གྲུབ་ཆེན་ས་ར་ཧས། མདའ་མཁན་གྱི་བུ་མོ་ཕྱག་རྒྱ་མར་བཞེས་པའི་རྗེས་སུ། ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་ཏེ་ཀླུ་སྒྲུབ་རབ་ཏུ་བྱུང་བ་སོགས་ས་སྟེང་ན་གྲགས་པའི་སྔོན་བྱོན་མཁས་གྲུབ་

གོང་མ་རྣམས་ཀྱི་དགོངས་པ་འདི་དག་འགལ་མེད་དུ་བསྒྲུབས་ཏེ་ཉམས་སུ་ལེན་པར་བྱེད་པ་ལ་མཆོག་ཏུ་ཕན་ཅིང་། ཁྱད་པར་དུ་མེད་པ་དང་། གཅིག་པུ་དང་། ཕྱལ་བ་དང་། ལྷུན་གྲུབ་སྟེ་རྫོགས་པ་ཆེན་པོའི་དམ༵་ཚི༵ག་གི་ཆིངས་ཆེན་པོ་རྣམ་པ་བཞི་རྟག་ཏུ་སྲུང་བ་ལས་མི་འདའ་བ་ནས། གཉིས་སྣང་གི་སྣང་བ་ཐམས་ཅད་གཉིས་མེད་མཐའ་བྲལ་གྱི་རིག་པ་ནམ་མཁའི་རང་བཞིན་གྱི་ཀློང་དུ་བཟླུམ་ཞིང་། སྲུང༵་མཚམས་ཀྱི་ར་བ་ལས་ཡོངས་སུ་འདས་ཏེ་སྡོམ༵་པ་དང་སྡོམ་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཐམས་ཅད་སྒྲིབ་བྲལ་ཆོས་སྐུ་ཐིག་ལེ་ཆེན་པོ་ཉག་གཅིག་གི་དབྱིངས་སུ་དག་ནུས༵་པ༵ར་བྱིན༵་གྱི༵ས་རློ༵བས་ཤིག །ཟོལ་མེད་ཆོས་ཚུགས་ཟིན་པར་བྱིན་གྱིས་རློབས། །ཚེ་རབས་སྔོན་ནས་བསགས་པའི་བག་ཆགས་བཙན་པོས་ཚེ་འདིར་ཆོས་བསྒྲུབ་ཁོམ་མེད་པར་རྟག་ཏུ་བྲེལ་བའི་ངང་ལ་ལས་ཉོན་གྱི་མེ་ཚོགས་མི་ཟད་པ་འབར་བའི་སྟེང་དུ་ད་དུང་འདིར་སྣང་ལ་ཞེན་པའི་ཆགས་སྡང་གི་བུད་ཤིང་སྣོན་མ་བསྣན་ཏེ། རང་དང་རང་ཕྱོགས་ལ་རྙེད་པ་ཐོབ་ན་དགའ་བ། མ་ཐོབ་ན་མི་དགའ་བ། རང་དང་རང་ཕྱོགས་བདེ་ན་དགའ་བ། མ་བདེ་ན་མི་དགའ་བ། རང་དག་རང་ཕྱོགས་ལ་སྙན་པ་ཐོས་ན་དགའ་བ།

མི་སྙན་པ་ཐོས་ན་མི་དགའ་བ། རང་དང་རང་ཕྱོགས་ལ་བསྟོད་པ་བྱུང་ན་དགའ་བ། སྨད་པ་བྱུང་ན་མི་དགའ་བ་སྟེ་འཇིག་རྟེན་ཆོས་བརྒྱད་ལ་རྟག་ཏུ་ཞེན་ཅིང་། དེ་ལས་དཔལ་སྤྲུལ་རིན་པོ་ཆེས། ཕྱི་ཚུལ་སོ་ཐར་ཆོས་གོས་སེར་སང་སང་། །ནང་དུ་བྱང་སེམས་གཏོང་སྡུད་འཚུབ་ཉིལ་ཉིལ། །གསང་བ་སྔགས་སྤྱོད་བརླ་ཁུག་རློན་ཙ་རེ། །དེ་འདྲའི་སྡོམ་པ་གསུམ་ལྡན་མཛད་པར་ཞུ། །ཞེས་ཐུགས་བརྩེ་བའི་བསྟིང་ཚིག་གིས་སྤྱོ་བ་ལ་བག་ཚ་བར་བྱ་བ་ནས་ཇི་སྐད་དུ། སྔགས་པ་རབ་ལ་ཤར་བ་རྣམ་པ་ལྔ། །སེམས་ཅན་ཐམས་ཅད་སངས་རྒྱས་ཤར་བ་ཡིས། །ལམ་གྱི་ཡེ་ཤེས་བགྲོད་དུ་མེད་པར་ཤེས། །སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་ལྷར་ཤར་བས། །འབྲས་བུ་ཡེ་ཤེས་ལྷུན་གྲུབ་རྫོགས་པར་ཤེས། །སྡུག་བསྔལ་ཐམས་ཅད་བདེ་བར་ཤར་བ་ཡིས། །སྣང་བ་སྣ་ཚོགས་ལམ་དུ་འཁྱེར་བར་ཤེས། །ཉོན་མོངས་ཐམས་ཅད་ཡེ་ཤེས་ཤར་བ་ཡིས། །རང་བྱུང་ཡེ་ཤེས་རང་ལ་གནས་པ་ཤེས། །རྣམ་པར་རྟོག་པ་ཡེ་ཤེས་ཤར་བ་ཡིས། །འབྲས་བུ་སངས་རྒྱས་རང་ལས་རྙེད་པ་ཤེས། །སྔགས་པ་འབྲིང་ལ་གསལ་བ་རྣམ་པ་ལྔ། །སྟོང་གསུམ་ལྷ་ཡི་གཞལ་ཡས་ཁང་དུ་གསལ། །གཞལ་ཡས་ཁང་ལ་ཡངས་དོག་མེད་པའི་

༄༅། །གནད། །རང་ལུས་ཕུང་ཁམས་ལྷ་རུ་གསལ་བ་ཡིས། །བར་ཆད་གདོན་བགེགས་ཀུན་གྱིས་མི་ཚུགས་གནད། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་གསལ་བ་ ཡིས། །གཏོར་མའི་སྣོད་ལ་བཟང་ངན་མེད་པའི་གནད། །སྣང་སྲིད་སྣོད་བཅུད་དམ་རྫས་གསལ་བ་ཡིས། །དམ་ཅན་རྣམས་ཀྱིས་འཁུ་ལྡོག་མི་ཡོང་གནད། །གནས་ལུགས་སྟོང་པ་ཉིད་དུ་ གསལ་བ་ཡིས། །སངས་རྒྱས་གཞན་ནས་མི་འཚོལ་བ་ཡི་གནད། །ཅེས་སྔགས་པ་རབ་ཀྱི་ཤར་བ་རྣམ་པ་ལྔ་ཡི་ལྟ་དགོངས་ཀྱི་དོན་ལ་གདིང་ཐོབ་པར་བྱེད་པའམ་མིན་ཡང་སྔགས་པ་འབྲིང་ གི་གསལ་བ་རྣམ་པ་ལྔ་ཡི་དོན་ལ་རྟོན་པར་བྱ་བ་ལ་བརྩོན་པར་བྱ་ཞིང་། ལྷ་ལ་རྟག་བརྟན་ཐེར་ཟུག་བཟུང་། །ཕྲིན་ལས་གྱེར་ལ་སྒོམ་མེད་བཟུང་། །སྔགས་དང་སྙིང་པོ་རང་རྒྱུད་བཟུང་། ། རྫས་དང་གཏོར་ཆུང་བཤོས་བུར་བཟུང་། །འབྲས་བུ་འཇིག་རྟེན་རུ་དྲར་བཟུང་། །ཞེས་བཤད་པའི་སྔགས་པ་ཐ་མའི་ཀུན་ཏུ་སྤྱོད་པ་ལ་གཙིགས་སུ་བྱས་ཏེ་རང་ཉིད་གཞན་ལས་ལྷག་པའི་ སྔགས་པ་བཟང་པོ་ཞིག་ཡིན་ནོ་སྙམ་པ་ལ་སོགས་ང་རྒྱལ་དང་རང་མཐོང་གི་དབང་དུ་མི་ཤོར་བ་དང་། ཨོ་རྒྱན་ཆེན་པོས། ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་

བས་ཀྱང་ཞིབ། །ཅེས་གསུངས་པ་ལ་དད་པ་བསྐྱེད་དེ། སྒོ་གསུམ་གྱི་བྱ་བ་ཅི་བགྱིས་ཐམས་ཅད་དངོས་དང་བརྒྱུད་ནས་བསྟན་པའི་ཞབས་ཏོག་ཏུ་འགྱུར་བ། དེ་ཡང་ཚེ་འདི་གཅིག་པུའི་གཏམ་དང་གྲགས་འདོད་ལ་རེ་བའི་གཡོ་སྒྱུ་ཟོ༵ལ་ཟོག་མེ༵ད་པར་བྱང་ཆུབ་བསྒྲུབ་པའི་ཉམས་ལེན་ཁོ་ན་ལ་ཕན་པའི་སྤྱོད་པ་མས་འཛེག་གི་ཆོ༵ས་ཚུག༵ས་རྣམ་པར་དག་པ་ཞིག་ཟི༵ན་པ༵ར་བྱི༵ན་གྱི༵ས་རློ༵བས་ཤིག རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །ཚེ་འདིར་ཆོས་སྒོར་ཞུགས་ཤིང་ཉམས་ལེན་ལ་བརྩོན་པའི་སྐབས་ན་ཚེ་སྔོན་ལས་ངན་བསགས་པའི་རྣམ་པར་སྨིན་པ་དུས་སུ་བབས་པས་རེ་ཞིག་བཅོས་སུ་མི་རུང་བ་ལྟ་བུའི་རྐྱེན་ངན་ཐོག་ཏུ་བབ་པའི་ཚེ་ན་དཀོན་མཆོག་དང་ལས་འབྲས་སོགས་ལ་བཤུང་སྟེ་ཡི་ཆད་མི་སྐྱེ་བར་ཚེ་སྔོན་རང་ནས་བྱས་པའི་ལས་ངན་རྣམ་སྨིན་གྱི་འབྲས་བུ་གཞན་གང་དུའང་ཕར་བཞག་ས་མ་རྙེད་པས་རང་ཐོག་ཏུ་ཚུར་འཁོར་བ་ངོ་ཤེས་པ་དང་དུས་མཉམ་དུ་ལས་རྒྱུ་འབྲས་ལ་ལྷག་པར་ཡིད་ཆེས་སྐྱེས་པ་དང་། འཁོར་བའི་ཆོས་ལ་སྙིང་ནས་སྐྱོ་བར་བྱེད་པ་སྟེ། རྒྱལ་སྲས་ཞི་བ་ལྷས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་ལ་ནི་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་

ལ་དགའ། །ཞེས་དང་། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པས་སེམས་ལ་བཟང་ངན་རེ་དོགས་ཞུགས་ཏེ་སྡུག་བསྔལ་གྱི་བག་ཆགས་སྣོན་མ་མི་གསོག་པ་དང་། སྐྱེ་བ་སྔོན་མའི་བག་ཆགས་ཀྱི་འཁྲུལ་སྣང་ལྡང་བ་ལས་དོན་ལ་དེ་དག་དང་པོ་བྱུང་བའི་ཁུངས། བར་དུ་གནས་པའི་ས། ཐ་མ་འགྲོ་བའི་ཡུལ་མ་རྙེད་པའི་མཚང་རིག་པར་བྱས་ཏེ་སྡུག་བསྔལ་གྱི་བག་ཆ་གས་རྒྱུན་མཐུད་མི་གསོག་ཅིང་། ཚེ་སྔོན་ལས་ངན་བསགས་པ་ལས་བྱུང་བའི་རྣམ་སྨིན་གྱི་བག་ཆགས་ཚེ་འདིའི་སྣང་བ་ལ་འཆར་ཞིང་། དེ་ཡང་སྙིང་ནས་དམ་པའི་ལྷ་ཆོས་ཡང་དག་ཅིག་བསྒྲུབ་པའི་སྐབས་སུ་ཇི་སྐད་དུ་སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་རྙེད་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡང་གྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་པ། །དེ་ལ་དགྲ་བྱེད་མང་སྟེ་ཆོས་ཉིད་ཡིན། །ཅེས་གསུངས་པ་བཞིན་ཕྱི་ལྷོངས་ས་ཆུ་མེ་རླུང་ལ་སོགས་འབྱུང་བ་འཁྲུགས་པ། ནང་ལྷོངས་ལུས་ཀྱི་འདུ་བ་མ་སྙོམས་པའི་ན་ཚ་བྱུང་བ། གསང་ལྷོངས་སེམས་ལ་བདེ་སྡུག་མཐོ་དམན་སྣ་ཚོགས་འཆར་ནས་ཆོས་

སྒྲུབ་པ་ལས་བཤོལ་སྙིང་འདོད་པ་ལ་སོགས་པའི་རྐྱེན་ངན་གང་ལྟར་འཆར་ཡང་། ཕྱི་ལྟར་གསོལ་འདེབས་ལ་རེམ་ནས་ཕྱི་ཡི་བར་ཆད་ཞི་བར་བྱེད་པ། ནང་ལྟར་རང་ལུས་ལྷ་སྐུར་གསལ་ནས་ནང་གི་བར་ཆད་ཞི་བར་བྱེད་པ་། གསང་བ་སེམས་ཉིད་སྐྱེ་བ་མེད་པ་སྟོང་པ་ཉིད་ཀྱི་ངང་ལས་མཉམ་པར་བཞག་སྟེ་ཞི་བར་བྱེད་པ་སོགས་བྱས་ནས། ཟླ་བའི་འོད་དཀར་ཀུ་མུད་བཞད་པའི་གྲོགས་སུ་གྱུར་པ། ཉི་མའི་འོད་ཟེར་པདྨོ་བཞད་པའི་གྲོགས་སུ་གྱུར་བ། ཆུ་འཛིན་གྱི་སྦྲང་ཆར་ཆུ་བོ་རྒྱས་པའི་གྲོགས་སུ་གྱུར་པ་བཞིན་རྐྱེན་བཟང་ངན་གང་ལྟར་འཆར་ཡང་ཐམས་ཅད་ནས་ཐམས་ཅད་དུ་ཉམས་ལེན་ལ་བོགས་ཐོན་པའི་གྲོ༷གས་སུ་འཆར་བར་བྱིན་གྱིས་རློབས་ཤིག །ཡེངས་མེད་བརྩོན་འགྲུས་བརྟན་པར་བྱིན་གྱིས་རློབས། །ཆོས་ཀྱི་ཕྱིར་དུ་སྐྱོ་ངལ་གང་ཡང་བཟོད་པ་གོ་ཆའི་བརྩོན་འགྲུས། ཅི་བྱས་ཐམས་ཅད་དགེ་བ་ལ་སྦྱོར་བ་སྦྱོར་བའི་བརྩོན་འགྲུས། ཆོས་ཀྱི་དོན་དུ་སེམས་དཔངས་མཐོ་བ་ཞུམ་པ་མེད་པའི་བརྩོན་འགྲུས། རྐྱེན་བཟང་ངན་གང་ལ་འཕྲད་ཀྱང་སེམས་ཆོས་ལས་ཕྱིར་མི་ཕྱོགས་པ་མི་ལྡོག་པའི་བརྩོན་འགྲུས། དགེ་བ་ཕྲན་ཚེགས་ཙམ་རེ་འགྲུབ་པ་ལ་འདོད་བློ་མ་ཁེངས་པར་དགེ་བ་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་

བྱས་ཏེ་ཟག་པ་མེད་པའི་དགེ་བ་ལ་སྦྱོར་བར་བྱ་བ་ཆོག་འཛིན་མེད་པའི་བརྩོན་འགྲུས་ཏེ། ཡོན་ཏན་མ་ལུས་པ་འབྱུང་བའི་གཞི་རྩ་བརྩོན་འགྲུས་རྣམ་པ་ལྔ་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཀྱི་བར་དུ་རྟག་ཏུ་ཆོས་ཉན་པ་ལ་སྤྲོ་བར་བྱེད་པ་དང་། ཆོས་ཀྱི་དོན་ཁོ་ན་སེམས་པར་བྱེད་པ་དང་། ཆོས་གང་ཉན་པ་དང་ཐོས་པ་ཐམས་ཅད་ང་རྒྱལ་སྟོང་གཏམ་འུད་གོག་སྒྲོགས་པའི་རྒྱུ་རུ་མ་སོང་བར་རྒྱུད་ཐོག་ཏུ་ཕན་པར་བྱ་བ་དང་། བསྒོམ་པ་ལ་སོགས་པའི་དགེ་བ་རྒྱུན་མི་གཅོད་པ་སྟེ། མདོར་ན་དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ་ལས་ཇི་སྐད་དུ་གསུངས་པ་བཞིན། ཡེངས་མཁན་ཆོས་ཅན་སེམས་ཀྱི་རྟོག་ཚོགས་ཐམས་ཅད་ཡེངས་ཡུལ་རིག་པ་ཆོས་ཉིད་ཀྱི་ངང་ལ་འབྱམས་ཀླས་པའི་བར་དུ་སྒོ་གསུམ་ལུང་མ་བསྟན་གང་དུའང་མ་སོང་བར་དམ་པའི་ལྷ་ཆོས་ཁོ་ན་ལས་གཞན་དུ་ཡེ༷ངས་པ་མེ༷ད་པའི་བརྩོན༷་འ༷གྲུས་བརྟན༷་པ༷ར་བྱིན༷་གྱི༷ས་རློ༷བས་ཤིག །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །རྒྱལ་སྲས་ཆེན་པོ་ཞི་བ་ལྷས། །བདག་དང་བདག་གིར་འཛིན་པ་ཡིས། །འཇིག་རྟེན་འདི་ཉིད་གང་བ་ཡིན། །ཅེས་གསུངས་པ་ལྟར་ཕུང་པོ་ལྔ་ལ་དམིགས་ནས་བདག་ངེས་པར་ཡོད་པ་

འཛིན་པ་དང་། གང་ཟག་གི་བདག་རང་རྐྱ་ཐུབ་པ་རྫས་ཡོད་དུ་འཛིན་པ་དང་། རང་དབང་ཅན་དུ་ཡོད་པར་འཛིན་པ། དུས་སྐད་ཅིག་མ་ཆ་བསགས་པའི་དུས་ཡུན་ཐུང་ངུ་ལ་དུས་ཡུན་རིང་བར་འཛིན་པ་ལ་སོགས་བདག་ཏུ་ལྟ་བ། དེ་ལ་བརྟེན་ནས་འཇིག་རྟེན་སྲིད་པའི་སྣང་བ་སྨིག་སྒྱུའི་ཆུ་རིས་ལྟ་བུ་ལ་བདག་གིར་འཛིན་པའི་སླད་དུ་དགྲ་འདུལ་བ། གཉེན་སྐྱོང་བ། སྲིད་དོན་གྱི་མངའ་ཐང་བསྐྱེད་པ། ཚོང་དང་སོ་ནམ་གྱིས་བྲེལ་བ། སྙན་གྲགས་བསྒྲུབ་པ་སོགས་ཀྱི་ཆེད་དུ་སྒོ་གསུམ་ཆོས་ལ་བཀོལ་བའི་དལ་ཁོམ་མེད་པར་མི་ཚེ་ཆུད་ཟོས་སུ་གྲོན་པར་བྱེད་པ། དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་ཀྱང་ལས་རྒྱུ་འབྲས་ཁས་མི་ལེན་པ། ཚེ་འདི་ཁོ་ན་མ་གཏོགས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་གཏན་ནས་ཁས་མི་ལེན་པ་སྟེ་ཆད་ལྟ་བའི་ལྟ་བའི་ཕྱོགས་གཉིས་པོ་གང་རུང་ལ་བློ་ཆགས་ཏེ་མི་ཚེ་ཡུད་ཙམ་པ་འདིའི་དོན་བསྒྲུབ་པ་ཁོ་ན་ལ་བདག་གིར་འཛིན་པ་སྟེ། མདོར་ན་ཆད་ལྟ་བ་ཕལ་ཆེ་བ་ནས། འབྱུང་བ་བཞི་ལས་ཕུང་པོ་འདི་གློ་བུར་དུ་སྐྱེ་ཞིང་ཤི་ནས་རྒྱུན་ཆད་པའི་ཕྱིར། སེམས་ཅན་འཁོར་བར་ཡང་ནས་ཡང་དུ་འཁོར་བ་ནི་ནམ་ཡང་མེད་པར་འདོད། དེ་ལྟ་བུའི་གྲུབ་མཐའ་ནི་འཁྲུལ་པ་ཅན་ཏེ་ཆོས་གང་ཡང་རྒྱུ་མེད་པར་འབྱུང་མི་སྲིད་པ་

༄༅། །དང་། གལ་ཏེ་འབྱུང་ན་དེ་ཉིད་རྟག་ཏུ་ཡོད་པའམ་མེད་པར་ཐལ་བ་དང་། རྟེན་ཅིང་འབྲེལ་འབྱུང་གི་ཆོས་ལ་རྒྱུ་ཚང་བཞིན་དུ་འབྲས་བུ་རྒྱུན་ཆད་པ་མི་སྲིད་པས། སེམས་ཅན་སྐྱེ་བའི་སེམས་ཀྱི་རྒྱུ་སྔ་མའི་སེམས་ཡིན་པ་དང་། འཆི་དུས་ཀྱི་སེམས་ལས་སྲིད་པ་ཕྱི་མའི་སེམས་འབྱུང་བ་ལ་རིག་པས་གནོད་པ་མེད་ཅིང་སྒྲུབ་བྱེད་ཡོད་པ་དང་། དེ་ལྟ་མིན་ ན་ད་ལྟ་སྣང་བའི་དངོས་པོ་འདི་ཀུན་ཀྱང་རྒྱུ་འབྲས་སུ་མི་རྟེན་པས་ཐམས་ཅད་ཡོད་པའམ་མེད་པར་ཐལ་པ་སོགས་ཆད་པར་ལྟ་བ་ལ་ཉེས་པ་ཚད་མེད་པ་ཡོད་པས་དེའི་ཕྱིར་ཆད་པར་ལྟ་བའི་གྲུབ་ མཐའ་ནི་དགེ་བའི་རྩ་བ་བསྐྱེད་པའི་རྒྱུ་མེད་པས་གྲུབ་མཐའ་དམན་པ་ཙམ་དུ་མ་ཟད། ཤིན་ཏུ་ཐ་ཆད་པའི་ལྟ་བ་ངན་པར་གསུངས་པས་དེའི་གྲུབ་མཐའི་རྗེས་སུ་ནམ་ཡང་མི་འཇུག་པར་ཤོག་ཅིག་ རྟག་པར་ལྟ་བའི་གྲུབ་མཐའ་འཛིན་པ་ཕལ་ཆེ་བ་ནི་ཇི་སྐད་དུ་དཔལ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཀུན་མཁྱེན་ཆེན་པོས། གདོད་ནས་ལྷུན་གྲུབ་ངོ་མཚར་རྨད་ཀྱི་ཆོས། །རང་བྱུང་ཡེ་ཤེས་འོད་

གསལ་བྱང་ཆུབ་སེམས། །སྣང་སྲིད་སྣོད་བཅུད་འཁོར་འདས་འབྱུང་བའི་མཛོད། །མི་གཡོ་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུངས་པའི་བདེན་པ་ལས་ལོག་པ། འཇིག་རྟེན་བྱེད་པ་པོ་ལྷ་ཡན་གར་བ་ནམ་མཁའ་བེམ་སྟོང་ལྟ་བུ་གཟུགས་སུ་མ་གྲུབ་པ་ཞིག་རྟག་ཏུ་ཡོད་པར་འདོད་ཅིང་། དེའི་མིང་ལ ༦༠༩ སྒཽ་ཌི་ཞེས་སྣོད་བཅུད་ཐམས་ཅད་བྱེད་པ་པོར་འདོད་པ་ནི་རྟག་པར་ལྟ་བའི་གྲུབ་མཐའ་འཛིན་པ་ཕལ་ཆེར་མཐུན་ལ། དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སློབ་ལམ་ས་བཅུའི་ཡོན་ཏན་མཐར་ཕྱིན་ཏེ། མི་སློབ་ལམ་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་སྒོ་གསུམ་གྱི་གནས་ངན་ལེན་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ཙམ་དུ་མ་ཟད་བག་ཆགས་ཀྱི་ལྷག་མ་ཙམ་ཡང་མ་ལུས་པ་ཡང་དག་པར་བཅོམ་པ་ཟག་པ་མེད་པའི་ཆོས་ཀྱི་སྐུའི་སྡེ་ཚན་ཉེར་གཅིག་ནང་གསུངས་པ་དང་། སྔགས་བླ་མེད་ལྟར་ན་ངོ་བོ་ཡེ་དག་དང་གློ་བུར་སྒྲིབ་དག་སྟེ་དག་པ་གཉིས་ལྡན་སྐུ་གསུམ་གྱི་ཡོན་ཏན་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་འབྱོར་བར་གསུངས་པ་བཞིན་མ་ཡིན་པར། རྟག་པར་ལྟ་བ་རྣམས་ནས་རྣམ་གཟུགས་མེད་པའི་འཇིག་རྟེན་བྱེད་པ་པོ་དེས་ཕྱི་ནང་སྣོད་བཅུད་ཐམས་ཅད་བྱཻད་པར་འདོད་

ཅིང་། དེ་བཞིན་དུ་བདག་གམ་ཚངས་པ་དབང་ཕྱུག་སོགས་ཀྱི་ངོ་བོ་རྟག་ཅིང་། ཐམས་ཅད་དེས་བྱེད་པར་འདོད་པ་སྟེ། དེ་ལྟ་བུའི་ལྟ་བ་ལ་འགལ་བ་འདུ་སྟེ། རྟག་པའི་སྐྱེས་བུ་འཇིག་རྟེན་ཐམས་ཅད་སྐྱེད་པའི་དོན་བྱེད་པས་སྟོང་པ་དང་། དོན་བྱེད་པ་ལ་མི་རྟག་པས་ཁྱབ་པ་དང་། གཞན་ཐམས་ཅད་མི་རྟག་ལ། དེ་གཅིག་པུ་རྟག་པའི་གྲུབ་བྱེད་མེད་དེ། དེ་དངོས་པོར་ཡོད་པ་ལ་རྒྱུ་ལས་མ་སྐྱེས་པའི་ཡེ་ཡོད་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་རྟག་པར་ལྟ་བ་རྣམས་ནས་འགྲོ་བ་མི་ཡི་རིགས་སུ་གཏོགས་པ་རྣམས་ཀྱིས་ནང་པ་སངས་རྒྱས་པའི་ལུང་ལས་བྱུང་བ་བཞིན་དགེ་སྡིག་བླང་དོར་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་གི་ཆོས་དང་དེ་དག་སྟོན་པའི་སྟོན་པ་སངས་རྒྱས་ལ་ཡིད་ཆེས་དང་དད་པ་མ་དགོས་པར། འཇིག་རྟེན་བྱེད་པ་པོ་ལྷ་དེར་དད་པར་བྱས་ན་ཚེ་འདིའི་དོན་གྲུབ་པ་དང་། ཚེ་ཕྱི་མ་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་གཞུང་ལས་རྒྱུ་བདེ་བར་གཤེགས་པའི་སྙིང་པོའམ། གསང་སྔགས་རྡོ་རྗེ་ཐེག་པའི་ལུང་ལས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལྷ་ཞེས་གང་གསུངས་པ་དེ། བདག་རྐྱེན་བླ་མ་དགེ་བའི་བཤེས་གཉེན་བཟང་པོ་ཞིག་ལ་བརྟེན་ནས་ལྟ་བ་ལུང་རིགས་དང་འབྲེལ་བ་གཏན་ལ་

ཕབས་ཤིང་། བསྒོམ་པ་ཉམས་མྱོང་དང་འབྲེལ་བས་པོགས་དབྱུང་སྟེ། སྤྱོད་པ་དུས་ཚོད་དང་འབྲེལ་བའི་ཐབས་ཤེས་ཁྱད་པར་ཅན་གྱིས་རྩིས་ཟིན་པས་གཞི་བཟུང་སྟེ། ཡུལ་སྒྲིབ་བྲལ་ཆོས་ཀྱི་དབྱིངས་དང་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པའི་གསེང་ལམ་ལ་བརྟེན་ནས། མཐར་གཞི་འབྲས་དབྱེར་མེད་རང་སྣང་ཤིན་ཏུ་རྣམ་པར་དག་པའི་སྐུ་དང་ཞིང་ཁམས་སུ་བགྲོད་དུ་ཡོད་པའི་བཀའ་ཡི་ལུང་དང་གཏན་ཚིགས་ཚད་མ་གསུམ་གྱིས་ཡང་དག་པར་བསྒྲུབས་པའི་མཆོག་ཏུ་ངོ་མཚར་ཆེ་བའི་གྲུབ་མཐའ་ལ་མི་དད་པར། ཤི་ནས་རྣམ་ཤེས་ཚེ་སྔོན་ནས་བསགས་པའི་བག་ཆགས་འཁྲུལ་སྣང་གི་ལས་རླུང་དྲག་པོས་དེད་ནས་རིག་འཚོ་ཟིན་ཐུབ་པའི་རང་དབང་སྐད་ཅིག་ཙམ་ཡང་མེད་བཞིན་དུ་འཇིག་རྟེན་བྱེད་པ་པོ་གཅིག་པུ་དེའི་ཞིང་ཁམས་སུ་བདེ་བླག་ཉིད་དུ་སྐྱེ་བར་འདོད་པའི་ལུང་མ་བསྟན་གྱི་ལྟ་བ་ལ་བདག་གིར་འཛིན་པ། དེ་དག་གང་ལས་བྱུང་བའི་ཁུངས་ནི་བདག་མེད་གནས་ལུགས་ཀྱི་བདེན་པ་མ་མཐོང་བས་ནོངས་པ་སྟེ། དེའི་ཕྱིར་ཉན་རང་གི་གྲུབ་མཐའ་ལས་ཕྱི་རོལ་རྟག་པར་ལྟ་བའི་གྲུབ་མཐའི་གཞུང་ལས་གང་བཤད་པ་རྣམས་ནི་བདག་ཏུ་ལྟ་བ་དང་། དེ་ལ་བརྟེན་པའི་ཆོས་ཕྱིན་ཅི་ལོག་གི་མིང་རྣམ་པ་


སྣ་ཚོགས་རྟོག་པས་སྒྲོ་བཏགས་ཏེ་བདག་གིར་འཛིན་པ་རྣམས་ནམ་མཁའི་པདྨོ་བཞིན་མེད་པ་ལ་ཡོད་པར་སྒྲོ་བཏགས་པ་ཀུན་བརྟགས་ཁོ་ན་སྟེ། དེ་དག་ལ་བློ་ཆགས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་སླར་ནས་སླར་འཕེལ་བར་བྱེད་པ་ལས་གཏན་དུ་འགོག་པར་མི་བྱེད་པས། དེའི་ཕྱིར་གང་ཟག་གི་བདག་རང་བཞིན་མེད་པར་རྟོགས་དགོས་པར་གསུངས་པ་ནི་ཕྱག་བྱ་བའི་འོས་སུ་གྱུར་པས་དེའི་ཕྱིར་ན་རྟག་པར་ལྟ་བའི་གྲུབ་མཐའ་ལ་སྨོན་པའི་བད༷ག་འཛི༷ན་བློ༷་ཡི༷ས་ཐོ༷ང་བ༷ར་བྱིན་གྱི༷ས་རློབ༷ས་ཤིག །སེམས་ཙམ་པ་ནས། ཉན་ཐོས་རྣམས་ཀྱིས་ཕྱིའི་ཡུལ་དོན་གྱི་ངོ་བོ་རྫས་སུ་འདོད་པ་དང་། དེ་དག་ལ་འཛིན་པར་བྱེད་པའི་ཤེས་པ་རྫས་སུ་ཡོད་པར་འདོད་པ་ནི་གཏན་ནས་མེད་དེ་ཀུན་བརྟགས་ཡིན། སེམས་ཙམ་རྣམ་བདེན་པ་རང་གི་གྲུབ་མཐའ་རྒྱུ་དང་རྐྱེན་ལས་སྐྱེ་བ་འདི་མངོན་སུམ་དང་། མི་དམིགས་པ་སྤྱི་དང་མི་འགལ་ཞིང་། སེམས་སེམས་བྱུང་ཉིད་རང་རིག་པའི་མངོན་སུམ་ཡིན། མངོན་སུམ་ཉིད་ཡང་དག་པའི་ཤེས་པ་ཡིན། དོན་དམ་པར་རྫས་སུ་ཡོད་པ་དང་ཡིན་པར་གྲུབ། ཇི་ལྟར་སྣང་བ་དེ་ལྟར་དོན་དམ་པར་རྫས་སུ་ཡོད་བར་བཞེད། སེམས་ཙམ་རྣམ་རྫུན་པ་ནས། ཡང་དག་མ་

ཡིན་པའི་ཀུན་རྟོག་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དང་བཅས་པའི་སྐྱེ་བ་ཡོད་པ་བདེན་ན། དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཡང་དག་པར་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྟོང་པ་རང་རིག་པའི་མཚན་ཉིད་དོན་དམ་པར་རྫས་སུ་ཡོད་པར་བཞེད། སེམས་ཙམ་རྣམ་པ་མེད་པར་སྨྲ་བ་ནས། ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་གཟུང་འཛིན་གྱི་རྣམ་པ་དང་བཅས་པར་སྐད་ཅིག་ཀྱང་སྐྱེ་མ་མྱོང་སྟེ། གཟུང་འཛིན་དུ་སྣང་བ་ནི་སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ཏེ། དེ་ཁོ་ན་ལ་ཀུན་ཏུ་བརྟགས་པ་ཞེས་བྱ་སྟེ། དེ་བས་ན་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་གློ་བུར་བའི་བག་ཆགས་ཏེ་ཀུན་ཏུ་བརྟགས་པ་ཡིན། སེམས་ཀྱི་རང་བཞིན་ནི་སེམས་ཅན་གྱི་དུས་ནའང་གསལ་བ་རང་རིག་པ་རང་བཞིན་གྱིས་གྲུབ། འོན་ཀྱང་གློ་བུར་གྱི་བག་ཆགས་ཀྱིས་བསྒྲིབས་ནས་མི་གསལ་ཞིང་། འཕགས་པའི་དུས་ན་གསལ་བར་ཉམས་སུ་མྱོང་། མདོར་བསྡུ་ན་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་པོས་སྟོང་པའི་དེ་བཞིན་ཉིད་དང་བཅས་པ་དོན་དམ་པར་རྫས་སུ་ཡོད་པར་བཞེད། འོ་ན་དེ་དག་ཀུན་ཀྱང་བདག་ཏུ་ལྟ་བའི་ཞེ་ཕུག་ཕྲ་བའི་རང་བཞིན་དུ་

༄༅། །ལྐོག་ཏུ་གྱུར་པ་ལ་བློ་ཞུགས་པ་ཡིན་ཚེ་དེ་དག་ཀུན་ཀྱང་བློ་ཡིས་ཐོང་བར་བྱིན་གྱིས་རློབས་ཤིག དབུ་མའི་ཚུལ་ལས་སེམས་ཙམ་པ་རྣམས་ཀྱིས་དོན་དམ་པའི་ མཚན་ཉིད་དུ་ཡོད་པ་དང་ཡིན་པར་ལྟ་བ་ནི་ཀུན་བརྟགས་ཏེ་གཏན་ནས་མེད་ཅིང་། རང་གི་གྲུབ་མཐའ་ནི་ཡང་དག་པའི་ཀུན་རྫོབ་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུ་རྒྱུ་དང་རྐྱེན་ ལས་སྐྱེ་བ་དོན་བྱེད་ནུས་པ་མ་བརྟགས་ན་ཉམས་དགའ་བ་བརྟགས་ན་དབེན་པས་སྤྲོས་པ་ཀུན་དང་བྲལ་བར་བཞེད། གསང་སྔགས་ཀྱི་ཚུལ་ལས་དབུ་མ་པ་རྣམས་ཀྱིས་དོན་དམ་མར་མ་གྲུབ་པ་ ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ལས་སྐྱེ་བ་དོན་བྱེད་ནུས་མཚན་ཉིད་ཡོད་པར་བཤད་པ་རྣམས་ཀུན་བརྟགས་ཏེ། ཅིའི་ཕྱིར་ན་མཚན་ཉིད་ནི་ཇི་ལྟར་སྣང་བ་དེ་ལྟར་རྡུལ་ཕྲ་རབ་ཙམ་དུའང་གྲུབ་པ་ མེད་ཅེས་བཞེད། འོ་ན་རྒྱུ་འབྲས་སུ་སྣང་བ་འདི་དག་གི་མཚན་ཉིད་ཅི་ཞེ་ན་སྣང་བ་ལ་དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་རྒྱུ་དང་རྐྱེན་དུ་སྣང་བ་སྟེ། དེས་ན་གསང་ སྔགས་ཀྱི་ཚུལ་ལས་ཆོས་ཐམས་ཅད་ནི་ཀུན་བརྟགས་སོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འགའ་ཡང་མེད་དོ་ཞེས་བཞེད། དེ་ཡང་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། ཀུན་ཏུ་བརྟགས་

པ་དེ་ཉིད་ཤེས་བྱའི་ཆོས་ཀྱི་མཚན་ཉིད་ཀྱང་ཡིན་ནོ། །ལམ་ཡང་ཡིན་ནོ། །འབྲས་བུའང་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལ་གནས་པའི་རྣལ་འབྱོར་པས་ཀུན་ཏུ་བརྟགས་པ་ཙམ་གྱི་བློ་ལ་བརྟེན་ནས་ཤེས་བྱ་ལ་བལྟ་བར་བྱའོ། །འབྲས་བུ་མངོན་དུ་བྱའོ། །འོ་ན་ཆོས་ཀྱི་མཚན་ཉིད་འདི་ལྟ་བུར་བདེན་ན། རྒྱལ་བ་རྣམས་ཀྱིས་ཐོག་མ་ཉིད་དུ་དེ་ལྟར་ཅིས་མི་བསྟན་ཅེ་ན། ཤེས་རབ་དང་མོས་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། གང་ཟག་ཉོན་མོངས་པས་ཁེངས་ཤིང་ཉོན་མོངས་པར་བྱས་པ་རྣམས་ལ་བསྟན་པར་གྱུར་ན། ཆད་པར་ལྟ་བ་ཉིད་དང་བྱེ་བྲག་མེད་དེ། འགྲོ་བའི་རྒྱུད་ཆུད་གསོན་པར་འགྱུར་ཏེ། རྣམ་པར་དཀའ་བའི་རྩོལ་བ་ཐམས་ཅད་ཟློག་པར་བྱེད་དོ། །དེ་བས་ན་ཀུན་ལ་བསྟན་པར་བྱ་བ་མ་ཡིན་པ་དང་། རྟོགས་པར་དཀའ་བའི་ཕྱིར་གསང་སྔགས་ཀྱི་ཚུལ་ཞེས་བྱའོ་ཞེས་གསུངས། འོ་ན་ཀུན་ཏུ་བརྟགས་པ་ཙམ་གྱིས་བློ་ལ་བརྟེན་ནས་འབྲས་བུ་མངོན་དུ་ཇི་ལྟར་བྱ་སྙམ་ན། ཆོས་དབྱིངས་རིན་པོ་ཆེ་མཛོད་ལས། རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་

ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་བཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤང་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་བཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །ཞེས་ཇི་སྐད་གསུངས་པའི་དགོངས་པ་མངོན་དུ་གྱུར་པས་བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས་ཤིག །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །དེ་ཡང་ཀུན་བཟང་སྨོན་ལམ་ལས། ལྷན་ཅིག་སྐྱེས་པའི་མ་རིག་པ། །ཤེས་པ་དྲན་མེད་ཡེངས་པ་ཡིན། །ཀུན་ཏུ་བརྟགས་པའི་མ་རིག་པ། །བདག་གཞན་གཉིས་སུ་འཛིན་པ་ཡིན། །ལྷན་ཅིག་ཀུན་བརྟགས་མ་རིག་གཉིས། །སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན། །ཅེས་གསུངས་

པས་རིག་པ་ཀུན་གཞི་ལུང་མ་བསྟན་གྱི་ངང་དུ་བག་ལ་ཞ་བ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་གསུངས། དེ་ཡང་ལྷན་ཅིག་སྐྱེས་པའི་མ་རིགས་པ་ཞེས་རིག་པ་ཀུན་གཞི་ལས་མ་འཕགས་པ་ཁོ་ན་ཉིད་ལ་གསུངས་པ་ལས་མ་རིག་པའི་སེམས་ཡན་གར་བ་ཞིག་སེམས་ནམ་ཡོད་པ་ནས་བཟུང་སྟེ་སྐྱེས་ཤིང་། རྟག་ཏུ་འབྲལ་མེད་ལྷན་ཅིག་ཏུ་གནས་སོ་ཞེས་ནམ་ཡང་མ་གསུངས་མི་གསུང་གསུང་བར་མི་འགྱུར་ཏེ། ཅིའི་ཕྱིར་ན་སེམས་ཀྱི་རྣམ་པ་གནས་སྐབས་སུ་འཁོར་བ་ལྟར་སྣང་ཡང་ངོ་བོ་མྱང་འདས་བདེ་གཤེགས་སྙིང་པོའི་ཁམས་ཡིན་པ་ནི། དྲི་མ་རྣམས་ནི་གློ་བུར་བ། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས། དེའི་ཕྱིར་གློ་བུར་གྱི་དྲི་མ་ཡུལ་བཟང་པོ་ཡིད་དུ་འོང་བའི་སྣང་བ་འཆར་བ་ལ་སེམས་ཆགས་པ་དང་། ཡུལ་ངན་པ་ཡིད་དུ་མི་འོང་བའི་སྣང་བ་འཆར་པ་ལ་སེམས་སྡང་བ་སྐྱེས་ཏེ་བདག་གཞན་སྣོད་བཅུད་སོ་སོར་མཆེད་པའི་འཁྲུལ་སྣང་གི་གཟུགས་དང་སྒྲ་ལ་སོགས་པ་ལ་བདེན་ཞེན་ཆེན་པོས་དངོས་པོར་གཟུང་བ་དང་། མིང་བརྟགས་པ། དེ་ལས་ཉོན་མོངས་ཕྲ་རགས་ཐམས་ཅད་འཕེལ་ཞིང་། དོན་ལ་མེད་བཞིན་དུ་ཡོད་སྣང་འཆར་བའི་ལས་རྣམ་པ་སྣ་ཚོགས་གསོག་པར་བྱེད་པ་ལ་ཀུན་ཏུ་བརྟགས་པའི་མ་

༄༅། །རིག་པ་ཞེས་གསུངས། དེས་ན་རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་མིང་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་ བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་པས་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞི་ཀ་དག་སྟོང་པ་ཆེན་པོའི་ཡེ་ཤེས་ཟང་ཐལ་དུ་མཐོང་བས་ལྷན་ཅིག་སྐྱེས་པའི་མ་རིག་པ་སེལ་ ཞིང་། འཁོར་འདས་ལམ་གསུམ་གྱི་རྟོག་ཚོགས་བཟང་ངན་བར་མ་ཇི་ལྟར་ཤར་ཡང་། དེ་དང་དེ་དག་ཐམས་ཅད་སངས་རྒྱས་སྐུ་གསུམ་གྱི་དགོངས་པར་རྟོགས་ན་ཀུན་ཏུ་བརྟགས་པའི་མ་ རིག་པ་ཐམས་ཅད་སེལ་བ་ནི་ཀུན་མཁྱེན་ཆེན་པོས། ལྷུན་གྲུབ་ཀློང་ལས་ཐམས་ཅད་འབྱུང་བའི་གཞི། །ངོ་བོ་སྟོང་ལ་རང་བཞིན་མ་འགགས་པས། །ཅིར་ཡང་མ་གྲུབ་ཅིར་ཡང་འཆར་བ་ སྟེ། །སྐུ་གསུམ་ཀློང་ནས་འཁོར་འདས་རང་ཤར་ཀྱང་། །དབྱིངས་ལས་མ་གཡོས་ཆོས་ཉིད་བདེ་བའི་ཞིང་། །ཞེས་གསུངས་པས་དེའི་ཕྱིར་ན་མ༵་རི༵ག་པའི་མུན༵་པ༵་རིག་པ་རང་བྱུང་གི་ཡེ་ ཤེས་འོད་གསལ་འདུས་མ་བྱས་པའི་དབྱིངས་སུ་སེ༵ལ་བ༵ར་བྱིན༵་གྱི༵ས་རློ༵བས་ཤིག་ཅེས་གསོལ་བ་འདེབས་པ་ཡིན་ནོ། །ཀ་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །དེ་ལ་སྤྱིར་ལྟ་བ་ཞེས་བྱ་བ་

ནི་ཆོས་གང་ལ་ངེས་པའི་ཤེས་པ་རྙེད་པའི་བློ་སྟེ། དེ་ཡང་སྔ་འགྱུར་བའི་རྒྱུད་སྡེ་རྣམས་ལས་ཐ་སྙད་ཡུལ་ཅན་གྱི་ལྟ་བ་ལ་ཆོས་ཅན་ལྟ་བའི་ལྟ་བ། དོན་དམ་པའི་ཡུལ་ཅན་གྱི་ལྟ་བ་ལ་ཆོས ཉིད་ལྟ་བའི་ལྟ་བ། དེ་གཉིས་ཀྱང་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོར་སོ་སོར་རང་གིས་རིག་པར་བྱ་བ་ལ་རང་རིག་ལྟ་བའི་ལྟ་བ་ཞེས་གསུངས་ཤིང་། དེ་ལ་སེམས་ནི་གནས་ སྐབས་ཡུད་ཙམ་པར་ཟག་བཅས་ཀྱི་ཕུང་པོ་ལྔ་ཡི་ཉེར་ལེན་ལ་བརྟེན་ནས་སྣང་བའི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བའི་དུས་དེ་ཁོ་ན་ཙམ་ལས་ སེམས་ཀྱི་རྒྱུན་མེད་པར་འདོད་པ་ཆོས་ཅན་ཐུན་མོང་འཇིག་རྟེན་ཆད་ལྟ་བའི་འདོད་པ་བཞིན་ནམ་ཡང་མིན་ཏེ། སེམས་ཀྱི་རྒྱུན་མེད་ན་འདི་ལྟར་སྐྱེས་བུ་གཅིག་གི་སྣང་བ་ལ་ཉིན་སྣང་དང་རྨི་ སྣང་སོ་སོར་འབྱུང་བར་མི་རིགས་ཤིང་། ཉིན་སྣང་རྨི་སྣང་གི་སྣང་བ་ཡུལ་དུས་སོ་སོར་འཆར་ཡང་། འཆར་མཁན་བག་ཆགས་ཀྱི་རྟེན་ཀུན་གཞིའི་རྣམ་ཤེས་ཅན་གྱི་སྐྱེས་བུ་གཅིག་གི་སྣང་ བ་ལ་འཆར་ཞིང་། དེའི་ཕྱིར་སེམས་མེད་པའི་གནས་སྐབས་ལྔ་ཙམ་མ་གཏོགས་སེམས་ཀྱི་རྒྱུན་ཡོད་ཕན་ཆད་སྣང་བ་འགོག་ཏུ་མེད་པར་འཆར་བས་མདོ་དྲན་པ་ཉེར་བཞག་ལས། སྣ་

ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །སེམས་ལས་ཅུང་ཟད་ཡོད་མ་ཡིན། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་གསུངས། དེའི་ཕྱིར་སེམས་ནི་ས་དང་རྡོ་བ་ལྟ་བུ་བེམ་པོའམ་ནམ་མཁའ་བེམ་སྟོང་ལྟ་བུ་ཅི་ཡང་མེད་པ་མ་ཡིན་པར་ཆོས་སུ་སྣང་བ་མ་འགག་པར་འཆར་དུ་ཡོད་པ་ཆོས་ཅན་དུ་ངེས་པས་ན་སེམས་ཅན་ཅེས་ཟེར་ཞིང་། དེ་ཡང་ཆོས་ཅན་ཅེས་ཤེས་བྱེད་སེམས་ཀྱི་གཞི་གང་ལ་ཤེས་བྱ་ཆོས་གང་ཞིག་ལྡན་པའམ་ཡོད་པར་སྟོན་པའི་བདག་སྒྲ་སྟེ། དེ་ཡང་ཤེས་བྱའི་ཆོས་ལ་གང་ཟག་སྤྱི་སྒོས་ཀྱི་བག་ཆགས་སོ་སོར་བཞག་པའི་དབང་གིས་ཚད་བཟུང་དུ་ཡོད་པ་མ་ཡིན་ཀྱང་། བསྡུ་ན་འཁོར་འདས་གཉིས་སུ་སྣང་ཞིང་། འཁོར་བའི་ཆོས་སུ་སྣང་བའི་སེམས་ཅན་རྣམས་ནས་ཐོག་མེད་ནས་ཀུན་གཞིའི་སྟེང་དུ་བཞག་པའི་འགྲོ་བ་རིགས་དྲུག་གི་སྣང་བ་དང་། བདེ་སྡུག་གི་ཚོར་བ་ས་སོ་སོར་རམ། སྐབས་རེ་ཐུན་མོང་དུ་མྱོང་བ་ལྟ་བུ་འཇིག་རྟེན་འཁྲུལ་སྣང་གི་ངོ་ལ་སྣང་བའི་མ་དག་ཆོས་ཅན་ལོག་པའི་ཀུན་རྫོབ་བདེན་པ་དང་། ཡང་རིན་ཆེན་ཕྲེང་བ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་ཀྱང་། །

དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་། མངོན་མཐོའི་གོ་འཕང་དོན་དུ་གཉེར་བ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། གང་ཟག་གང་ཞིག་དམ་པའི་ཆོས་ལ་བློ་ཞུགས་ནས་ལམ་ཉམས་སུ་ལེན་པ་ན་སྔོན་མའི་མ་དག་འཁོར་བའི་བག་ཆགས་དང་། ཚེ་འདིར་དད་དང་ངེས་འབྱུང་དག་སྣང་སྙིང་རྗེ་ཞི་ལྷག་གི་ཉམས་དང་རྟོགས་པ་ལ་སོགས་ས་ལམ་གྱི་ཡོན་ཏན་གསར་དུ་སྐྱེ་བས་མ་དག་པ་དང་དག་པའི་སྣང་བ་རིམ་བཞིན་འཆར་བ་སྟེ། དེ་ཡང་ཐར་ལམ་ཕྱོགས་ཀྱི་ཆོས་ཅན་གྱི་ལྟ་བ་ལ་གཞིག་ན་ཉན་ཐོས་ཀྱིས་ཕུང་པོ་ལྔའི་རྒྱུན་ལ་དམིགས་ནས་བདག་གིར་འཛིན་པ་དེ་ཉིད་ལ་ཤེས་རབ་ཀྱིས་རྣམ་པར་དཔྱད་པས་གང་ཟག་ལ་བདག་མེད་པར་རྟོགས་པ། རང་རྒྱལ་གྱིས་ཉན་ཐོས་ཀྱི་ལྟ་བ་དེ་ཉིད་ལ་གཞིར་བྱས་ནས་གཟུང་བའི་ཡུལ་རང་བཞིན་མེད་པར་གཏན་ལ་ཕབ་སྟེ། ཤེས་པ་སྐད་ཅིག་ཆ་མེད་དོན་དམ་དུ་ལྟ་བ། སེམས་ཙམ་པས་ཉན་རང་ལྟར་ཕྱི་དོན་ཕྱི་རོལ་དུ་དངོས་སུ་གྲུབ་པར་མི་འདོད་པར་ནང་སེམས་ཙམ་དུ་འདོད་པ། སེམས་དེ་ཡང་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཀུན་གཞིའི་རྣམ་ཤེས་ཙམ་དུ་ལྟ་

༄༅། །བ། དབུ་མ་པས་ཤེས་པ་རང་རིག་རང་གསལ་ཙམ་དུའང་མ་གྲུབ་ཅིང་། རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ལ་བརྟེན་ནས་ཀུན་རྫོབ་ཏུ་སྣང་བའི་ཆོས་ཐམས་ཅད་ སྒྱུ་མའི་རང་བཞིན་མེད་པ་གསལ་སྣང་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་སྣང་བ་ཙམ་ལས་དངོས་དང་དངོས་མེད་གཉིས་ཀར་ཆོས་ཅན་དུ་རྡུལ་ཕྲ་རབ་ཙམ་དུའང་རང་བཞིན་གྱིས་མ་གྲུབ་པ་ སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་བལྟ་བ། བྱ་བའི་རྒྱུད་ཀྱིས་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་རྟོགས་པའི་ཀུན་རྫོབ་ ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ། སྤྱོད་པའི་རྒྱུད་ཀྱིས་ལྟ་བ་གོང་མ་རྣལ་འབྱོར་གྱི་རྒྱུད་དང་མཚུངས་ཤིང་། ཕྱིའི་སྤྱོད་པ་གཙང་སྦྲ་ལ་གནས་པ་སོགས་འོག་མ་བྱ་རྒྱུད་དང་ མཚུངས་པས་གཉིས་ཀའི་རྒྱུད་དུ་ལྟ་བ། རྣལ་འབྱོར་རྒྱུད་ཀྱིས་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་མེད་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ ཀྱི་ལྷར་ལྟ་བ། གནས་ལུགས་ཆོས་ཉིད་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་སྟོང་པའི་ངོས་ནས་གཞལ་ན་ས་སྐྱ་པཎ་ཆེན་གྱིས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་ཞིག་ཡོད་གྱུར་ན། །

ལྟ་དེ་སྤྲོས་པ་ཅན་དུ་གྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་ཇི་སྐད་གསུངས་པ་ལྟར་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་དང་། སྔགས་ཀྱི་ངོ་བོ་སྟོང་པའི་ཡེ་ཤེས་སོ་སོ་མ་ཡིན་ཐ་མི་དད་པས་མདོ་སྔགས་ཀྱི་ལྟ་བ་ལ་དབྱེ་རུ་མ་མཆིས་ཀྱང་། སྣང་ཚུལ་ཅིར་ཡང་མ་འགག་པར་འཆར་བ་ཆོས་ཅན་ཀུན་རྫོབ་བདེན་པའི་ངོས་ནས་གཞལ་ན་སྔ་འགྱུར་བའི་མཁས་གྲུབ་གོང་མ་རྣམས་ནས་ལུང་རིགས་རྣམ་དག་གི་རྒྱུ་མཚན་དང་བཅས་ཏེ་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་པར་བཞེད་དེ། འདི་ལྟར་རྒྱུ་མཚན་ཉིད་ཐེག་པའི་རྩེ་མོ་བླ་མེད་ཟབ་མོ་དབུ་མ་ཆེན་པོའི་ཐེག་པ་ལས་ནི་ཀུན་རྫོབ་རྟེན་འབྱུང་དུ་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟར་རང་བཞིན་གྱིས་བདེན་པར་མ་གྲུབ་པ་ཙམ་དུ་བལྟ་བ་ལས་དག་པ་ལྷའི་དཀྱིལ་འཁོར་ཆེན་པོར་བལྟ་བར་ཕལ་ཆེར་མ་གསུངས་ཤིང་། ཐབས་ཀྱི་ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་ལས་སྐུའི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་ནི། རྩ་རྒྱུད་གསང་བའི་སྙིང་པོ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །

༄༅། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་ གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཅེས་སྣང་ཚུལ་ཡང་དག་ཀུན་རྫོབ་བདེན་པའི་ངོས་ནས་སྔགས་ཀྱི་ལྟ་བ་མདོ་ ལས་འཕགས་པའི་རྒྱུ་མཚན་སྣང་གཞི་སྤྲོས་བྲལ་ཡིན་པ་འདྲ་ཡང་། སྔགས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱིངས་དང་ཡེ་ཤེས་ཏེ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་ པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་བཞེད་དེ། སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ ཐམས་ཅད་དུ། །དག་དང་མ་དག་སོ་སོར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། ། ཞེས་ཉན་རང་གི་ཐེག་པ་ལས་ཆེས་ཁྱད་པར་དུ་འཕགས་པ་བླ་མེད་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཆེས་ཆེར་འཕགས་པ་གསང་སྔགས་ནང་པ་ཐབས་ཀྱི་ཐེག་པ་ཞེས་བསྔགས་པར་

མཛད་དོ། །གསུང་གི་རྒྱུད་ལུང་ཨ་ནུ་ཡོ་ག་ལས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་རོལ་རྩལ་དུ་རྟོགས་ཤིང་། སེམས་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བ་ནི་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། དེ་ཉིད་མ་འགགས་པའི་ཡོན་ཏན་ཀུན་ཁྱབ་ཏུ་ཤར་བ་ནི་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། དེ་གཉིས་ཀྱང་དབྱེར་མེད་ཟུང་འཇུག་ཏུ་གནས་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་ལྟ་བ་དཀྱིལ་འཁོར་རྣམ་གསུམ་དུ་གཏན་ལ་འབེབས་པ་ཆོས་ཅན་ཐུན་མིན་ཡང་དག་ཀུན་རྫོབ་བདེན་པ། ཆོས་ཉིད་ཀྱི་ལྟ་བ་ལ་བསྐྱེད་རྫོགས་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་སྟོན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལས། ཕྱི་སེམས་ཀྱི་སྡེས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུའང་མ་ལྷུང་བ། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་ཞིང་། རང་རྩལ་མ་འགགས་པས་ཆད་པའི་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ལྟ་བ་གཏན་ལ་འབེབས་པ། ནང་ཀློང་

༄༅། །སྡེས་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང་ཤར་བྱ་ཤར་བྱེད་ དུ་མ་གྲུབ་པས་ཡོད་མེད་དང་ཡིན་མིན་གྱི་ཕྱོགས་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པ། གསང་བ་མན་ངག་གི་སྡེས་འཁོར་འདས་སྤང་བླང་དང་ བྲལ་ཞིང་། རེ་དོགས་ཕྱོགས་ལྷུང་ལས་བརྒལ་ནས་བློ་དང་ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་དེ་གཞི་དབྱིངས་ཀ་དག་ཁྲེགས་ཆོད་དང་ལམ་སྣང་ལྷུན་གྲུབ་འོད་གསལ་ཐོད་རྒལ་བསྒོམས་ པས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ཉིད་ལ་འཆར་བར་བྱེད་པ་སྟེ་མདོར་ན་ཆོས་ཅན་ཀུན་རྫོབ་བདེན་པ་དང་ཆོས་ཉིད་དོན་དམ་པའི་བདེན་པ་གཉིས་ཀྱང་ལྷག་པའི་བདེན་གཉིས་དབྱེར་ མེད་ཆོས་སྐུ་ཆེན་པོར་སོ་སོར་རང་གིས་རིག་པར་བྱ་བ་རང་རིག་ལྟ་བའི་ལྟ་བ་ཀ་དག་རྫོགས་པ་ཆེན་པོར་འདུས་པས་ཀ་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཞེས་འདིར་བྱེ་བྲག་ཏུ་ དམིགས་ཀྱིས་བཀར་ནས་གསུངས་ཏེ། དེ་ཡང་ཨཱ་དི་ཤུདྡྷ་ཞེས་པའི་སྒྲ་སྔོན་གྱི་ལོ་པཎ་ཆེན་པོ་རྣམས་ཀྱིས་ཡེ་ནས་རྣམ་པར་དག་པའི་དོན་སྟོན་པའི་སླད་དུ་ཀ་དག་ཅེས་གོ་སླ་བའི་ཕྱིར་བསྒྱུར་

བར་མཛད་པར་གྲགས་ཤིང་། དེས་ན་ཕུང་པོ་འཇིག་པའི་ཚོགས་ལ་བདག་ཏུ་ལྟ་བ། ལོག་པར་ལྟ་བ། མཐར་འཛིན་གྱི་ལྟ་བ། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་ཤེས་རབ་ཉོན་མོངས་ཅན་གྱི་ལྟ་བ་ལྔ་ཡིས་གཞར་ཡང་མ་བསླད་པའི་ཀ་དག་སྤྲོས་བྲལ་གྱི་ལྟ་བ་སྟེ། དེའི་དོན་ངེས་ཤེས་སྒྲོན་མེ་ལས། སྟོང་ཚུལ་ཁོ་ནར་བསམ་ནས་ནི། །དྲི་ན་མེད་དགག་ཉིད་ཡིན་ཏེ། །འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོར་བསྒྲུབས། །ཞེས་དང་། དེས་ན་རང་གི་ལུགས་ལ་ནི། ཆུ་ཟླ་བརྟགས་ན་ཆུ་ཟླ་ཉིད། །ཅུང་ཟད་མི་རྙེད་མེད་བཞིན་དུ། །ཆུ་ཟླ་སྣང་བར་མངོན་སུམ་ཚེ། །མེད་དགག་ཉིད་ཀྱང་སྣང་རུང་བ། །སྟོང་དང་ཡོད་པ་སོ་སྐྱེའི་བློར། །འགལ་ཡང་འདིར་ནི་མངོན་སུམ་དུ། །ཟུང་འཇུག་འདི་ལ་རྨད་བྱུང་ཞེས། །ངོ་མཚར་ཚིག་གིས་མཁས་རྣམས་བསྔགས། །ཞེས་གསུངས། དེ་ཡང་སྣང་སྟོང་ཟུང་འཇུག་གི་དོན་རང་བཞིན་གྱིས་འོད་གསལ་བའི་སྐུ་དང་ཡེ་ཤེས་ཡིན་པ་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་

ཤེས་སྒྲོན། །ཞེས་དང་། སྨིན་གླིང་གཏེར་ཆེན་རིན་པོ་ཆེས། ཀུན་ཁྱབ་འགྱུར་མེད་རྟག་བརྟན་རྡོ་རྗེ་སེམས། །མཐའ་ཡས་དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་འོད་གསལ་སྙིང་རྗེའི་སྒྱུ་འཕྲུལ་གར། །ཅིར་ཡང་འཆར་བ་དཔལ་ལྡན་བླ་མར་འདུད། །ཅེས་སོགས་གསུངས་ཤིང་། ལམ་ཉམས་སུ་ལེན་པའི་སྐབས་སུའང་སྣང་སྟོང་ཟུང་འཇུག་ཏུ་ལ་བཟླ་བར་བྱ་དགོས་པ་ནི་རིག་འཛིན་འཇིགས་མེད་གླིང་པས། ཡར་ལ་བལྟས་པས་ཀ་དག་འོད་གསལ་གྱི་མཁའ་ལ། །ལྷུན་གྲུབ་ཉི་ཟླའི་ཚོམ་བུ་མན་ཤེལ་ལས་དྭངས་པ། །ལྟ་བསྒོམ་སྤྱོད་པའི་རྒྱུན་དུ་མེད་ཐབས་ནི་མི་འདུག །ཨོ་ལོའི་སེམས་པ་དགུང་སྔོན་མཐོན་པོ་ལ་ཤོར་སོང་། །ཞེས་གསུངས། དེས་ན་ངོ་བོ་སྟོང་པའི་ཡེ་ཤེས་ལྟ་སྒོམ་དབྱེར་མེད་ངང་དུ་ལ་བཟླ་བར་བྱ་བ་ནི་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། མདོར་བསྡུས་ན་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་སྒྱུ་དང་མགོ་མཉམ་པར་རྟོགས་པ་ནི་རྫོགས་པ་ཆེན་པོའི་དོན་རྟོགས་པ་སྟེ་ལྟ་བ་ཞེས་བྱ། རྟོགས་པའི་བློ་དང་མི་འབྲལ་བར་གནས་པ་ནི་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་འདུ་བྱེད་ཀྱི་རྩོལ་བ་ཆེད་དུ་མི་སྐྱེད་པ་ནི་བཏང་སྙོམས་ཆེན་པོའི་ངང་ལ་

གནས་པ་ཞེས་བྱ་སྟེ། དེ་ལ་སྒོམ་པ་ཞེས་ཀྱང་བྱའོ། །ཚིག་དེ་གསུམ་གྱིས་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་ལུས་པ་རྫོགས་པ་ཡིན་ནོ་ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། ཐམས་ཅད་ཀུན་བཟང་ལྷུན་གྲུབ་ཆེན་པོ་ནི། །མ་འཁྲུལ་མི་འཁྲུལ་འཁྲུལ་པར་མི་འགྱུར་བས། །སྲིད་པ་མིང་ཙམ་ཡོད་མེད་མཐའ་ལས་འདས། །སུ་ཡང་གང་དུ་སྔར་ཡང་མ་འཁྲུལ་ལ། །ད་ལྟ་མི་འཁྲུལ་སླད་ཀྱིས་འཁྲུལ་མི་འགྱུར། །འདི་ནི་སྲིད་གསུམ་ཀ་དག་དགོངས་པའོ། །འཁྲུལ་པ་མེད་པས་མ་འཁྲུལ་ཆོས་སུ་མེད། །ཡེ་ནས་ལྷུན་གྲུབ་རང་བྱུང་རིག་པ་ཆེ། །མ་གྲོལ་མི་གྲོལ་གྲོལ་བར་མི་འགྱུར་ལ། །འདས་པ་མིང་ཙམ་སུ་ཡང་གྲོལ་མ་མྱོང་། །གྲོལ་བར་མི་འགྱུར་བཅིངས་པ་ཡེ་ནས་མེད། །མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ། །འདི་ནི་ཡོངས་གྲོལ་ཀ་དག་དགོངས་པའོ། །མདོར་ན་ལྷུན་གྲུབ་ཡངས་པའི་དབྱིངས་རུམ་ནས། །རོལ་པའི་རྩལ་གྱི་འཁོར་འདས་ཅི་ཤར་ཡང་། །ཤར་ཙམ་ཉིད་ནས་འཁོར་འདས་ཡོད་མ་མྱོང་། །གཉིད་ཀྱི་རྩལ་ལས་རྨི་ལམ་ཅི་ཤར་ཡང་། །དོན་ལ་མེད་དེ་རང་རིག་བདེ་བའི་མལ། །ལྷུན་མཉམ་ཡངས་པ་ཆེན་པོར་ཕྱམ་གདལ་ལོ། །ཞེས་གསུངས་ཏེ། དེ་ལྟ་བུའི་དགོངས་ཉམས་

དབང་པོ་རྣོན་པོ་རྣམས་ནས་སྒོམ་དུ་མེད་ཀྱང་ལ་བཟླ་བས་གྲོལ་བ་ཁྲེགས་ཆོད་ཀྱི་གདམས་པ་སྟེ། དེ་ཡང་དངོས་པོའམ། རྫས་ཀྱི་རིགས་སྲ་ཞིང་མཁྲེགས་པ་བེམ་པོའི་རིགས་སུ་གྱུར་པའི་མཚན་ཉིད་ནི་འཇམ་ཞིང་སྙོམས་པ་མ་ཡིན་པ་ལྟར། བདག་ཏུ་རྟོག་པའི་གཟུང་འཛིན་ཅན་གྱི་སེམས་དེ་སྐྱེ་བ་མང་པོར་འཁོར་བའི་སྣང་བ་དངོས་མེད་ལ་དངོས་པོར་ཞེན་པའི་བག་ཆགས་ཤིན་ཏུ་སྲ་ཞིང་འཐས་པའི་ཤུགས་ཀྱིས། སེམས་དམ་པའི་ཆོས་ལ་བཀོལ་ཞིང་འདུལ་དུ་སླ་བ་མ་ཡིན་པས་མཁྲེགས་ཤིང་། ལུང་མ་བསྟན་དུ་གྱུར་པ་དེ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངམ། མདོ་སྔགས་ཆོས་ཀྱི་དོན་གནད་ཐམས་ཅད་གནད་དུ་བསྡུས་པའི་མན་ངག་རང་སེམས་སྐུ་གསུམ་ལྷུན་གྲུབ་ཀྱི་དགོངས་པ་ངོ་རང་ཐོག་ཏུ་འཕྲོད་པ། ཐག་གཅིག་ཐོག་ཏུ་ཆོད་པ། གདིང་གྲོལ་ཐོག་ཏུ་གཅོད་པར་བྱས་པས་སྲིད་པའི་འཆིང་བ་ཐམས་ཅད་གནས་ས་དང་རྟེན་ས་མེད་པར་ཡུལ་མེད་མཉམ་པ་ཆེན་པོ་ཟང་ཐལ་དུ་དག་པས་འཁོར་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་རྩ་བ་ནས་ཆོད་པར་བྱས་པས་ཁྲེགས་ཆོད་ཅེས་གསུངས་ཤིང་། ཚུལ་ཇི་ལྟ་བུས་མཁྲེགས་པ་ཆོད་ན། ཀ་དག་ངོ་བོ་སྟོང་པའི་ཡེ་ཤེས་རང་ངོ་ཤེས་པས་

ལྷན་ཅིག་སྐྱེས་པའམ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལྡོག་ཅིང་། ཆོས་ཉིད་ཀྱི་བདེན་པ་ཇི་ལྟ་བ་བཞིན་དུ་གཟིགས་པ་ཆོས་ཉིད་མངོན་སུམ། ཆོས་ཉིད་མངོན་སུམ་འོད་གསལ་སྣང་ཆའི་ ཡོན་ཏན་ལམ་སྣང་དུ་འཆར་བས་ཀུན་ཏུ་བརྟགས་པའི་མ་རིག་པ་སེལ་བ་ཉམས་གོང་འཕེལ། རྨི་སྣང་དང་ཉིན་སྣང་ཚེ་འདི་དང་ཕྱི་མ་བདེ་བ་དང་སྡུག་བསྔལ་འཁོར་བ་དང་མྱང་འདས་ལ་ སོགས་གཉིས་སྣང་གི་བག་ཆགས་དག་པ་རིག་པ་ཚད་ཕེབས། མདོར་ན་སྟོང་པའི་འཛིན་སྟངས་ཕྲ་བའི་ཕྲ་བ་ཙམ་དུའང་མ་ལུས་པ་དག་པ་ནི་སྟོང་པའི་ཆོས་ཉིད་ཟད་པའི་སྣང་བ་ཞེས་ གསུངས་ཏེ། སྣང་བ་བཞི་མཐར་ཕྱིན་ཏེ་དུས་བཞི་མཉམ་པ་ཉིད་ཀ༵་དག༵་ཆོས་སྐུ་ནམ་མཁའ་གཡའ་དག་པ་ལྟ་བུའི་ལྟ༵་བ༵་ཡེ་བཏང་ཆེན་པོའི་དགོངས་པ་མ་ནོར་བ་ཚུལ་བཞིན་དུ་རྟོག༵ས་པ༵ར་བྱིན༵་ གྱི༵ས་རློབ༵ས་ཤིག་ཅེས་གསོལ་བ་འདེབས་པ་ཡིན་ནོ། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །དེ་ཡང་རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་ པའི་ཆོས་ཉིད་དོ། །ཞེས་འབྱུང་བ་བཞིན་སེམས་ཀྱི་གནས་ཚུལ་ཡེ་ནས་རྣམ་པར་དག་པ་འགྱུར་བ་མེད་པའི་ཆོས་ཉིད་ནི་སངས་རྒྱས་ཉག་གཅིག་སྟེ། དེའི་སྣང་ཚུལ་སྐུ་དང་ཡེ་ཤེས་ཡོན་ཏན་

༄༅། །ནང་གསལ་གྱི་ཚུལ་དུ་བཞུགས་པ་ནི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་རྣམས། །སེམས་ཅན་ཀུན་གྱི་ལུས་ལ་ ངེས་པར་བཞུགས། །དབྲི་བསྣན་མེད་པར་འཆར་ནས་གསལ་བར་བྱེད། །དེ་ནི་སྦས་པའི་དོན་དུ་ཚུལ་འདི་བསྟན། །ཞེས་དང་། ཁྱད་པར་དུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཙིཏྟ་རིན་ ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་ སོ་སོར་གསལ། །ཞེས་འོད་གསལ་གྱི་འཆར་གཞི་ཙམ་དུ་བཞུགས་པར་གསུངས་ལ། ཡང་དེ་ཉིད་ལས། ཆོས་ཉིད་དབང་པོས་མངོན་མཐོང་བས། །ལྟ་བ་ཞེས་ནི་དེ་ལ་བྱ། །ཞེས་འོད་ གསལ་གྱི་སྣང་བ་ཕྱིར་གསལ་མངོན་སུམ་དུ་མཐོང་བར་བྱ་བའི་ཕྱིར་ལམ་སྣང་ལྷུན་གྲུབ་གཟུགས་སྐུའི་དགོངས་པ་གཏན་ལ་འབེབས་པ་ལ་ཐོད་རྒལ་གསུངས་ཏེ། དེ་ཡང་ཐོད་རྒལ་ཞེས་ཐེག་ པ་འོག་མ་ནས་གོང་མར་སྐས་ཀྱི་གདངས་བུ་ལྟར་གོ་རིམ་བཞིན་འབད་རྩོལ་ཆེན་པོས་བགྲོད་དགོས་པ་ལ་མ་ལྟོས་པར་གཞི་ཡི་སྐུ་གསུམ་འོད་གསལ་གྱི་ཡོན་ཏན་རང་ཆས་སུ་བཞུགས་པ་

བཅར་ཕོག་ཏུ་ཇི་ལྟར་ངོ་འཕྲོད་པ་བཞིན་དུ་ཐད་ཀར་ཉམས་ལེན་གྱི་ཐོག་ཏུ་འཁྱེར་བས་ན་ཐོད་རྒལ་ཞེས་གསུངས་ལ། ཀ་དག་སྟོང་པ་ཆེན་པོའི་རང་གདངས་གཏིང་གསལ་འོད་གསལ་གྱི་སྣང་ཆ་མེད་ན། སངས་རྒྱས་ཀྱི་དག་པའི་སྐུ་དང་ཡེ་ཤེས་ཞིང་ཁམས་མཛད་པ་ཕྲིན་ལས་ལ་སོགས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྣང་བ་འབྱུང་མི་སྲིད་པས་འཇིག་རྟེན་ན་སྒྲོན་མའི་བསྐལ་པ་ཇི་ལྟར་འབྱུང་སྟེ་སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་ག་ལ་འབྱུང་། །ཞེས་དང་འཕགས་པ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། དཔལ་ལྡན་ཆོས་ཀྱི་གྲགས་པས། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་སོགས་སེམས་ཉིད་གནས་ལུགས་ཀྱི་ཡོན་ཏན་འོད་གསལ་བའི་རང་བཞིན་ཡིན་པ་

༄༅། །བཀའ་དང་བསྟན་བཅོས་རྣམས་ལས་མཐའ་ཡས་པར་གསུངས་སོ། །དེ་ལྟ་བུའི་འོད་གསལ་འདུས་མ་བྱས་པའི་ཆོས་ཉིད་ཀྱི་བདེན་པ་དེ་རྣལ་འབྱོར་པ་རྣམས་ ཀྱིས་མངོན་དུ་བྱར་ཡོད་པའི་ཆོས་ལ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཞེས་བསྔགས་ཤིང་། དེ་ལ་ཐེ་ཚོམ་ནམ་ཡང་བྱར་མི་རུང་བ་ནི་ཀུན་མཁྱེན་འཇིགས་མེད་གླིང་པས། འདིར་རང་ བཞིན་འོད་གསལ་རྫོགས་པ་ཆེན་པའི་འོད་གསལ་གྱི་སྣང་བ་ཁྱད་པར་ཅན་འདི་དག་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་མང་ཞིག་ནས་ཀྱང་གབ་པའི་ཚིག་གིས་བསྟན་པ་ ལ་ཅེ་རེ་ལོང་དུ་སོང་བའི་མངོན་པའི་ང་རྒྱལ་ཅན་ཁ་ཅིག་རིག་པའི་གཤིས་ལ་མ་གྲུབ་པ་ཞིག་བློས་བཏགས་ནས་ཀུན་འབྱུང་གིས་བསྐྱེད་པའི་ཆོས་སོ་སྙམ་པ་ནི་མུན་སྤྲུལ་ཡིན་ཏེ། ཟླ་བའི་གཤིས་ ལ་འཕེལ་འགྲིབ་ཀྱི་མཚན་ཉིད་ཡེ་ནས་གྲུབ་པ་ལྟར་རིག་པའི་གཤིས་ལའང་སྐུ་གསུམ་གྱི་མཚན་ཉིད་གདོད་ནས་གྲུབ་སྟེ། དེ་ལྟར་གྲུབ་ཕྱིན་ཆད་ལོངས་སྐུའི་ཡོན་ཏན་ལམ་གྱི་སྣང་བ་ལ་རྩལ་ རྫོགས་པའི་དུས་འདིར་ཡང་མངོན་སུམ་ནས་ཚད་ཕེབས་ཀྱི་སྣང་བར་ཟླ་བ་ཉ་བའི་དཔེས་མཚོན་ལ། སྟོང་གི་ཟླ་བ་དབྱིངས་སུ་ནུབ་པའི་དཔེ་ནི་ཆོས་ཉིད་ཟད་པའི་མཐར་ཐུག་ནས་ཆོས་སྐུ་རང་

མལ་ན་ཡོད་པའི་དཔེས་མཚོན་པ་ཡིན་ནོ་ཞེས་གསུངས། དེ་ཡང་མི་ཕམ་ཆོས་རྗེས། གཉུག་སེམས་དེའང་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་མཐའ་དབུས་ཕྱོགས་ཆ་སོགས་དང་བྲལ་བ་ཡིན་མོད། ད་ལྟ་ལམ་དུས་སུ་སེམས་ཅན་གྱི་རྒྱུད་ལ་ཇི་ལྟར་གནས་པའི་དཔེ་དང་རྟེན་ལུས་དང་སྙིང་ལ་གནས་པའི་ཚུལ་ཡང་། སམྦུ་ཊི་ལས། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཉུང་དཀར་སྦོམ་པའི་ཚད་ཙམ་དག །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །ཆ་ཕྱེད་ཤིན་ཏུ་ཕྲ་བས་ ཏེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གསལ། །ཞེས་དང་། རང་གནས་ཡེ་ཤེས་འཁོར་ལོའི་མན་ངག་ལས། ཀྱེ་མའོ་ཡེ་ནས་ལྷན་ཅིག་སྐྱེས་པའི་དོན། །རང་བྱུང་ཡེ་ཤེས་འདུས་མ་བྱས་པའི་དབྱིངས། །རྟོག་གེའི་སྤྱོད་ཡུལ་དག་ལས་རིང་འདས་པ། །བསམ་གྱིས་མི་ཁྱབ་འོད་གསལ་བདེ་བ་ཆེ། ། ཡུན་རིང་དཀའ་བས་འབད་ཅིང་ལམ་མཆོག་ལ། །ཚུལ་བཞིན་བརྩོན་པ་ན་ཡང་རྟོགས་དཀའ་བ། །ཚེགས་མེད་རང་སར་རྙེད་པའི་མན་ངག་འདི། །རྡོ་རྗེ་སྙིང་པོ་མཁའ་མཉམ་ཐེག་པའི་

༄༅། །ལུགས། །ཤིན་ཏུ་སླ་ཡང་ཕལ་པས་ལྟ་ཅི་སྨོས། །བློ་ཆེན་རྣམས་ཀྱི་བློ་ལའང་ཆུད་དཀའ་བ། །འདི་ནི་དེ་ཡི་ངོ་མཚར་རྨད་བྱུང་སྟེ། །སླད་ནས་ཡོན་ཏན་མཐོང་ ཚེ་ངོ་མཚར་ཡིན། །ཞེས་སོགས་གསུངས་ལ། འོད་གསལ་ཐེག་པའི་རྒྱུད་རྣམས་ལས། ཐོད་རྒལ་ཁྲེགས་ཆོད་ལས་ཁྱད་པར་འཕགས་པའི་ཚུལ་བདུན་གསུངས་ཤིང་། འོན་ཀྱང་འོད་ སྣང་ལ་རྫས་སུ་ཞེན་པས་ཐོད་རྒལ་གྱིས་འོད་ལུས་མངོན་དུ་བྱར་ཡོད་པས་ཟབ་པ་དང། ཁྲེགས་ཆོད་ཀྱིས་དེ་ལྟ་མིན་པར་བསམ་པའི་འགལ་འདུ་ནམ་ཡང་བསྒྲུབ་ཏུ་མི་རུང་སྟེ་ཆོས་དབྱིངས་ མཛོད་ལས། གཉིས་སྐྱེས་སྒོ་ངའི་ནང་ནས་འདབ་རྒྱས་པ། །སྒོང་རྒྱས་འཐུམ་ལྟར་ད་ལྟར་མི་སྣང་ཡང་། །སྒོང་རྒྱ་རལ་བས་མཁའ་དཀྱིལ་ལྡིང་བ་ལྟར། །གཟུང་འཛིན་འཁྲུལ་རྟོག་ཟག་ པ་སྔར་ཟད་ཀྱང་། །ཟག་འབྲས་ལྷག་བཅས་སྒོང་རྒྱ་རལ་མ་ཐག །ལྷུན་གྲུབ་རིག་པ་རང་གསལ་རང་ལ་འཆར། །སྐུ་དང་ཡེ་ཤེས་སྣང་བས་མཁའ་དབྱིངས་ཁྱབ། །རང་ངོ་ཤེས་པས་ཀུན་ བཟང་ཀློང་དུ་གྲོལ། །ཕྱོགས་བཅུར་ཐུགས་རྗེའི་རོལ་པ་ཚད་མེད་ལས། །སྤྲུལ་པ་འཕྲོ་བས་འགྲོ་བའི་དོན་ཀུན་བྱེད། །འཁོར་བ་ཇི་སྲིད་མཛད་པ་ཉེ་བར་སྟོན། །འདི་ནི་རང་བཞིན་བབས་ཀྱི་

ངོ་བོ་ལས། །རྩལ་གྱི་ཐུགས་རྗེ་ཕྱོགས་མེད་ཤར་བ་སྟེ། །རོལ་པས་གཞན་དོན་ཕུན་སུམ་ཚོགས་པ་ཡིན། །ཅེས་དང་། ཚུལ་དེ་དང་འདྲ་བ་དཔལ་མགོན་ཀླུ་སྒྲུབ་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་འབྲས་བུ་མཐར་ཐུག་ཐོབ་པའི་གེགས་སུ་གྱུར་པའི་སྤང་བྱ་ལྷག་མ་མ་ལུས་པ་བཅོམ་པ་ན་སྒྲིབ་བྲལ་ཆོས་སྐུའི་དབྱིངས་སུ་སངས་རྒྱས་ཏེ་སྐུ་དང་ཡེ་ཤེས་ཡོན་ཏན་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པ་སྣང་བར་གསུངས་ཏེ་དབུ་མ་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པར་བུ་ག་གཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་གྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ན་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་གསུངས་ལ། དེ་ལྟར་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་ངོ་བོ་དབྱེར་མེད་ཟུང་འཇུག་གི་ལྟ་བ་ལ་ངེས་ཤེས་ཡང་དག་པར་འདྲོངས་པ་ན་ཕྱི་ནང་གི་རུ་ཤན་དབྱེ་བ་སྔོན་དུ་སོང་ནས་ཆོས་སྐུའི་བཞུགས་སྟངས་སེང་གེའི་འགྱིང་ཚུགས་ལྟ་བུ།

༄༅། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་སྟབས་ལྟ་བུ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་བུ་ལྟ་བུ་སྟེ་བཞུགས་སྟངས་གསུམ་ལ་བརྟེན་པའམ། ལུས་ཁམས་ཀྱིས་མ་ལྕོགས་ན། སློབ་དཔོན་ཆེན་པོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གདམས་པའི་གདམས་ངག་མར་གྱི་ཡང་ཞུན་ལས། དད་ཅན་དགེ་སེམས་ལྡན་པའི་ལུས༔ མོས་གུས་ཅན་མ་ཁྱོད་ཉོན་ཅིག༔ ལུས་གནད་ཟབ་མོ་མང་ཡང་༔ གང་བདེར་འབོལ་ལེ་ཤིག་གེར་ཞོག༔ དེ་ཁ་རང་ལ་འདུས་སོ༔ ངག་གི་གནད་ནི་རླུང་བསྡམ་པ་དང་༔ སྔགས་ བཟླས་པ་སོགས་མང་ཡང་༔ བརྗོད་པ་ཁྲོལ་ལ་ལྐུག་པ་ལྟར་ཞོག༔ དེ་ཁ་རང་ལ་འདས་སོ༔ སེམས་ཀྱི་གནད་ནི༔ སེམས་འཛིན་པ་དང་༔ གློད་པ་དང་༔ སྤྲོ་བ་དང་༔ བསྡུད་པ་ དང་༔ འགུགས་པ་ལ་སོགས་མང་ཡང་༔ མ་བཅོས་པར་འབོལ་ལེ་ཤིག་གེར་རང་ལུགས་སུ་འཇོག་པ་འདི་ཀ་རང་ལ་འདུས་སོ༔ དེ་ཀའི་ངང་ལ་ལྷན་ནེར་གནས་པའི་ཚེ་དཔེ་ཉི་མ་ཚ་མོའི་ སེར་བུ་བཞིན་མེད་དམ་བྱས་ན་བན་བུན་གྱ་གྱུ་ཡོད་དམ་བྱས་ན་དབྱིབས་དང་ཁ་དོག་ངོས་བཟུང་གང་ཡང་མ་གྲུབ་པ་སྟོང་སང་ངེ་བ་དེ་ཀ་སེམས་ཀྱི་གནས་ལུགས་ཡིན༔ དེ་ལྟར་ཡིན་པ་ངོ་

ཤེས་པས་ཐག་ཆོད་པ་དེ་ལྟ་བ༔ མ་བཅོས་འཛིན་མེད་དུ་ལྷན་ནེ་བའི་ངང་ནས་མ་ཡེངས་པ་དེ་བསྒོམ་པ༔ དེའི་ངང་ལ་ཚོགས་དྲུག་གི་སྣང་བ་གང་ལ་ཡང་ཞེན་འཛིན་སྤང་བླང་རེ་དོགས་དང་བྲལ་བ་འདི་སྤྱོད་པ་ཡིན་ནོ༔ ཞེས་གསུངས་པ་ལ་ཡིད་རྟོན་པ་ནས་ཉིན་མོ་ཆོས་སྐུའི་རྟེན་ཉི་མ། ནུབ་མོ་ལོངས་སྐུའི་རྟེན་ཟླ་བ། ནང་ནུབ་སྤྲུལ་སྐུའི་རྟེན་སྣང་གསལ་ལ་བརྟེན་ཏེ་ཆོས་སྐུ་སྒྲིབ་བྲལ་ཆོས་ཉིད་ཀྱི་སྤྱན་གྱེན་དུ་གཟིགས་པ། ལོངས་སྐུ་དག་པ་ཡེ་ཤེས་ཀྱི་སྤྱན་ཐད་ཀར་གཟིགས་པ། སྤྲུལ་སྐུ་ཤེས་རབ་སྙིང་རྗེའི་སྤྱན་ཐུར་ལ་གཟིགས་པ་སྟེ། གཟིགས་སྟངས་རྣམ་པ་གསུམ་ལ་བརྟེན་ཅིང་། དེ་ལས་ཇི་སྐད་དུ་རྒྱུད་གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་གསུངས་པས་དེ་ལ་རིན་ཆེན་ནི་སྙིང་ཏེ་ཙིཏྟ་རིན་པོ་ཆེ། རྒྱ་མཚོ་ནི་ཆུའི་ཁམས་ལས་གྲུབ་པའི་མིག་གི་དབང་པོ། འབྲེལ་བའི་རྩ་ཞེས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ། དེའི་ཁ་དོག་ནི་དཀར་ལ་དྭངས་པ་དངོས་པོ་རགས་པའི་རྫས་སུ་མ་གྲུབ་པས་འཇམ་པ། རྩ་དེའི་ནང་ཁོང་སྟོང་པ། དེའི་ནང་ཕ་ལས་ཐོབ་པའི་སྣང་ཆ་ཐིག་ལེ་དཀར་པོ་དང་། མ་ལས་ཐོབ་

པའི་སྣང་ཆ་ཐིག་ལེ་དམར་པོ་སྟེ་ཁུ་ཁྲག་མེད་པས་འཁོར་བའི་རྒྱུ་རྐྱེན་བྱེད་པའི་རྫས་ཀྱི་དངོས་པོ་རང་མཚན་པས་མ་བསླད་པས་ན་མ་གོས་པ་སྟེ། དེ་ཡེ་ཤེས་ཀྱི་འོད་སྣང་འཆར་བའི་ལམ་ཡིན་པས་ཡེ་ཤེས་ཆེན་པོ་དེ་ནས་རྒྱུ་ཞེས་གསུངས་ཤིང་། ལུས་དང་པོ་ཆགས་པའི་དུས་ན། ཆུའི་བྱེད་ལས་ཀྱིས་ཆགས་པའི་བསྐྱེད་བྱེད་ཀྱི་རྩའི་མདུད་པ་ན་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་ནས་འབྱུང་བའི་སྤྱན་ལས་ཕུང་པོ་གྲུབ་ཅིང་། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་འོད་སྣང་གསལ་བྱེད་མིག་གི་ཨ་འབྲས་ཀྱི་དཀྱིལ་ན་རྩ་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་ཞིང་རྩེ་མོ་ཡངས་པ་གཉིས་ཆགས་ཏེ་དེ་དག་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དྭངས་ལ་གསལ་བས་འོད་གསལ་གྱི་སྣང་བ་འཆར་ཞིང་། འོད་གསལ་གྱི་སྣང་བ་དེ་དག་ཀྱང་ཕྱི་རོལ་ག་ཤེད་ནས་རང་དབང་ཅན་གྱི་དངོས་པོའི་རྫས་ཤིག་ཚུར་མཆེད་པ་ལྟ་བུ་མ་ཡིན་པར་ཉི་མ་རང་གི་འོད་ཟེར་ལ་རོལ་པ་བཞིན་དུ་རང་རྩལ་དུ་རོལ་པར་བྱེད་པས་ན་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་གསུངས་ཏེ། སྙིང་ཐིག་གི་རྒྱུད་ལས། སྙིང་ནས་མིག་ཏུ་འབྲེལ་བ་ཡི༔ རང་བྱུང་གསང་བ་ཆེན་པོའི་རྩ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཞེས་རང་བྱུང་གི་སྒྲས་རྒྱུ་རྐྱེན་

གྱིས་མ་བསྐྱེད་པའི་འོད་རྩ་ཞིག་ཡོད་པ་དེའི་རྟེན་འབྲེལ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་ལ་སོགས་པ་སྒྲོན་མ་རྣམ་པ་བཞིར་འཆར་བའི་ཚུལ་རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུའི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་གསུངས། དེ་ཡང་ཙིཏྟ་ཤ་ཡི་སྒྲོན་མ། དཀར་འཇམ་རྩ་ཡི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ་སྟེ་སྣོད་ཀྱི་སྒྲོན་མ་རྣམ་གསུམ། དབྱིངས་རྣམ་པར་དག་པའི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་སྟེ་བཅུད་ཀྱི་སྒྲོན་མ་རྣམ་གསུམ་སྟེ་སྒྲོན་མ་དྲུག་གམ། ཡང་ན་ཙིཏྟ་ཤ་ཡི་སྒྲོན་མ་རྩ་བའི་ཚུལ་དུ་སྣང་བ་སྙིང་། དཀར་འཇམ་རྩ་ཡི་སྒྲོན་མོ་སྡོང་པོའི་ཚུལ་དུ་སྣང་བ་རྩ། རྒྱང་ཞགས་ཆུ་ཡི་སྒྲོན་མའི་འབྲས་བུའི་ཚུལ་དུ་སྣང་བས་རྩ་བ་དང་སྡོང་པོ་དང་འབྲས་བུ་མིག་སྟེ་གསུམ་པོ་རྒྱང་ཞགས་ཆུའི་སྒྲོན་མའི་ཁོངས་སུ་འདུས་པ་སྟེ་རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞིའི་དོན་རྟོགས་པ་ནས་རྒྱང་ཞགས་ཆུའི་སྒྲོན་མ་སྒྲིམས་ལྷོད་རན་པའི་སྒོ་ནས་འོད་གསལ་གྱི་རྟེན་སོ་སོར་ཁྲུ་གང་ཙམ་མ་རེག་པའི་ཚད་ཙམ་དུ་བལྟས་པས་

༄༅། །ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད་དེ་ཙིཏྟ་ཤའི་སྒྲོན་མའི་དབུས་སུ་མི་མངོན་པའི་ཚུལ་དུ་བཞུགས་པའི་གཞི་ཡི་འོད་གསལ་ཡེ་ཤེས་ལྔའི་རང་གདངས་ཕྱིར་ གསལ་དབང་པོའི་སྒོར་མངོན་སུམ་དུ་སྣང་བས་ཆོས་ཉིད་མངོན་སུམ་སྟེ། དེ་ཡང་དང་པོ་ཕྱི་རྟགས་དབྱིངས་སྣང་ཟ་འོག་ཁ་ཕྱེ་བ་ལྟ་བུ་འཆར་ཞིང་། ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མོའི་ཆུ་ལ་ རྡོ་བོར་བ་ལྟ་བུ་ཞེས་ཆུ་རྫིང་དུ་རྡོ་སྐྱུར་བ་ན་ཆུ་ཡི་གཟུགས་བརྙན་རི་མོ་མུ་ཁྱུད་རིམ་པ་ཅན་དུ་འཆར་བ་བཞིན་ཐིག་ལེ་འཆར། ཐིག་ལེའི་ཁ་དོག་ཀྱང་དང་པོ་མཐིང་སྐྱ་ལྟ་བུར་འཆར། དེ་ནས་ རིམ་བཞིན་གསེར་མདོག་ལྟ་བུར་འགྱུར། རིམ་པས་གསེར་གྱི་མདོག་ཅན་དེ་དག་འཇའ་ཡི་ཁ་དོག་ཏུ་འགྱུར། འོད་སྣང་ཇི་ལྟར་འཆར་བ་རྣམས་ལ་འཇུར་དྲན་གྱིས་བཅིངས་པ་མ་ཡིན་པར་ རིག་པ་མདུང་ཚུགས་སུ་ལྷན་ནེར་བཞག་པའི་ངང་ནས་བལྟས་པས་རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་གསེར་སྐུད་ཀྱི་རྣམ་པ་ལྟ་བུའི་འོད་ཕྲ་ཞིང་འཁྱོགས་པའི་ཚུལ་དུ་འཆར། རླུང་གི་གནད་ ཀྱིས་གྲོལ་བའི་རྟགས་སུ་ལྷག་མཐོང་གི་རྩལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྣམ་པ་གསེར་སྐུད་ལྟ་བུ་ཐིག་ལེ་ཐིག་ཕྲན་དང་བཅས་པ་འགྲོ་འོང་གི་རྣམ་པར་འཆར་བས་དེ་དག་པྲ་ཡས་སུ་མི་འཇུག་པར་

བརྩོན་འགྲུས་ཆེན་པོས་རྒྱུན་བསྐྱངས་ཏེ་དབྱིངས་དང་ཐིག་ལེའི་མུ་ཁྱུད་ནང་འཛུད་པ་ལ་གོམས་སུ་བཅུག་པས་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འོད་དང་ཐིག་ལེ་རྣམས་སྔར་བས་ཇེ་དྭངས་ཇེ་ གསལ་དུ་འགྱུར་ཞིང་། འགུལ་འཁྲིག་ཀྱང་ཇེ་ཉུང་དུ་སོང་། གནས་པའང་ཇེ་བརྟན་དུ་འགྲོ། ནང་རྟགས་སུ་བུམ་པའི་དབང་གི་ནུས་པ་ལུས་ལ་ཐེབས་པའི་རྟགས་སུ་ལུས་འགུལ་སྙིང་མི་ འདོད་པ་དང་། གསང་དབང་གི་ནུས་པ་ངག་ལ་ཐེབས་པའི་རྟགས་སུ་ངག་སྨྲ་སྙིང་མི་འདོད་པ་དང་། ཤེར་དབང་གི་ནུས་པ་སེམས་ལ་ཐེབས་པའི་རྟགས་སུ་རྣམ་རྟོག་འཕྲོ་འདུའི་རྒྱུན་རིམ་ བཞིན་ཆད་དེ་སེམས་གང་དུ་གཏད་པ་དེར་ལྷན་ནེར་གནས་ཚུགས་པ་དང་། འདིའི་དུས་སུ་ཕྱིན་ཆད་འཁོར་བར་མི་ལྡོག་པའི་གདིང་རྙེད་པས་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ པས་རབ་ཏུ་དགའ་བ་ཐོབ་པ་ལྟར་མདོ་ལམ་ལྟར་ན་ས་དང་པོ་རབ་ཏུ་དགའ་བ་ནོན་ཅིང་། སྔགས་ལམ་དུ་ལུས་ཟག་འབྲས་ལྷག་བཅས་རྣམ་སྨིན་ལུས་ཀྱི་རྣམ་པ་ལྟར་སྣང་ཡང་སེམས་རིག་པ་ ཡེ་ཤེས་ཀྱི་གཟུགས་སུ་སྨིན་པས་རྣམ་སྨིན་རིག་འཛིན་གྱི་ས་དོན་གྱིས་ཐོབ། སྐབས་འདིར་འཆི་བའི་དབང་དུ་གྱུར་ནས་བར་ཆད་ནའང་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་ཆེན་འབྱིན་པར་

༄༅། །གསུངས་པས། དེ་ལྟ་ན་ཆོ༵ས་ཉིད༵་བདེན་པའི་དོན་བག་ལ་ཞ་བ་མ་ཡིན་པར་ཇི་བཞིན་མངོ༵ན་སུམ༵་དུ་མཐོ༵ང་བ༵ར་བྱིན༵་གྱི༵ས་རློ༵བས་ཤིག་ཅེས་གསོལ་བ་འདེབས་པ་ ལགས་སོ། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཆོས་ཉིད་མངོན་སུམ་གྱི་རྗེས་སུ་ཉམས་གོང་འཕེལ་གྱི་སྣང་བ་ཤར་བས། དེ་ཡང་ཉམས་ཟེར་བ་ནི་མངོན་སུམ་དང་། རྨི་ལམ་གཉིས་ཀ་མིན་པའི་སྣང་བ་ལ་གསུངས། དེ་ཡང་ཇི་ལྟར་ན་རང་གི་རིག་པའི་ངོ་བོ་རྣམ་པ་རྡུལ་ཕྲ་རབ་ཙམ་དུའང་བསྒྲུབ་ཏུ་མེད་པ་ཆོས་ཉིད་སྟོང་པའི་ཡེ་ཤེས་འདུས་མ་བྱས་ཆེན་པོ་ ཉག་གཅིག་ལ། དེའི་རོལ་རྩལ་རང་བཞིན་གསལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཡོན་ཏན་གྱི་སྣང་ཆ་འོད་དང་འོད་ཀྱི་སྣང་བའི་སྐུ་དང་ཞིང་ཁམས་ཅིར་ཡང་འཆར་བ་སྟེ། དེའི་ཕྱིར་ ཐོད་རྒལ་ཉམས་ཀྱི་སྣང་བ་འདི་དག་བག་ཆགས་ལས་སྐྱེས་པའི་རྨི་ལམ་ཡང་མ་ཡིན་ལ། དངོས་པོར་སྨྲ་བ་གཞན་དང་ཐུན་མོང་དུ་གྲུབ་པའི་ཆོས་ཅན་མཐུན་སྣང་བའང་མིན་པར་སྐལ་ལྡན་གྱི་ རྣལ་འབྱོར་པ་རང་གིས་ཉམས་སུ་མྱོང་བའི་ངོ་མཚར་རྨད་དུ་བྱུང་བའི་དག་པའི་གཟིགས་སྣང་ལ་ལྟད་མོར་ཕྱོགས་པའི་སྣང་བ་ཞིག་ཡིན་ཅིང་། ཉམས་དེ་ཡང་ཆང་གིས་ར་རོ་བའམ།

འཁྲིག་པ་སྤྱད་པ་ལས་བྱུང་བའི་ཟག་བཅས་ཀྱི་བདེ་བའི་ཉམས་སམ། རྐྱེན་བཟང་པོ་ཞིག་ལ་བརྟེན་ནས་སེམས་རྒོད་པ་ལྟ་བུའི་གསལ་བའི་ཉམས་སམ། གཉིད་རྨུག་གམ་ཁམས་འདུས་པ་ལས་བྱུང་བའི་སེམས་མི་དྭངས་པ་ལྟ་བུའི་མི་རྟོག་པའི་ཉམས་ཏེ་མདོར་ན་བློ་ཡིས་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཤེས་ཉམས་འགྱུར་ལྡོག་ཅན་མ་ཡིན་པར། རིག་པའི་ངོ་བོ་སྟོང་པ་ཆེན་པོ་ཟང་ཐལ་དུ་མཐོང་བས་མི་རྟོག་པའི་ཉམས་དང་། སྟོང་པ་ཆེན་པོ་དེའི་སྣང་ཆ་མ་འགགས་པར་གསལ་བས་གསལ་བའི་ཉམས་དང་། གསལ་སྟོང་དབྱེར་མེད་པའི་ཡོན་ཏན་བདེ་བར་འཆར་བས་བདེ་བའི་ཉམས་ཏེ་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་སྣང་བ་ཡིན་པས་སྣང་བའི་ཉམས་ཞེས་གསུངས། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཐིག་ལེ་དང་ཐིག་ཕྲན་གྱི་ཚུལ་དུ་འཆར་བ་རྣམས་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ཀྱི་རྣམ་པ་ལྟ་བུར་སྨིན་མཚམས་དང་མིག་དང་ཉེ་བར་འཆར་བ་རྣམས་ཇི་ཞིག་ནས་དབྱིངས་རིག་སྨིན་མཚམས་ནས་བྲལ་བ་ཞེས་བར་སྣང་ལ་མངོན་སུམ་གསལ་བའི་མཐོང་ཆོས་སུ་ལོགས་སུ་མཆེད། འོད་སྣང་གསེར་སྐུད་ལྟ་བུ་རྣམས་ཀྱང་ཆུ་རིས་ལྟར་འཕྲེད་དུ་ཤར་བས་རྩིབས་ཤར་དང་། དེ་དག་གྱེན་ལ་

འགྲེང་པ་ལྟ་བུར་ཤར་བས་གྱེན་འགྲེང་། རིམ་བཞིན་གྲུ་ཆད་དང་མཁར་ཐབས་ཀྱི་རྣམ་པ་དང་། དྲྭ་བ་དྲྭ་ཕྱེད་དང་། མིག་མང་གི་རིས་སུ་བྲེས་པ་ལྟར་ཤར་ཏེ། ཐིག་ལེ་རྣམས་ཀྱང་སེར་པོ་ཉ་མིག་འདྲ་བ་ནས་རིམ་བཞིན། འཐེབ་གོར་དང་། རྔ་ཆུང་དང་། ཤིང་རྟའི་འཁོར་ལོ་ལ་སོགས་ལྟ་བུ་ཇེ་ཆེར་ཤར། མཆོད་རྟེན་གྱི་རྣམ་པ་རྡོ་རྗེ་འཁོར་ལོ་པདྨ་རལ་གྲི་དྲིལ་བུ་ལ་སོགས་པར་ཤར་ཏེ་རིམ་བཞིན་གོམས་པ་ཇེ་བརྟན་དུ་གྱུར་སྐབས་ས་རྡོ་རི་བྲག་ལ་སོགས་པ་གདོས་བཅས་ཀྱི་གཟུགས་རྣམས་དྭངས་མ་འཇའ་འོད་ཀྱི་རྣམ་པར་ཤར་ཏེ་ཕྱི་ཡི་འཕེལ་ཚད་རྫོགས་པ་ན། ནང་རྟགས་རྩ་རླུང་ཐིག་ལེའི་ཁམས་རགས་པ་རྣམས་བརྗེ་བའི་རྟགས་སུ་ལུས་ལ་བདེ་སྡུག་ན་ཚ་ཟུག་རྔུ་སྣ་ཚོགས་འབྱུང་བ། ངག་ཀྱང་སྨྱོན་པ་བཞིན་དུ་ཅི་ཐོད་ཐོད་དུ་སྨྲ་བ། སེམས་ཀྱང་གཏད་སོ་མེད་པར་འགྲོ་འདུག་གི་སྣང་བ་མང་པོ་ཤར་བ། རེས་འགའ་ངེས་འབྱུང་དང་རེས་འགའ་སྙིང་རྗེའི་རྩལ་འབར་བ་སོགས་མདོར་ན་ཕྱི་ཡི་ལྷོངས་ཚད་ལྷ་འདྲེའི་ཆོ་འཕྲུལ་སོགས་འབྱུང་བཞི་འཁྲུགས་པའི་འཇིགས་པ་སྣ་ཚོགས་མ་ངེས་པར་འབྱུང་བ། ནང་གི་ལྷོངས་ཚད་ལུས་ལ་ན་ཚ་སྣ་ཚོགས། གསང་བའི་ལྷོངས་ཚད་སེམས་ལ་བདེ་སྡུག་སྣ་

ཚོགས་འཆར། གང་ལྟར་འཆར་ཡང་སྐྱེ་བ་མེད་པའི་དོན་བསམས་ཏེ། སྒྱུ་མ་དང་རྨི་ལམ་ལྟ་བུ་རྟེན་གཞི་རྩ་བ་ནས་མི་རྙེད་པའི་དབྱིངས་སུ་མཉམ་པར་བཞག་པས་མ་དག་སྙིགས་མའི་བསྐལ་པ་འོད་གསལ་དྭངས་མའི་དབྱིངས་སུ་འཇིག་པ་ཞེས་གསུངས་པ་བཞིན་མ་དག་སྙིགས་མའི་འབྱུང་བ་རགས་པ་རྣམས་འོད་གསལ་དྭངས་མའི་དབྱངས་སུ་འཕོས་པའི་ཉམས་འཆར་རོ། །འདིའི་སྐབས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱིང་རྒོད་མེད་པའི་ཏིང་ངེ་འཛིན་རང་དང་གཞན་གྱི་ལས་དང་བྱ་བས་མི་ཉམས་པ་སྐྱེ་བ་དཀའ་ཞིང་སྦྱངས་པར་དཀའ་བ་དེ་དག་སྐྱེས་ཤིང་སྦྱངས་པས་མདོ་ལམ་གྱི་ས་ལྔ་པ་སྦྱངས་དཀའ་བ་དང་། འཁོར་བར་སྐྱེ་འཆིའི་སྣང་བ་དག་པས་སྔགས་ལམ་དུ་ཚེ་དབང་རིག་འཛིན་གྱི་ས་ཐོབ། འཕེལ་ཚད་རྫོགས་ཚེ་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་གསུངས་པས་དེ་ལྟར་དུ་ཉམས་སྣང་གང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པ་ལགས་སོ། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཉམས་གོང་འཕེལ་གྱི་སྣང་བའི་རྗེས་སུ་

༄༅། །རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་ཕྱི་རྟགས་དབྱིངས་སྣང་གཞལ་ཡས་ཁང་གི་རྣམ་པ་ལྟ་བུར་འཆར་བའི་ཀློང་དུ་སྐུ་ཡི་རྣམ་པ་དབུ་དང་། དབུའི་གཙུག་ཏོར་གྱི་རྣམ་ པ་དོད་ཙམ་ནས་རིམ་བཞིན་རྒྱན་མེད་སྐུ་རྐྱང་ཡོངས་རྫོགས་འཆར་བ་དང་། ཐིག་ལེ་ལྔ་ཚོམ་དུ་འཆར་ཞིང་དེ་དག་གི་དབུས་སུ་རྣམ་པར་སྣང་མཛད་དཀར་པོ། རིན་ཆེན་འབྱུང་ལྡན་སེར་པོ། རྡོ་རྗེ་སེམས་དཔའ་མཐིང་ག སྣང་བ་མཐའ་ཡས་དམར་པོ། དོན་ཡོད་གྲུབ་པ་ལྗང་གུ་ཁ་དོག་གསལ་ཙམ་འཆར་ཞིང་། རིམ་བཞིན་རིགས་ལྔའི་སངས་རྒྱས་རང་རང་ལ་ཡུམ་གྱིས་འཁྱུད་ པའི་རྣམ་པ་གསལ་ལ་ཁ་དོག་དྭངས་པར་འཆར། དེ་ལས་རིམ་བཞིན་གཙོ་བོ་ཡབ་ཡུམ་ལ་རང་རང་གི་འཁོར་སེམས་དཔའ་སེམས་མ་བཞི་རེ་སྟེ་ལྔ་ཚོམ་དུ་འཆར་བ་དང་། ཐིག་ལེ་ཐམས་ ཅད་ལྷ་སྐུའི་རྣམ་པར་སྨིན་ཏེ་ཐ་མལ་འབྱུང་ལྔའི་སྣང་བ་དབྱིངས་སུ་ནུབ་ནས་ཕྱི་སྣོད་སྣང་ཚད་ཐམས་ཅད་འོད་ལས་གྲུབ་པའི་སྤངས་ལྗོངས་མེ་ཏོག་ལྗོན་ཤིང་སྐྱེས་ཚལ་ལ་སོགས་པ་དང་། ཕོ་བྲང་དང་གཞལ་ཡས་ཁང་ལ་སོགས་པར་འཆར། ནང་བཅུད་གཟུགས་ཀྱི་རྣམ་པ་ཐམས་ཅད་རིགས་ལྔའི་སངས་རྒྱས་གཙོ་འཁོར་གྱི་རྣམ་པ་འབའ་ཞིག་ཏུ་འཆར་ཞིང་། དེ་དག་ཀུན་ཀྱང་

རྣམ་པ་དབྱིབས་དང་ཁ་དོག་དང་རྒྱན་རྣམས་མ་འདྲེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཡོན་ཏན་གྱི་རང་རྩལ་འོད་ཀྱི་ཕུང་པོ་གཟི་བརྗིད་ཕྲེང་བ་ལྟ་ན་སྡུག་པ་སོ་སོར་འཆར་ཡང་། དོན་ལ་དབྱེར་མི་ཕྱེད་པ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་གནས་སྐབས་སུ་གསུངས་ཏེ། དེ་ལྟ་བུའི་རི༵ག་པ༵་ཚ༵ད་ལ༵་ཕེབས་པ༵ར་བྱི༵ན་གྱི༵ས་རློ༵བས་ཤིག་ཅེས་གསོལ་བ་འདེབས་སོ། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་གཟུང་བའི་ཡུལ་འཁྲུལ་སྣང་དང་། ནང་འཛིན་པའི་སེམས་བག་ཆགས་དང་བཅས་པ་ཟད་པས་གསང་བ་འོད་གསལ་ཉམས་ཀྱི་སྣང་བའི་འཕེལ་ཐམས་ཅད་ཀྱང་ཡེ་དག་སྟོང་པ་ཆེན་པོའི་དབྱིངས་སུ་ཟད་པ་སྟེ། དེ་ཡང་གང་ཟག་དབང་རྣོན་རིམ་གྱིས་པ་རྣམས་ལ་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པ་སྟེ་སྣང་བ་བཞི་སོ་སོའི་ཉམས་གོ་རིམ་བཞིན་དུ་ཚད་དུ་ཕྱིན་པའི་མཐར་ཟད་པ་དང་། གང་ཟག་དབང་པོ་རྣོན་པོའི་རྣོན་པོ་བློ་མཆོག་ཅིག་ཅར་བ་འགའ་ལ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་གོམས་པ་ཚད་དུ་ཕྱིན་པའི་རྗེས་སུ་ཉམས་གོང་འཕེལ་དང་རིག་པ་ཚད་ཕེབས་ཀྱི་སྣང་བ་གོ་རིམ་སྔ་ཕྱི་བཞིན་དུ་

༄༅། །འཆར་བ་ལ་མི་ལྟོས་པར་ཆོས་ཉིད་ཟད་པའི་སར་ཕྱིན་པའང་ཡོད་ཅེས་གསུངས་ལ། དེ་ཡང་ཆོས་ཉིད་མངོན་སུམ་དང་ཉམས་གོང་འཕེལ་གྱི་སྣང་བ་རྣམ་སྨིན་ རིག་འཛིན་གྱི་རྟེན་ལ་མཐོང་ཞིང་། རིག་པ་ཚད་ཕེབས་ཀྱི་སྣང་བ་ཚེ་དབང་རིག་འཛིན་གྱི་རྟེན་ལ་མཐོངབ་དང་། ཆོས་ཉིད་ཟད་པའི་སྣང་བ་ཕྱག་རྒྱའི་རིག་འཛིན་གྱི་ས་ལ་མཐོང་བ་སྟེ། སྣང་བཞིའི་ས་ལམ་གྱི་གོ་རིམ་བཞེད་པ་མི་འདྲ་བ་ཅུང་ཟད་རེ་ཡོད་པ་ནི་རྣལ་འབྱོར་པ་རང་རང་གི་རྩ་ཁམས་དང་དབང་པོའི་བྱེ་བྲག་གིས་ས་ལམ་མྱུར་བུལ་གྱི་ཁྱད་པར་ཡོད་པས་སྣང་བ་ལ་ དངོས་པོར་འཛིན་པའི་སྒོ་ནས་མཐའ་གཅིག་ཏུ་ངེས་ངེས་ཏིག་ཏིག་གི་གོ་རིམ་སྒྲིག་འོས་པ་མ་ཡིན་པ་ནི། འཇམ་དཔལ་མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་འབྱེད། །སྐད་ཅིག་ གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་སོ། །ཆོས་ཉིད་ཟད་སར་འཁྱོལ་བའི་སྔ་ཐོགས་སུ་དབྱིངས་སྣང་ཐིག་ལེ་མཐིང་གའི་ཀློང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་ བསྐྱོད་པ་ཡབ་ཡུམ་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་བར་མཚམས་རྣམས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐིང་ནག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་

འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་ཐིག་ལེ་མཐིང་ག་བཻ་ཌཱུརྻའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་དཀར་གསལ་གྱི་ཀློང་དུ་ཐིག་ལེ་དཀར་པོ་བསེ་ཕུབས་ཙམ་གྱི་ནང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་ཡབ་ཡུམ་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་བར་མཚམས་རྣམས་སུ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་འཆར་ཞིང་། སྐུ་དེ་དག་གིས་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་རང་གི་སྙིང་གར་ཟུག་པས་སྟེང་དུ་ཐིག་ལེ་དཀར་པོ་དུང་གི་ཕོར་པ་ཁ་སྦུབས་པ་ལྟར་བུ་བརྩེགས་མར་འཆར་རོ་། །དེ་རྫོགས་པའི་རྗེས་སུ་འབྱིངས་སྣང་སེར་པོའི་ཀློང་དུ་ཐིག་ལེ་སེར་པོ་བསེ་ཕུབས་ཙམ་གྱིས་ནང་དུ་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་སེམས་དཔལ་སེམས་མ་བཞི་དང་བཅས། བཅས་པ་ལྔ་ཚོམས་སུ་ཤར། བའི་བར་མཚམས་རྣམས་སུ། རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཕྲེང་བ་ལྟ་བུ་འཆར་ཞིང་། སྐུ་དེ་དག་ཐུགས་ཀ་ནས་འོད་ཟེར་སེར་པོའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་གསེར་གྱི་ཕོར་པ་ཁ་སྦུབས་

པ་ལྟ་བུ་བརྩེགས་མར་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་དམར་པོའི་ཀློང་དུ་ཐིག་ལེ་དམར་པོ་བསེ་ཕུབས་ཙམ་གྱི་ནང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་རྣམས་སུ་རྡོ་རྗེ་ལུ་གུ་རྒྱུད་བྱི་རུའི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དམར་པོ་བྱི་རུའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་འཆར། དེ་རྫོགས་པའི་རྗེས་སུ་དབྱིབས་སྣང་ལྗང་གུའི་ཀློང་དུ་ཐིག་ལེ་ལྗང་གུ་བསེ་ཕུབས་ཙམ་གྱི་ནང་བཅོམ་ལྡན་འདས་དེ་བཞིནགཤེགས་པ་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་སེམས་དཔལ་སེམས་མ་བཞི་དང་བཅས་ལ་ལྔ་ཚོམས་སུ་ཤར་བའི་གོམ་མཚམས་རྣམས་སུ་རྡོ་རྗེ་ལ་གུ་རྒྱུད་གཡུ་ཡི་ཕྲེང་བ་བསྟར་ལ་བརྒྱུས་ལ་ལྟར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་ཞིང་། སྐུ་དེ་དགག་གི་ཐུགས་ཀ་ནས་འོད་ཟོར་ལྗང་གུའི་སྣམ་བུ་རང་གི་སྙིང་གར་ཟུག་པ་སྟེང་དུ་ཐིག་ལེ་ལྗང་གུ་གཡུ་ཡི་ཕོར་པ་ཁ་སྦུབས་པ་ལྟར་བུ་བརྩེགས་མར་བརྒྱན་པ་འཆར་རོ། །འོད་དེ་དག་ཤར་མ་ཐག་ཏུ་འོད་ཟེར་

ཆེན་པོའི་དབང་ནོད་དེ་དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྟེང་ཕྱོགས་སུ་འཆར་བའི་སྣང་བ་ཤར་བའི་ཚེ་ན་སྣོད་བཅུད་སྣང་བ་ཐམས་ཅད་འོད་གསལ་དུ་དེངས་ནས་སྐུ་དང་ཐིག་ལེ་ལ་སོགས་པའི་འོད་གསལ་གྱི་སྣང་བ་དེ་དག་ཐམས་ཅད་སྤྲིན་ཕུང་ནམ་མཁའི་དབྱིངས་སུ་ཡལ་བ་ལྟར་རིམ་གྱིས་ཡལ་ཞིང་། ནང་རྟགས་སུ་ཚིག་དབང་གིས་སེམས་དག་པས་ཀུན་གཞི་ཆོས་སྐུ་རུ་སངས་རྒྱས་པས་འཁོར་འདས་ལ་བསྐྱར་གཞི་མེད་པ། ཡུལ་ཅན་གྱི་ཤེས་པ་ཟད་པས་གཟུང་བའི་ཡུལ་ཟད་པ། ཟག་བཅས་ཀྱི་ཕུང་པོ་ཟད་པས་འཁོར་བའི་རྒྱ་ལས་གྲོལ་བའོ། །འདིའི་དུས་སུ་ཟག་བཅས་ཀྱི་ཕུང་པོའམ་ལུས་ཀྱི་སྣང་བ་མེད་པས་དགྲ་དང་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་བ་མེད་པ། སྒྲ་ལ་སྒྲར་འཛིན་གྱི་རྟོག་པ་མེད་པས་ངག་བྲག་ཆ་ལྟ་བུ་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཟློ་བ། སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་རིག་པ་གདོད་མའི་མགོན་པོའི་ཐུགས་ཀྱི་དབྱིངས་སུ་འབྱམས་ཀླས་ཤིང་། མདོ་ལམ་གྱི་ས་བཅུ་པ་ལས་ཆེས་ཁྱད་པར་དུ་འཕགས་ཤིང་། སྔགས་ལམ་དུ་ལྷུན་གྱིས་གྲུབ་པའི་ས་མཆོག་དོན་གྱིས་ཐོབ་པས་དེ་ཡན་ཆད་གོང་དུ་བགྲོད་པར་བྱ་བའི་ས་མེད་པས་སྣང་བའི་འཕེལ་ཟད་པ་ཞེས་གསུངས་ཏེ།

༄༅། །དེས་ན་དེ་བཞིན་དུ་ཆོ༵ས་ཉིད༵་ཟ༵ད་ས༵ར་འཁྱོ༵ལ་བ༵ར་བྱིན༵་གྱི༵ས་རློ༵བས་ཤིག་ཅེས་གསོལ་བ་འདེབས་པ་ལགས་སོ། །གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས། ། མཐར་ཕྱིར་གསལ་གྱི་ཚུལ་དུ་སྣང་བའི་འོད་གསལ་གྱི་སྣང་བ་ཐམས་ཅད་ནང་གསལ་གཞོན་ནུ་བུམ་པའི་སྐུ་ཡི་དབྱིངས་སུ་འཁྱིལ་བའི་ཚུལ་ནི། རང་ལུས་འོད་ཀྱི་ནང་དུ་ལག་པའི་སོར་མོ་ བཀྲམ་པ་བཞིན་དུ་ཡུད་ཙམ་སྣང་ཞིང་། དེ་ལས་རིང་པོར་མི་ཐོགས་པར་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཙམ་ཡང་མ་ལུས་པ་ཀ་དག་གི་དབྱིངས་སུ་དྭངས་ནས་རང་གི་གནས་ལུགས་ཇི་ལྟ་བ་མཁྱེན་ པའི་ཡེ་ཤེས་ཀྱི་རྩལ་ཡོངས་སུ་རྫོགས་ཏེ་ཆོས་སྐུའི་རྒྱལ་ཐབས་ལ་མངའ་དབང་བསྒྱུར། གནས་ལུགས་ཇི་ལྟ་བའི་ཡོན་ཏན་ནམ་ཡང་འགགས་པ་མེད་པའི་མཁྱེན་ཆ་ཇི་སྙེད་པའི་ཆོས་ཐམས་ ཅད་ཀྱི་སྣང་ཚུལ་མ་འདྲེས་སོ་སོར་གཟིགས་པའི་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་ཡོངས་ས་རྫོགས་པས་རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་ལས་གཞན་དུ་གྱུར་པ་རྡུལ་ཙམ་ཡང་མ་ གཟིགས་མི་གཟིགས་གཟིགས་པ་མེད་པའི་ཚུལ་དུ་བཞུགས་པས་ནང་གསལ་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུ་རུ་སངས་རྒྱས་པའོ། །དེ་ཡང་འདུས་མ་བྱས་ཆེན་པོ་ཆོས་ཀྱི་སྐུ་ནི་ནམ་

ཡང་སྐྱེ་བ་མེད་ཅིང་། གང་ན་སྐྱེ་བ་མེད་ཕན་ཆོད་དེ་ལ་རྒས་ཤིང་རྒུད་པའི་རྣམ་པ་རྡུལ་ཙམ་ཡང་རྙེད་མི་སྲིད་པའི་ཕྱིར་གཞོ༵ན་ནུ༵་ཡིན་ལ། ཇི་ལྟར་སྟོབས་དང་མངའ་ཐང་ཚད་ལས་འདས་པའི་རྒྱལ་པོའི་མཛོད་ཀྱི་བུམ་པའི་ནང་རིན་ཐང་བྲལ་བའི་རིན་པོ་ཆེའི་རིགས་ཀྱིས་ཕྱུར་བུར་གཏམས་པ་བཞིན་དུ་རང་ཉིད་སྐུ་དང་ཡེ་ཤེས་ཀྱི་ཕུང་པོ་འབའ་ཞིག་ཏུ་འཁྱིལ་བ་ལས་གང་དུའང་མ་གཡོས་པ་སྟེ་ཕྱི་རྒྱ་མ་རལ་བས་བུམ༵་པ། གཟུགས་སྐུ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་སྐུར༵་གྲུབ་པར་གསུངས་པས། དེ་ལྟ་བུའི་དབྱིངས་སུ་གྲོལ༵་བ༵ར་བྱིན༵་གྱི༵ས་རློ༵བས་ཤིག་ཅེས་གསོལ་བ་འདེབས་པ་ལགས་སོ། །ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ཚེ་དང་ལས་ཀྱི་རྟེན་གཟུང་འཛིན་གྱི་སེམས་འདི་དག་པར་མ་བྱས་ན། སྐྱེ་བ་ཕྱི་མ་ནས་ཕྱི་མར་ཟག་པ་དང་བཅས་པའི་ཕུང་པོ་ལ་བདག་ཏུ་ཞེན་པ་སྐྱེས་ཤིང་། འཁྲུལ་སྣང་སྐྱེ་ཤིའི་སྡུག་བསྔལ་ཡང་ཡང་མྱོང་དགོས་པས་ན་དེ་ལྟར་མི་འབྱུང་བའི་སླད་དུ་ཚེ་འདིར་སྐུ་གསུམ་ལམ་སྣང་དུ་འཁྱེར་བའི་ཐོད་རྒལ་གྱི་གདམས་པ་ལ་བརྟེན་ནས་ཚུལ་བཞིན་ཉམས་སུ་བླངས་ཏེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་བྱིན་གྱིས་རློབ་ཤིག །ཅི་སྟེ་དུས་དང་ཁམས་ཀྱིས་མ་ལྕོགས་ན་རེ་དོགས་

ཀྱི་འཁུ་འཁྲིག་མེད་ཅིང་སེམས་ཀྱི་དཔང་མ་ཞུམ་པའི་ངང་ནས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱིས། བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པས་ད་གཟོད་བསྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །མི་འགྱུར་ལྷུན་གྱིས་གྲུབ་ལ་རྩོལ་མི་བྱེད། །ཡེ་གཞི་བབས་གཞི་བྱང་ཆུབ་སྙིང་པོའི་གཞི། །རང་བཞིན་ངང་ལས་གཡོས་པ་འགའ་མེད་པས། །ཀློང་གསལ་རིག་པའི་དོན་ལས་མ་གཡོ་ཞིག །ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་ཡང་། །མི་འགྱུར་ཀུན་འགྲོ་ཁྱབ་བདག་ཡེ་ཤེས་ལྔ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡེ་ཤེས་ལྔ། །ཕྲིན་ལས་ལྔ་སྟེ་དང་པོའི་སངས་རྒྱས་ཀྱང་། །ཐོག་མཐའ་མེད་པའི་ཀློང་འདིར་ལྷུན་གྲུབ་པས། །གཞན་དུ་མ་འཚོལ་རང་བཞིན་ཡེ་ནས་གྲུབ། །སངས་རྒྱས་ཀུན་གྱི་ཆོས་སྐུ་བྱང་ཆུབ་ཀྱང་། །མི་འགྱུར་མཉམ་པའི་དོན་ལས་གཞན་དུ་མེད། །དེ་ཡང་རང་བྱུང་ངང་འདིར་ལྷུན་གྲུབ་པས། མ་འཚོལ་མ་སྒྲུབས་རེ་དོགས་ལྷུན་གྱིས་ཞོག །ཅེས་ཇི་སྐད་གསུངས་པའི་དགོངས་པ་ལ་གདིང་ཆེན་ཐོབ་སྟེ་དངོས་དང་དངོས་མེད་ཕྱི་ནང་གསང་གསུམ་གང་དུའང་མི་རྟོག་

པའི་སྐུ་དང་ཡེ་ཤེས་ཞིང་ཁམས་ཡེ་ནས་རང་ཆས་སུ་བཞུགས་པ་ཆོས་ཉིད་ཀྱི་དགོངས་པ་ལ་དུས་གསུམ་སྔ་ཕྱི་མེད་ཕྱིར་འབྲས་བུ་ཕྱི་དུས་ལ་མི་ལྟོས་པར་ཚེ༷་འདི༷ར་གནས་སྣང་དག་མཉམ་ འཇ༷འ་ལུ༷ས་ཆོས་སྐུ་ཆེན་པོ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་བདེ་བླག་ཏུ་འགྲུ༷བ་པ༷ར་བྱི༷ན་གྱི༷ས་རློ༷བས་ཤིག་ཅེས་གསོལ་བ་འདེབས་སོ། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་ རློབས། །དེ་ཡང་འདུལ་བ་ལུང་ལས། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་ མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་དང་། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། ། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་ཏེ། དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་མི་སྟེ་འགྲོ་བ་རིགས་དྲུག་གམ། ལྷ་དང་ལྷ་མིན་གཅིག་ཏུ་བྱས་ནས་རྒྱུད་ལྔས་ བསྡུས་པའི་འགྲོ་བ་ལྔ་པོའམ་སྲིད་པ་གསུམ་པོ་ནི་ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པའི་འདམ་དུ་ཆུད་པས་ལས་ངན་ཚབ་པོ་ཆེ་བསགས་པའི་རྣམ་སྨིན་ངན་སོང་གསུམ་དུ་སྐྱེ་ཞིང་

༄༅། །དུཿཁས་མནར་བ་དང་། རེ་འགའ་ཟག་བཅས་ཀྱི་དགེ་བ་ཕྲན་བུ་རེ་བསགས་པ་ལ་བརྟེན་ནས་མཐོ་རིས་ལྷ་མིའི་གནས་རིས་སུ་སྐྱེས་ཏེ་བདེ་བ་ཡུད་ཙམ་རེ་མྱངས་ ཤིང་། དེའི་འབྲས་བུ་ནམ་ཟད་པ་ན་སླར་ཡང་སྔོན་མའི་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དུས་སུ་སྨིན་པས་ངན་སོང་དུ་འགྲིམས་ཤིང་སྡུག་བསྔལ་ལ་སྤྱོད་པ་དང་། ཡང་དེའི་རྣམ་ པར་སྨིན་པའི་འབྲས་བུ་མཐུ་ཆུང་དུ་སོང་བ་ན་ཚེ་སྔོན་ལེགས་བྱས་ཀྱི་འབྲས་བུ་ཉི་ཚེ་བ་རེ་མྱོང་བའི་སླད་དུ་སླར་ཡང་མཐོ་རིས་ལྷ་མིའི་གནས་རི་སུ་སྐྱེས་ཤིང་བདེ་འབྲས་ཡུད་ཙམ་རེ་མྱོང་བ་ སོགས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་རེ་མོས་བཞིན་དུ་མུ་མཐུད་ཉམས་སུ་མྱོང་བས་ན་འཁོར་བ་ཞེས་གསུངས་ཏེ། གང་ཟག་སྒོས་ཀྱི་དཀར་པོའི་བག་ཆགས་ཀྱི་སྣང་བ་དམ་པའི་ཆོས་ལ་ སད་དེ་ལམ་ཉམས་སུ་བླངས་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཏུ་ཡོད་པས་འཁོར་བ་མཐའ་ཅན་དུ་བྱར་ཡོད་པ་གསུངས་ཏེ་དབེན་གཏམ་ལྷ་ཡི་རྔ་སྒྲ་ལས། འཁོར་བ་དོང་སྤྲུགས་ སེམས་ཀྱི་འགྲོ་དོན་ནི། །རྣམ་ཐར་དབྱིངས་སུ་སྤྲོས་པ་ཞི་བའི་བློ། །ཡེ་ཤེས་ངང་ལ་རང་སྣང་སྲིད་པའི་མཚང་། །རང་སར་ཞིག་ཚེ་འཁོར་བ་སྟོང་ཞེས་གྲགས། །ཞེས་གསུངས་པ་ལྟར་

རོ། །སེམས་ཅན་སྤྱི་ཡི་སྣང་བ་ལ་མུ་མཐའ་མེད་པས་རྟག་ཏུ་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པའི་འཁོར་བའི་དོང་ནི་ཤིན་ཏུ་གཏིང་ཟབ་ལ་མཐའ་མི་རྙེད་པ་དཔེར་ན་རྫ་མཁན་གྱི་འཁོར་ལོ་ཁོར་མོ་ཡུག་ཏུ་འཁོར་བའམ། བུམ་པའི་ནང་དུ་ཆུད་པའི་བུང་བ་རེ་འགའ་བུམ་པའི་མཐིལ་དུ་འཁོར་ཞིང་། རེ་འགའ་བུམ་པའི་སྟེང་དུ་འཁོར་བ། རེ་འགའ་བུམ་པའི་བར་ན་འཁོར་ཏེ་ཕྱི་རོལ་བར་སྣང་ཡངས་པའི་དབྱིངས་སུ་ཐར་མི་ཤེས་པ་བཞིན་དུ་ཀུན་ནས་སྡུག་བསྔལ་གྱི་མུན་པའི་ནང་དུ་ཆུད་པའི་ཤིན་ཏུ་སྙིང་རྗེའི་ཡུལ་དུ་གྱུར་པའི་ཚད་མེད་པའི་སེམས་ཅན་རྣམས་ཡུན་རིང་རྡོ་དྲེགས་ཆགས་པའི་ཆུ་དོང་ནང་གློ་བུར་ཡུར་ཆུ་དྲག་པོ་དྲག་ཏུ་བབས་ཏེ་རྙོག་མ་རྣམས་དྲུང་ནས་དག་པར་བྱེད་པ་ལྟར་བདག་གིས་མཆོག་ཏུ་གཙང་ཞིང་དག་པའི་བླ་མའི་གསང་བ་གསུམ་གྱི་བྱིན་རླབས་བདུད་རྩིའི་ཐིག་ཕྲེང་མཆོག་ཏུ་ཤེལ་བ་རྒྱུན་མི་འཆད་པ་ཕབས་ཏེ་འཁོ༵ར་བ༵་སྡུག་བསྔལ་གྱི་རྒྱ་མཚོ་དོང༵་ནས༵་སྤྲུག༵ས་ནུས་པ༵ར་བྱིན༵་གྱི༵ས་རློ༵བས་ཤིག་ཅེས་སྙིང་ནས་གསོལ་བ་འདེབས་སོ། །འདི་ལྟར་ཡབ་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མའི་འགྲེལ་བསྡུས་བྱིན་རླབས་ཉི་གཞོན་འོད་ཟེར་སྟོང་

ལྡན་ཞེས་བྱ་བ་འདི་ཉིད་ཡབ་རྗེའི་དངོས་སློབ་འབྲུག་ཤར་ཕྱོགས་ཀྱི་བླ་མ་པདྨ་ཀློང་གྲོལ་དམ་པའི་རིགས་མྱུག་རྒྱ་གར་ཀ་ལི་སྤུངས་ཀྱི་གྲོང་གསར་དགོན་པའི་གནས་འཛིན་བླ་མ་ཀུན་བཟང་རྡོ་རྗེ་བྱང་ཕྱོགས་ཨ་རིའི་ཡུལ་གྱི་ཞིང་ཆེན་ནིའུ་ཡོག་ཏུ་བདག་ཉིད་ཀྱི་བསྟི་གནས་ཀུན་བཟང་དགའ་ཚལ་ག་ལ་བར་ཆེད་གཏད་དུ་བརྟོལ་ནས་ཡབ་རྗེའི་གསུང་དབང་ལུང་ཡོངས་སུ་རྫོགས་པའི་བཤད་ཁྲིད་ཞིབ་རྒྱས་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་མ་བྱུང་བ་ལ་རང་ཉིད་ཀྱི་ལོ་ནའི་བབས་ཀྱིས་འདུ་བ་མ་སྙོམས་པས་ཁོང་གི་རེ་འདོད་ཚུལ་བཞིན་བསྐང་མ་ཐུབ་པ་ལ་བརྟེན་རྟེན་འབྲེལ་གྱི་སརྒ་མི་འཆོལ་བའི་སླད་དུ་གསོལ་འདེབས་འདི་ཉིད་ཀྱི་ཁྲིད་ལུང་མདོར་བསྡུས་ཆོས་འབྲེལ་དུ་བཞག་པ་ཡིན་ཅིང་། གཞན་ཡང་སྔར་བོད་མངའ་རིས་ཁུལ་དུ་བྱོན་པའི་ཁྲག་འཐུང་བདུད་འཇོམས་གླིང་པའི་ཐུགས་སྲས་ཀྱི་ཐུ་བོའི་གྲས་སུ་གཏོགས་པ་སྡེ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་གཉིས་པའི་རིགས་སྲས་མཁན་བཙུན་བཟང་པོའི་དཔལ་གྱི་ཡོན་ཏན་གྱིས་འབྱོར་པ་པདྨ་རིག་རྩལ་ཕྲན་པ་ངོ་འཕྲད་དུ་ཕེབས་འབྱོར་སྐབས་གསོལ་འདེབས་ཀྱི་འགྲེལ་པ་འདི་ཉིད་མཇུག་འཁྱོངས་བྲིས་ན་ནམ་མཁའ་ཁྱུང་རྫོང་གི་བཤད་དང་སྒྲུབ་པའི་ཉམས་ལེན་ལ་སྨན་

པ་འདུག་ཅེས་ནན་ཏན་དུ་གདམས་པར་མཛད་པ་བཞིན་ཟིན་བྲིས་སུ་བཏབ་པ་པོ་ནི་པདྨའི་རྣམ་འཕྲུལ་བདུད་འཇོམས་གླིང་པ་སྐུ་ཕྲེང་གོང་འོག་གི་བྱིན་རླབས་ལ་རེ་བ་ཕྲིན་ལས་ནོར་བུ་སྟེ་ནམ་མཁའ་ཁྱུང་རྫོང་དང་། བསམ་ཡས་རྗེས་དྲན་གླིང་། རང་བྱུང་འོད་གསལ་ཆོས་གླིང་ལ་སོགས་རྒྱ་བལ་བོད་འབྲུག་ལ་སོགས་སུ་སྙིགས་ལྔའི་འགྲོ་བའི་སྐྱོབ་པ་ཨོ་རྒྱན་ཡབ་ཡུམ་ལ་མི་ཕྱེད་པའི་དད་པ་ཐོབ་པ་གང་ན་སུ་བཞུགས་རྣམས་ཀྱི་ཐུགས་གསོས་སུ་སྨིན་པར་གྱུར་ཅིག །ཐོད་རྒལ་གྱི་སྔོན་དུ་འགྲོ་དགོས་པའི་ཆོས་དང་མཐའ་རྟེན་མན་ངག་རྣམས་རྫོགས་ཆེན་མན་ངག་སྡེའི་ཁྲིད་གཞུང་ཇི་སྙེད་ཅིག་བཞུགས་པ་རྣམས་སུ་གསལ་བས་འདིར་རྩ་བ་གསོལ་འདེབས་རྡོ་རྗེའི་གསུང་སྙིང་པོའི་སྙིང་པོ་ཁྱེར་བདེ་བསྡུས་པ་ལ་ཡལ་འདབ་མང་པོ་སྤྲོས་པའི་སྤྲོས་པ་སྐྱུང་སྟེ་སྙིང་པོ་མདོར་བསྡུས་པའི་ཚུལ་གྱིས་དོན་འགྲེལ་གྱི་ཚུལ་དུ་བྲིས་པ་སྟེ། ལག་པ་འདར་བཞིན་བྲིས་པའི་བོད་ཡིག་དབུ་མེད་དབུ་ཅན་འཕྲུལ་དཔར་ཐོག་ཕབས་པ་པོ་ནི་བོད་ཁམས་གོ་འཇོ་ཨ་དཀར་ཚང་གི་མི་རྒྱུད་བློ་གསལ་ཕུན་ཚོགས་རྒྱལ་མཚན་གྱིས་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག། །།