ཞབས་བརྟན་གསོལ་འདེབས་རིགས།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-005
Wylie title zhabs brtan gsol 'debs rigs
Location phrin las nor bu'i gsung 'bum
Volume 3, Text 5, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Zhabs brtan gsol 'debs rigs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །ཞབས་བརྟན་གསོལ་འདེབས་རིགས་བཞུགས་སོ། །

༄༅། །ཨོཾ་སྭསྟི། བདེ་བ་མཆོག་ལྡན་རྡོ་རྗེའི་གྲོང་ཁྱེར་ནས། །བདེ་སྟེར་གསང་འཛིན་ཌཱ་ཀིའི་སྤྲིན་ཕུང་དབུས། །བདེ་ཆེན་སྒྱུ་མའི་གར་མཁན་མཚོ་སྐྱེས་རྗེས། །བདེ་སྟོང་ཡེ་ཤེས་ཚེ་དབང་བྱིན་ཆེན་ཕོབ། །ལོག་འདྲེན་བདུད་སྡེའི་དཔུང་འཇོམས་ཧེ་རུ་ཀ །ཟིལ་གནོན་པདྨ་དྲག་པོའི་ཡེ་ཤེས་གར། །གསང་ཆེན་ཆོས་ཀྱི་འཁོར་སྒྱུར་རྡོ་རྗེ་འཛིན། །བསྟན་འགྲོའི་དཔུང་གཉེན་མཆོག་ཏུ་ཞབས་བརྟན་ཤོག །འགྲོ་འདུལ་འཇི༵གས་མེད༵་དཔའ་བོའི་མྱུ་གུ་ནི། །པདྨའི་ཕྲི༵ན་ལ༵ས་ཕྱོགས་བརྒྱར་སྤེལ་བ་ལ། །གཞོན་ནུ་ནོར༵་བུ༵་བཟང་པོའི་སྨོན་ལམ་མཐུ། །ཡོངས་གྲུབ་རིག་པ་འཛིན་ཁྱོད་ཞབས་བརྟན་ཤོག །སྐུ་ཚེ་གཞོམ་མེད་ནམ་མཁའི་ཁམས་སུ་བརྟན། །མཛད་ཕྲིན་མི་ནུབ་ཉི་ཟླའི་སྣང་བ་བརྡལ། །གདུལ་བྱ་ཕན་བདེའི་རྒྱ་མཚོ་འཕེལ་འགྲིབ་བྲལ། །རྟག་ཁྱབ་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པའང་མི་འཕྲོག་པའི་དད་དམ་གྱི་ནོར་ལྡན་རྣམ་སྲས་ཚེ་དབང་བསོད་ནམས་ནས་ལྷ་གོས་ཉིན་མོ་བདེ་ལེགས་ཀྱིས་དྲངས་པའི་མཎྜལ་རྟེན་གསུམ་དང་བཅས་ཏེ་བསྐུལ་བ་ཡིད་ལ་བཅག་པའི་ཐོག་ཉེ་བར་གམ་དུ་འཁོད་པ་སྐལ་བཟང་ཨོ་རྒྱན་ནས་ཀྱང་དྲན་པའི་གསོས་བཏབ་པ་ལ་བརྟེན་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གནས་མཆོག་པདྨ་བཀོད་ཀྱི་ཡང་གསང་ཀཱི་ལ་ཡང་རྫོང་གི་འདབ་འབྲེལ་དབང་དྲག་བདེ་ཆེན་འབར་བའི་གྲོང་ཁྱེར་དུ་རྒྱལ་གྱི་བཀྲ་ཤིས་ཟླ་བ་ཉ་གང་བའི་དུས་སུ་བྲིས་པ་ཛ་ཡནྟུ།། །། ༈ །ཨོཾ་སྭསྟི། རྒྱལ་ཀུན་ཕྲིན༵་ལ༵ས་ཤིང་རྟ་མཚོ་སྐྱེས་རྗེའི། །རྣམ་འཕྲུལ་པདྨའི་གདུང་འཚོབ་ཆེན་པོ་ཡི། །སྐུ་གསུང་ཐུགས་སྲས་བཀའ་གཏེར་བསྟན་པའི་དཔལ། །ཐུགས་བསྐྱེད་ནོར༵་བུས༵་མཛེས་གང་ཞབས་བརྟན་གསོལ། །བདུད་དཔུང་མཐར་བྱེད་བསྟན་པའི་ཤིང་རྟ་ཡི། །ལྔ་བདོའི་རྒུད་ཞི་བཤད་སྒྲུབ་དགའ་སྟོན་རྒྱས། །རིག་འཛིན་འདུས་པས་ནོར་འཛིན་མཛེས་པ་ ཡིས། །བཀྲ་ཤིས་དགེ་མཚན་དཔལ་མགོན་རྟག་བརྟན་ཤོག །ཅེས་སྔ་འགྱུར་བསྟན་པའི་མཛེས་རྒྱན་སྔགས་རིག་འཛིན་པ་མཁས་བཙུན་བཟང་པོ་སྟོན་འཁོར་དང་བསོད་ནམས་ཚེ་རིང་ཅན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་གསུང་བསྐུལ་བཞིན་བཀྲ་ཤིས་དཔལ་འབྱོར་གྱིས་སྤྲོ་ཞིང་དྭངས་བའི་བློས་ཤིང་བྱི་གནམ་ལོ་གསར་ཚེས་ལ་བྲིས་ཤིང་སྙིང་ནས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ །ཨོཾ་སྭསྟི། རྒྱལ་ཀུ་ན་སྤྱི་གཟུགས་བདེ་ཆེན་རྡོ་རྗེའི་གར། །རིག་འཛིན་མཁའ་འགྲོའི་ཚོགས་རྗེར་མངོན་ བསྒྱུར་བ། །འཆི་མེད་རིག་འཛིན་པདྨའི་བྱིན་བརླབས་ཀྱིས། །ཕྲིན་ལས་ནོར་བུའི་སྐུ་ཚེ་ཡུན་བརྟན་ཤོག །ཅེས་མཆོག་སྤྲུལ་ཞི་བའི་བློ་གྲོས་ནས་ལྷ་རེག་གྱ་ནོམ་པ་བཅས་ནན་ཏན་ཆེན་པོས་གསུང་ངོ་མ་ལྡོག་ཙམ་དུ་གཅོང་རྒན་རང་ཉིད་ནས་སུག་བྲིས་སུ་བཏབ་པ་དགེ། །། ༈ །ཞབས་བརྟན་གསོལ་འདེབས་ལྷུན་གྲུབ་རིག་འཛིན་པདྨ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས། ཨོཾ་སྭསྟི། བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག །ལྡན་པའི་འདྲེན་མཆོག་དོན་ཀུན་གྲུབ་པ་ཡིས། །དཔལ་གྱི་མགུར་ནས་ལུང་དུ་བསྟན་པའི་མགོན། །སྣང་སྲིད་ཟིལ་གནོན་ཨོ་རྒྱན་རྡོ་རྗེ་འཆང་། །དག་པ་གཉིས་ལྡན་སང༵ས་རྒྱས༵་ཆོས་ཀྱི་སྐུ། །ཡེ་ཤེས་ཉི་མའི་སྣང་བ་མཐའ་ཡས་པའི། །ཐུགས་རྗེའི་འོད་ཟེར་མཚོ་དབུས་པདྨ་ལ། །འཕྲོས་པས་རང་བྱུང་པདྨ་ཐོད་ཕྲེང་རྩལ། །ཇི་ལྟར་པ༵དྨ༵་འདམ་གྱི་ནང་སྐྱེས་ཀྱང་། །ཉེས་པས་མ་གོས་གཙང་བར་བཞ༵ད་པ༵་བཞིན། །འགྲོ་ལ་བརྩེ་བས་རྗེས་ཆགས་སྤྲུལ་པའི་སྐུ། །མངལ་གྱིས་མ་གོས་པདྨ་གར་གྱི་དབང་། །ཐོད་ཕྲེང་སྡེ་ལྔ་གུ་རུ་མཚན་མཆོག་བརྒྱད། །འཕྲུལ་མཚན་ཉི་ ཤུ་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དེང་འདིར་ཚེ་དབང་དངོས་གྲུབ་བྱིན་ཆེན་ཕོབས། །སྲིད་ཞིའི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཁམས། །སྲིད་ཞིའི་མཐའ་ལ་གནས་པ་མེད་བཞིན་དུ། །སྲིད་ཞིར་ཕན་བདེ་རྒྱ་མཚོའི་སྤྲིན་འཕྲོ་བ། །སྲིད་ཞིའི་གཙུག་རྒྱན་དཔལ་ལྡན་བླ་མར་འདུད། །སྙིགས་དུས་འགྲོ༵་སེམས་དམུ་རྒོད་ཐ་བའི་ས། ། ཐུགས་རྗེའི་ཐོང་བཤོལ་རྣོན་པོས་འདུ༵ལ་བྱས་ཏེ། །ཐབས་མཁས་ཕྱག་གི་སྙིམ་པས་ཡོངས་བཟུང་བའི། །བྱང་ཆུབ་སེམས་ཀྱི་ས་བོན་ལེགས་བཏབས་ཤིང་། །མཆོག་གི་རྡོ་རྗེ་གསུམ་གྱི་བྱིན་

རླབས་ཆར། །དུས་ལས་ཡོལ་བ་མེད་པར་ཕབས་པ་ལས། །གདུལ་བྱའི་ཞིང་ཀུན་སྐལ་བ་དགེ་མཛད་པ། །རི༵ག་འཛི༵ན་བླ་མའི་སྤྲུལ་སྐུའི་ཞབས་བརྟན་གསོལ། །མཁས་པའི་རྒྱལ་པོར་ གྱུར་ཀྱང་བྲན་བཞིན་དུལ། །གྲུབ་པའི་ས་མཐོར་གཤེགས་ཀྱང་ཐ་མལ་ཚུལ། །ངོ་མཚར་གྲགས་སྙན་རོལ་མོའི་རྒྱུན་དཀྲོལ་བ། །གཏེར་ཆེན་བླ་མའི་སྤྲུལ་སྐུའི་ཞབས་གཏན་གསོལ། ། རླབས་ཆེན་ཐུགས་བསྐྱེད་གཞན་དྲིང་མི་འཇོག་པས། །སྔ་འགྱུར་བཀའ་གཏེར་སྙིང་པོའི་བསྟན་པ་ལ། །མཁས་ཚུལ་གསུམ་གྱི་ཕྲིན༵་ལ༵ས་མཐར་བགྱིད་པ། །བསྟན་པའི་སྲོག་ཤིང་སྤྲུལ་སྐུའི་ ཞབས་བརྟན་གསོལ། །ཡེ་ནས་མཁྱེན་གཉིས་ཡེ་ཤེས་རྩལ་རྫོགས་པའི། །ཐུགས་རྗེ་ཡས་སྤྲུལ་རྒྱལ་བའི་གདུང་འཛིན་ནི། །སློབ་པ་ལམ་གྱི་སྤྲོས་པ་ཀུན་བྱང་བས། །ཐོས་བསམ་བསྒོམ་ པའི་རྒྱ་ལས་རབ་གྲོལ་ཡང་། །གཞན་སྣང་གདུལ་བྱའི་ཤེས་རབ་རྩལ་རྫོགས་ཕྱིར། །གསན་བསམ་བསྒོམ་པ་སྒྱུ་མའི་རྩེད་འཇོ་ལ། །སྒྱུ་མའི་མཁན་པོས་སྒྱུ་མར་རྩེ་བ་བཞིན། །ཡེ་ཤེས་སྒྱུ་ མའི་ཡོན་ཏན་རྩེན་པར་གསོལ། །ཕྱོགས་ལྷུང་གྲུབ་མཐའི་མངའ་ཐང་བསྐྱེད་པའི་བསླད། །རིས་མེད་སྙན་ཚིག་ཟོལ་སྦྱོར་མ་ཡིན་པའི། །རང་སྣང་རིས་མེད་རྫོགས་པ་ཆེན་པོའི་དོན། །མཐའ་

གྲོལ་ནམ་མཁའི་རང་བཞིན་ཕྱམ་གདལ་བས། །སྣ་ཚོགས་གྲུབ་མཐའི་ལུགས་དང་དེ་འཛིན་སྡེ། །གཉིས་མེད་དགོངས་པའི་ཀློང་དུ་མཉམ་གཟིགས་པ། ། ངེས་པ་དོན་གྱི་རིས་མེད་སྐྱེས་བུའི་མཆོག །རིག་འཛིན་གོང་མའི་རྣམ་ཐར་རྗེས་སྐྱོང་གསོལ། །ཀུན་རྫོབ་ཆོས་ཅན་བློ་ཡིས་མ་སྦྱངས་པའི། །དོན་དམ་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལ། ། མངའ་དབང་བསྒྱུར་བ་དག་གཟིགས་ཚད་མའི་ཆོས། །མཁའ་འགྲོའི་སྙིང་གི་ཐིག་ལེར་འཁྱིལ་བ་ལས། །ཕྱུངས་པའི་མན་ངག་གསུང་གི་བདུད་རྩི་ཡིས། །སྐལ་ལྡན་ཚོགས་རྣམས་ཟུང་ འཇུག་གོ་འཕང་ལ། །འགོད་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཆེ། །རིག་འཛིན་གོང་མའི་རྣལ་ཐར་རྗེས་སྐྱོང་གསོལ། །ཁྱད་པར་དབང་རྣོན་ཚེ་གཅིག་ལུས་གཅིག་ལ། །ཟག་མེད་འོད་ཀྱི་ལུས་ སུ་གྲོལ་བའི་ཆོས། །འོད་གསལ་རྫོགས་པ་ཆེན་པོའི་གསེང་ལམ་ལ། །བརྟེན་ནས་སྐལ་བ་མཆོག་ལྡན་གདུལ་བྱའི་ཚོགས། །རང་སྣང་འཁོར་བ་དོང་ནས་སྤྲུགས་བྱས་ཏེ། །གཞན་སྣང་ འཁོར་བ་མིང་ཙམ་མ་ལུས་པ། །ཆོས་ཟད་ཀུན་ཏུ་བཟང་པོའི་དགོངས་ཀློང་དུ། །ཕྱམ་གཅིག་གྲོལ་བའི་ཆོས་འཁོར་བསྐོར་བར་གསོལ། །མདོར་ན་བཀའ་དྲིན་གསུམ་ལྡན་བླ་མ་རྗེའི། །

མཆོག་གི་སྤྲུལ་སྐུས་གཙོས་པའི་འཛམ་གླིང་ན། །བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་རྣམས། །ངེས་པ་ལྔ་ལྡན་ངོ་བོར་ཚོ་གཞེས་ཤིང་། །རྒྱལ་བསྟན་སྤྱི་སྒོས་ཡོངས་ཀྱི་སྦྱིན་བདག་ ཀུན། །རྟག་ཏུ་འབྱོར་པ་དྲུག་གི་དགའ་སྟོན་ལ། །རང་དབང་ཉིད་དུ་སྤྱོད་ལས་ཡིད་ཅན་ཀུན། །གཏན་བདེའི་དཔལ་གྱི་སྣང་བས་འཚོ་བར་ཤོག །རྡོ་རྗེའི་ཆོས་བདུན་ངོ་བོར་གྲུབ༵་པ༵འི་ལྷ། །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །དཀར་ཕྱོགས་སྐྱོང་བའི་དམ་ཅན་སྡེ༵་དཔུང་མཐུས། །བདག་ཅག་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་མཆོག་གི་སྤྲུལ་སྐུའི་ཞབས་བརྟན་སྨོན་ཚིག་ཏུ་རྗེ་གོང་མ་ལ་མི་ཕྱེད་པའི་དད་པ་ཐོབ་པ་ཨོ་རྒྱན་སྒྲོལ་མ་ནས་རྟེན་སྐྱེས་གྱ་ནོམ་པ་ལྷ་གོས་སྲིད་དུ་རིང་བས་སྣེ་དྲངས་པ་དང་བཅས་བསྐུལ་བའི་ངོར་རྗེ་གོང་མའི་ཐུགས་སྲས་ཀྱི་ཐུ་བོའི་གྲས་སུ་བཞུགས་པ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་ནས་མཚན་གསོལ་གནང་བའི་མཚན་སྒྲ་དང་མཐུན་པ་མཁའ་ལྡིང་མ་མ་ཀིའི་ཁམས་ལ་སྤྱོད་པ་དཔལ་གདོང་གི་ལོ། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དཔལ་གྱི་ཉི་མའི་སྔ་དྲོའི་ཆར་ཚིག་བདུན་བླ་སྒྲུབ་བྱིན་རླབས་ཆར་འབེབས་ལ་བརྟེན་ནས་ཚོགས་ཀྱི་མཆོད་པའི་སྤྲིན་ཕུང་སྤྲོས་པ་དང་འབྲེལ་བར་ཕྲིན་ལས་ནོར་བུས་སྙིང་ནས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། ཆོས་བརྒྱད་བྱ༵་བ་བྲ༵ལ་བའི་བརྟུལ་ཞུགས་ཀྱིས། །ཨོ་རྒྱན་སང༵ས་རྒྱས༵་གཉིས་པའི་རིང་ལུགས་མཆོག །རྡོ༵་རྗེ༵་སྙིང་པོའི་བསྟན་པའི་སྲོག་

འཛིན་པ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །ཅེས་གུས་ལྡན་ཕྲིན་ལས་ནོར་བུ་ནས་གསོལ་བ་འདེབས་རྟེན་དོད་སྒོར་བཅས་བྱང་ཕྱོགས་ཨ་རིའི་གླིང་ནས་འགྲུལ་མི་ཐོན་ཁར་ཤིན་ཏུ་མྱུར་སྟབས་སུ་ཕྱག་གིས་བཏུད་དེ་ཕུལ།། །། ༈ །ན་མོ་གུ་རུ། སྣང་སྟོང་ཟག་མེད་བདེ་ཆེན་རྡོ་རྗེའི་སྐུ། །འོད་གསལ་ཐེག་པའི་ཆོས་སྒྲ་སྒྲོགས་པའི་གསུང་། །བདུད་དཔུང་འཇོམས་ལ་འཇིགས་པ་ མེད་པའི་ཐུགས། །པདྨ་ལས་འཁྲུངས་མགོན་ལ་གསོལ་བ་འདེབས། །གཞོམ་བྲལ་ཡེ་ཤེས་ཚེ་ཡི་སྣང་བའི་འོད། །དབང་བཅུ་ཤིན་ཏུ་རྣམ་པར་དག་པའི་དཔལ། །མཐའ་ཡས་གངས་ཆེན་ མཚོ་ཡི་ཞིང་ཁམས་ལ། །ཀུན་ཏུ་ཁྱབ་པར་གདལ་བས་བྱིན་གྱིས་རློབས། །གང་གི་ཕྲིན་ལས་ཉི་མོར་བྱེད་པའི་འོད། །བློ་གྲོས་པདྨོའི་གསོས་སུ་འཐུང་བྱས་ཤིང་། །སྐལ་ལྡན་གདུལ་བྱ་ སྦྲང་རྩི་འཛིན་པའི་ཚོགས། །རྟག་ཏུ་སྐྱོང་རྣམས་ཞབས་པད་བརྟན་གྱུར་ཅིག། །ཅེས་ཨོ་རྒྱན་བཀྲ་ཤིས་ནས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་པའི་སླད་དུ་ཞབས་བརྟན་ཞིག་བྲིས་ཤིག་ཅེས་བསྐུལ་ངོར་ཕྲིན་ལས་ནོར་བུ་ནས་དེ་འཕྲལ་སྨོན་འདུན་དུ་བྲིས་པ་དགེ། །། ༈ །ཨོཾ་སྭསྟི། གཉིས་སྣང་ཆོས་ཀྱི་འཇིགས་མེད་ཆོས་ཀྱི་སྐུ། །དུས་ཀྱི་རྡུལ་བྲལ་ཁྲི་ལས་མ་གཡོས་བཞིན། །དུས་སུ་སྣང་བའི་རོལ་རྩལ་གདུལ་བྱའི་ངོར། །ཕུན༵་ཚོ༵གས་ལྔ་ལྡན་བཀོད་པས་བརྒྱན་ལ་འདུད། །རྣམ་གསུམ་ཚུལ་ཁྲིམས་གཙང་མའི་ཞིང་ས་ལ། །སྨོན་འཇུག་གྲུང་པོའི་ས་བོན་ལེགས་བཏབས་ཤིང་། །ལྷ་སྔགས་ཆོས་སྐུའི་འབྲས་བུ་ སྨིན་མཛད་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །ཟབ་མོའི་དོན་ལ་བཟོད་པའི་སྐལ་ལྡན་ཚོགས། །རིམ་དགུའི་ཐེག་པའི་རྩེ་རྒྱལ་ཨ་ཏིའི་དོན། །ཆོས་མཆོག་ཆེ་བ་རྣམ་ལྔའི་ དགའ་སྟོན་ལ། །སྤྱོད་པའི་སྐལ་བ་དགེར་མཛད་གང་ལ་འདུད། །པདྨ་ལས་འཁྲུངས་པདྨའི་ཞལ་སྐྱིན་དངོས། །བདུ༵ད་བཞིའི་དཔུང་ཚོགས་འཇོ༵མས་པའི་གདུང༵་བརྒྱུད༵་འཛིན། །ཤེས་རབ་ རང་བྱུང་དགོངས་པའི་གཏེར་ཁ་བརྡོལ། །ངོ་མཚར་རྣམ་ཐར་མངའ་བ་ཁྱོད་ལ་འདུད། །ཁྱད་པར་རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཟུགས། །མི་ཡི་ཚུལ་བཟུང་འཇམ་དབྱངས་མི་ཕམ་ པའི། །ཐུགས་རྗེའི་འོད་ཟེར་ཐུགས་ལ་འཕྲོས་པའི་དཔལ། །རྨད་བྱུང་དག་གཟིགས་ཚད་མའི་རིགས་ལམ་གྱིས། །མ་རྟོགས་པ་དང་ལོག་རྟོགས་ཅན་སོགས་ཀྱི། །ཉོན་ཤེས་སྒྲིབ་པའི་རྨག་ རུམ་ཡོངས་བསལ་ཏེ། །དག་པ་གཉིས་ལྡན་ཆོས་སྐུའི་རྒྱལ་ཐབས་ལ། །འདྲེན་པ་མཁས་པའི་དབང་པོ་ཁྱོད་ལ་འདུད། །དཔལ་ལྡན་བླ་མའི་ཞབས་པད་ཡུན་དུ་བརྟན། །ཆོས་ལྡན་ཡོན་

བདག་དཔལ་འབྱོར་མངའ་ཐང་རྒྱས། །མདོ་སྔགས་བསྟན་པའི་བཤད་སྒྲུབ་ཕྲིན་ལས་འཕེལ། །རིན་ཆེན་གསུམ་གྱི་སྣང་བས་རྟག་ཁྱབ་ཤོག །ཅེས་རིས་མེད་བསྟན་པའི་ གསལ་བྱེད་སྔ་འགྱུར་བསྟན་པའི་སྲོག་ཤིང་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཞབས་པད་ཡུན་དུ་བརླིང་ཞིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་སླད་དུ་མཎྜལ་རྟེན་དོད་ལྷ་རེག་སྲིད་དུ་རིང་བས་སྣ་དྲངས་ཏེ་ཞབས་བརྟན་སྨོན་ཚིག་གསོལ་འདེབས་སུ་ཡར་ཚེས་དགེ་བའི་ཉིན་ཕྲིན་ལས་ནོར་བུས་བྲིས་ཏེ་ཕུལ་བ་བསླུ་མེད་རིན་ཆེན་གསུམ་གྱི་བྱིན་ཆེན་མཐུས་དོན་དང་ལྡན་པར་གྱུར་ཅིག། །། ༈ །ཨོཾ་སྭསྟི། ཞི་རྒྱས་དབང་དྲག་མཆོག་གི་ལ༵ས་ར༵བ་འབྱམས། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཅན། །སྙིགས་ འགྲོའི་སྐྱབས་གཅིག་རྔ་ཡབ་གླིང༵་པ༵་ལ། །དུས་གསུམ་འདུ་འབྲལ་མེད་པས་ཕྱག་བགྱིའོ། །གང་གི་རང་བཞིན་སྒྲིབ་བྲལ་གཉུག་མའི་ཁམས། །ཆོས་ཅན་གདུལ་བྱའི་ཁམས་ཀྱི་རྗེས་འགྲོ་བའི། ། བསོ༵ད་ནམ༵ས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །བཀའ་གཏེར་བསྟན་པའི་རྒྱལ༵་མཚ༵ན་བཀྲག་འབར་བ། །ཛམ་གླིང་རྒྱ་མཚོའི་བྱང་ཕྱོགས་བོད་ཀྱི་ཡུལ། །ལུགས་གཉིས་ཁྲིམས་ཀྱི་དགེ་བས་ འཚོ་མཛད་པ། །ཐུབ་བསྟན་རྒྱ་མཚོའི་མཁའ་ལ་བསྒྲེངས་བ་པོ། །རྩོད་བྲལ་གཏེར་ཆེན་ལས་རབ་གླིང་པར་གྲགས། །གང་དེར་སླར་ཡང་འགྲོ་བའི་དོན་བགྱིད་ཕྱིར། །སྐྱེ་བའི་སྒྱུ་གར་དངོམས་པ་

ངོས་འཛིན་ཅིང་། །འཇིག་རྟེན་དྲིན་གྱིས་བསྐྱངས་པའི་བསྐྱེད་བྱེད་ཀྱིས། །འགྲན་པའི་ཟླ་བྲལ་ཡབ་ཅིག་དགེ་བའི་བཤེས། །ཆོས་ཀྱི་བློ་གྲོས་ཆོས་ཀྱིས་བསྐྱེད་བསྲིངས་ཤིང་། །རྫོགས་པ་ཆེན་པོ་ རང་སྣང་རིས་མེད་ཀྱི། །ཆོས་ཀྱི་བདུད་རྩི་སྙན་གྱི་པདྨོ་ལ། །འཐོར་བར་མཛད་པའི་འདྲེན་མཆོག་བཀའ་དྲིན་ཅན། །གཉིས་སྣང་བདུད༵་སྡེ་འཇོ༵མས་པའི་ཧེ་རུ་ཀཿ །བཀྲ༵་ཤི༵ས་དཔ༵ལ་གྱིས་འབྱོ༵ར་ པ་ལ་སོགས་པ། །གང་དུ་འཕགས་པའི་གང་ཟག་སུ་བཞུགས་པ། །དེ་དང་དེ་དག་གུས་པས་མཆོད་བྱས་ཤིང་། །དགེ་སྡིག་ངོ་མི་ཤེས་པའི་མཐའ་འཁོབ་ཏུ། །དགེ་སྡིག་བླང་དོར་སྟོན་པ་དམ་པའི་ ཆོས། །དར་བའི་སླད་དུ་བཤད་དང་སྒྲུབ་པའི་སྡེ། །དར་བའི་བསྟན་རྩ་ནུབ་ཕྱོགས་འཛིན་མའི་ཁྱོན། །ཁོལ་བུ་ཁོལ་བུར་རྒྱས་པའི་ངོ་མཚར་གྱི། །མཛད་པ་རྨད་བྱུང་བསོད་རྒྱལ་རིན་པོ་ཆེ། ། ཞབས་པད་ཡུན་མཐར་བརྟན་ཅིང་ཕྲིན་ལས་རྒྱུན། །དབྱར་གྱི་ཆུ་བོ་ཆུ་ཕྲན་ལྟར་རྒྱས་ཤིང་། །རིས་མེད་བསྟན་པ་འཛིན་པའི་རྒྱ་མཚོའི་འཇིང་། །བསྟན༵་འཛི༵ན་རྒྱ༵་མཚོ༵འི་དགྱེས་པ་སྐོང་གྱུར་ཏེ། ། འགྲོ་ཀུན་ཕན་བདེའི་དཔལ་གྱིས་འཚོ་བར་ཤོག །ཅེས་པདྨ་ཆོས་འཚོའམ་ ༼ཨ༽ ༼ཨ༽ ནས་དོང་རྩེ་བརྒྱ་ཐམ་པ་ལྷ་རེག་གིས་སྤྲས་པ་དང་བཅས་བསྐུལ་མ་བྱུང་ངོར་ཕྲིན་ལས་ནོར་བུ་ནས་གུས་པས་སྤྲོ་བཞིན་དུ་བྲིས་པའོ།། །། ༈ །ཨོཾ་སྭསྟི། དམར་གསལ་ཉི་གཞོན་འཆར་ཀའི་གཟི་བྱིན་ཅན། །བཅོམ་ལྡན་ཚེ་ཡི་འོད་སྣང་དཔག་མེད་དང་། །དྲི་མེད་སྟོན་ཀའི་ཟླ་བའི་མདངས་ལྡན་ མ༑ ༑ཚེ་བྱིན་ལྷ་མོས་ཚེ་དབང་བྱིན་ཆེན་ཕོབས། །གངས་རིའི་ལྗོངས་ཀྱི་འདུལ་འཛིན་ངུར་སྨྲིག་སྡེའི། །བསྟན་པའི་ཆུ་མགོ་མཁ༵ན་ཆེ༵ན་ཞི་བ་འཚོ། །སྲིད་པ་བཟུང་ཞིང་འགྲོ་ལ་ཆོས་སྟོན་ པ༑ ༑དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་གསུང་གི་དབང་ཕྱུག་པདྨའི་རིགས། །པདྨ་ལས་འཁྲུངས་པ༵དྨ༵་བཞད་པའི་ཞལ། །མཐོང་ན་མི་མཐུན་མེད་པ་མཚན་ དཔེའི་སྐུ། །ཐོད་ཕྲེང་རྩལ་དུ་རོལ་པས་ཁྱོད་ལ་སྲུངས། །ཆོ༵ས་དབྱིང༵ས་རྡུལ་བྲལ་རང་བཞིན་ནམ་མཁའི་ཁམས། །ཆོས་ཅན་གདུལ་བྱའི་ཁམས་ལ་སྣང་བའི་སླད། །ལུང་རྟོགས་ཡོན་ཏན་ ཡངས་པའི་ས་ཆེན་ལ། །ཀུན་ཏུ་ཁྱབ༵་པར་གད༵ལ་ལ་གསོལ་བ་འདེབས། །སྣང་སྲིད་ལྷ་སྲིན་དྲེགས་པ་ཀུན་འདུལ་བའི། །དཀྱིལ་འཁོར་མངའ་བདག་དཔལ་གྱི་སེང་གེ་དང་། །འཕགས་ ཡུལ་ཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི། །ཡེ་ཤེས་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །གངས་ཅན་སྐྱེ་རྒུ་ཡོངས་ཀྱི་རྣ་བའི་རྒྱན། །རྣམ་གསུམ་འཇམ་པའི་དབྱངས་ཀྱི་དགོངས་པའི་

རྒྱན། །སྤོབས་པའི་གཏེར་ཆེན་བརྒྱད་ལྡན་རོང་ཟོམ་པ། །བསམ་བཞིན་སྲིད་པ་བཟུང་བ་ཁྱོད་ལ་འདུད། །གང་གི་གསང་གསུམ་རྟག་པ་དམ་པའི་གཤིས། །ཆོས་སྐུའི་ངོ་བོ་ལོངས་སྤྱོད་ རྫོགས་སྐུའི་རྒྱུན། །སྤྲུལ་སྐུ་རྒྱུན་མི་ཆད་པའི་རྟག་པ་ལས། །ནམ་ཡང་མ་གཡོས་གཡོ་བར་མི་འགྱུར་ཡང་། །སྣང་གསུམ་འཕོ་བའི་བག་ཆགས་རྒྱར་ཚུད་པ། །བདག་སོགས་སྐལ་དམན་ གདུལ་བྱ་སྒྲོལ་བའི་སླད། །འདི་ན་ཁྱོད་ཀྱི་གཟུགས་སྐུ་ཅིར་སྣང་བ། །དེ་བཞིན་ཉིད་དེ་རྟག་ཏུ་འཚོ་གཞེས་ཤིང་། །གང་དག་ཟད་དང་སྐྱེ་བ་མེད་ཤེས་དང་། །གང་དག་སྲིད་ཞིའི་མཐའ་ལ་ མི་གནས་པ། །གང་དག་སྣང་བ་ལྷ་སྐུར་སྨིན་པ་སོགས། །གང་འདོད་གདུལ་བྱའི་རེ་འབྲས་སྨིན་པར་གསོལ། །ཁྱད་པར་དབང་རབ་སྐལ་ལྡན་གདུལ་བྱ་རྣམས། །འདུས་བྱས་རྒྱུ་རྐྱེན་ གཞན་ལས་མ་སྐྱེས་པའི། །རང་བྱུང་ཡེ་ཤེས་འོད་གསལ་གཉུག་མའི་སེམས། །གནས་སྣང་དག་མཉམ་གཟིགས་པ་མངོན་གྱུར་ནས། །འབྲས་བུ་ཕྱི་མའི་དུས་ལ་མི་རེ་བ། །ཀུན་ཏུ་བཟང་ པོ་དབྱེ་བ་མེད་པའི་ས། །ཁྱབ་གདལ་ནམ་མཁའི་ཁོར་ཡུག་གཅིག་གི་ཀློང་། །རྟག་ཏུ་བཙན་ས་ཟིན་པར་བྱིན་གྱིས་རློབས། །ཞེས་རྨད་བྱུང་མཁྱེན་བརྩེ་ནུས་པའི་བདག་ཉིད་གྲུབ་རིག་འཛིན་པ་མཆོག་སྤྲུལ་པདྨ་རིག་རྩལ་དང་། བསླབ་པ་གསུམ་གྱིས་ཐུགས་རྒྱུད་ལེགས་པར་ཕྱུག་པ་མཁན་ཆོས་ཉིད་དོན་རྟོགས་ནས་གནང་རྟེན་དར་གྱིས་སྤུད་པ་དང་བཅས་གསུང་བསྐུལ་གནང་བའི་ངོར་ཕྲིན་ལས་ནོར་བུ་ནས་མེ་གླང་ཟླ་བ་དང་པོའི་ཚེས་བཅོ་ལྔ་རྒྱལ་བས་ཆོ་འཕྲུལ་བསྟན་པ་ངོ་མཚར་རྨད་བྱུང་བའི་དུས་ཆེན་ཉིན་ཡམ་བུའི་རྒྱལ་ཁབ་དང་ཉེ་བའི་ཆར་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་མདུན་སྙིང་ནས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། སངས་རྒྱས་པདྨའི་རིགས་ཀྱི་ཐུགས་ཀའི་འོད། །མཚོ་དབུས་པདྨའི་སྦུབས་སུ་འཕྲོས་ པ་ལས། །རང་བྱུང་པདྨའི་མཚན་སྙན་གྲགས་འབར་བ། །སངས་རྒྱས་པདྨའི་ཞབས་ཀྱིས་བྱིན་ཆེན་ཕོབས། །འགྲོ་ཀུན་གཏན་བདེའི་ས་ལ་སྨིན་བྱེད་གླིང་། །བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ གཏེར་ཆེན་པོ། །འགྱུར་མེད་རྡོ་རྗེའི་དམ་བཅས་བསྲུངས་མཛད་པ། །འགྱུར་མེད་གསང་བདག་ཆོས་ཀྱི་རྡོ་རྗེ་རྒྱལ། །ཡེ་ནས་རྣམ་གྲོལ་ཀུན་ཏུ་བཟང་པོ་ཡི། །འགྱུར༵་མེ༵ད་གནས་ལུགས་ ཆོས་ཉིད་བདེན་པའི་དོན། །དབང་རབ་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ལ། །མདོ༵་རྒྱུད༵་རྒྱ་མཚོ༵འི་ཆོས་ཀྱིས་ཡོངས་སྟོན་ཅིང་། །བསླབ་གསུམ་བསྟན་པའི་ཚུལ་ཁྲིམས་འོད་ཀྱི་ཟེར། ། རྒྱ་མཚོའི་གོས་ཅན་ཁྱབ་པར་འགྱེད་པ་ཅན། །འགྱུར་མེད་ཚུལ་ཁྲིམས་འོད་ཟེར་དཔལ་འབར་བའི། །རྣམ་རོལ་མཆོག་གི་སྤྲུལ་སྐུའི་ཞབས་བརྟན་གསོལ། །སྲིད་ཞིའི་ཁམས་ཀྱི་ཕན་བདེའི་

དཔལ་ཡོན་ནི། །རྒྱལ་བསྟན་རིན་ཆེན་དར་ལ་རག་ལས་ཤིང་། །དེ་ཡང་དེ་འཛིན་བཤད་དང་སྒྲུབ་པའི་སྡེའི། །འཁོར་ལོ་གསུམ་གྱི་དཔུང་སྟོབས་ལ་བརྟེན་པས། །དེ་ཕྱིར་སྣ་ཚོགས་གྲུབ་ མཐའི་ཆུ་བོའི་རྒྱུན། །གང་ལས་བྱུང་བའི་ཆུ་མགོ་སྔ་འགྱུར་བའི། །བཤད་སྒྲུབ་སྣང་བ་དཀར་པོའི་གདུགས་འཁྱིར་བའི། །མཛད་པ་ལས་ཀྱི་འཁོར་ལོར་དབང་བསྒྱུར་ཞིང་། །འགྲོ་ཀུན་ མངོན་མཐོའི་སྣང་བ་དཀར་པོ་ནས། །ངེས་ལེགས་སྣང་བ་དཀར་པོར་དཀྲི་བའི་ཞིང་། །ངེས་དོན་ངོ་མཚར་དགའ་བའི་ཚལ་གྱི་གླིང་། །ཛམ་གླིང་ཀུན་ཁྱབ་མི་ནུབ་དར་རྒྱས་ཤོག །ཅེས་རིགས་ མྱུག་དགའ་རབ་རྡོ་རྗེས་ཤར་ཕྱོགས་རྒྱ་ཡུལ་གླིང་ཕྲན་ནས་བྱང་ཕྱོགས་ཨ་རིའི་གླིང་ཆེན་དུ་རླུང་ཕྲིན་ཐོག་བསྐུལ་བ་བཞིན་ཕྲིན་ལས་ནོར་བུས་སྤྱི་ལོ་༡༩༧༦༧ཟླ་༡ཚེས་༣༠བོད་ལུགས་གནམ་ལོ་ན་ཚོད་ལྡན་ཞེས་པའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་རེས་གཟའ་མིག་དམར་སྔ་དྲོའི་ཆར་དཔལ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་ བཏབ་ནས་བྲིས་པའོ། །དེ་ཡང་གོང་དུ། འགྱུར་མེད་གསང་བདག་ཆོས་ཀྱི་རྡོ་རྗེ་རྒྱལ། །ཞེས་པ་ལ་སྨིན་གླིང་གཏེར་ཆེན་སྣང་མཛད་སྤྲུལ་པ་བཻ་རོ་ཙ་ནའི་སྤྲུལ་པར་གྲགས་པས་གསང་བདག་རྡོ་རྗེ་ཆོས་ཟེར་བ་མ་འབྲེལ་ལོ་སྙམ་དུ་བསམ་དུ་མི་རུང་སྟེ། གསང་བདག་རྡོ་རྗེ་ཆོས་ནི་གསང་སྔགས་ཀྱི་ཆོས་སྟོན་པ་པོ་རྡོ་རྗེ་ འཆང་གི་སྤྲུལ་པ་ཡིན་ལ། རྡོ་རྗེ་འཆང་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་གོ། །དེའི་ཕྱིར་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་འཆང་ལས་ཐ་མི་དད་དོ། །ལྷག་པར་དུའང་གསང་བདག་ཕྲིན་ལས་ལྷུན་གྲུབ་རྡོ་རྗེ་ཆོས་དང་ཐ་དད་མ་ཡིན་པ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པས་ཀྱང་དེའི་ཆོས་དང་རིགས་ཀྱི་གདུང་གཉིས་ཀ་འཛིན་པ་ལ་བསྔགས་པ་མཆོག་ཏུ་འབྲེལ་ཆགས་སོ།། །། ༈ །ཨོཾ་སྭསྟི། རྒྱལ་ཀུན་གསུང་གི་རྡོ་རྗེ་པདྨ༵འི་རིགས། །པདྨ་ལས་འཁྲུངས་པ༵དྨ༵་རྒྱས་པའི་ཞལ། །མཁའ་འགྲོ་ མི་བཟད་འབར་བའི་སྤྲིན་འཕྲོ་བ། །ལྷུན་གྲུབ་རིག་འཛིན་པདྨའི་བྱིན་རླབས་ཀྱིས། །འབྲས་བུ་ལམ་བྱེད་ཐེ༵ག་པ་མཆོ༵ག་གི་ཆོས། །མཧཱ་སན་དྷཱིའི་བསྟན༵་པ༵འི་རྒྱལ༵་མཚ༵ན་ནི། །སྐྱེ་རྒུའི་བསོད་ནམས་མཁའ་ལ་ལེགས་བསྒྲེང་བ། །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཅིང་། །འབྲེལ་ཐོགས་གདུལ་བྱས་གཙོས་པའི་འགྲོ་བ་ཀུན། །སྣང་ནས་སྣང་བའི་མཐའ་ལ་ཐུག་པའི་བར། །རྨད་བྱུང་ཕྲིན་ལས་ཉི་མའི་འོད་ཀྱི་ཟེར། །ས་སྟེང་ཀུན་ཁྱབ་མི་ནུབ་དཔལ་འབར་ཤོག །ཅེས་བླ་མ་ཆོས་རྣམ་ནས་བསྐུལ་ངོར་ས་བྱི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་རྒྱལ་བས་གཉིས་མེད་ཀྱི་རྒྱུད་དུས་འཁོར་གསུངས་པའི་ཉིན་གྱི་སྔ་དྲོའི་ཆར་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ །ཨོཾ་སྭསྟི། ཀུན་མཁྱེན་པདྨའི་གཉེན་དེའི་ཐུགས་རྗེའི་འོད། །བྱང་ཕྱོགས་ཁ་བའི་རི་ལ་ཕོགས་པ་ལས། །རྒྱལ་བསྟན་བདུད་རྩིའི་ཆུ་ཀླུང་བབས་ པའི་གཏེར། །སྲུང་བའི་བསྟན་འཛིན་ཚོགས་རྣམས་རྒྱལ་གྱུར་ཅིག །འདྲེན་པ་འགྲོ་བའི་མགོན་དང་ཉེར་གནས་པ། །མང་དུ་ཐོས་པའི་མཆོག་གྱུར་ཨཱ་ནནྟ། །ཐོགས་མེད་ཡོན་ཏན་དེ་ཝ་

ཤེས་རབ་དང་། །འགྲོ་མགོན་དངོས་གྲུབ་ཆོས་ཀྱི་སྐུ་རྡོ་རྗེ། །མི་ལའི་ཐུགས་སྲས་རས་ཆུང་རྡོ་རྗེ་གྲགས། །སྒམ་པོའི་ཐུགས་ཟིན་གསལ་སྟོང་ཤྭ་སྒོམ་པ། །དབང་ཕྱུག་རྡོ་རྗེ་མཧཱ་པཎྜི་ཏ། ། འདུལ་འཛིན་ཆེན་པོ་ཆོས་ཀྱི་དབང་ཕྱུག་ཆེ། །གྲུབ་དབང་རྟོགས་ལྡན་རྟ་མཆོག་དཔལ་ལ་སོགས། །འཕགས་པའི་ཡུལ་དང་གངས་ཅན་བོད་ཡུལ་དུ། །སྐྱེས་རབས་ཕྲེང་བ་ཚར་དུ་དངར་བའི་ གར། །མ་ངེས་འཕྲུལ་གྱི་རོལ་མོར་བསྒྱུར་བ་ལས། །རྒྱལ་བསྟན་གསལ་བར་མཛད་ལ་གསོལ་བ་འདེབས། །ཁྱད་པར་ཨོ་རྒྱན་ཆེན་པོའི་ལུང་དོན་བཞིན། །ཆགས་བྲལ་ངུར་སྨྲིག་གོས་ བཟང་ཀླུབས་པའི་སྐུ། །དགེ་སྦྱོང་ཆོས་ཀྱི་དབང་ཕྱུག་ལ་སྤྲུལ་ནས། །སྐྱེ་དགུའི་ཕན་པ་བསྒྲུབས་ལ་གསོལ་བ་འདེབས། །དེ་དག་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །དྲི་མེད་ནམ་ མཁའི་དབྱིངས་ཀྱི་ཉི༵་མ༵་བཞིན། །འཕོ༵་འགྱུར༵་མེད་པའི་ཡོན་ཏན་རྟག་འཕྲོ་བ། །ཁྲ་ལེགས་རིན་པོ་ཆེ་ལ་གསོལ་བ་འདེབས། །གང་ཁྱོད་འཕགས་པའི་གོ་སར་རྟག་བཞུགས་ཀྱང་། །དམུ་ རྒོད་གདུལ་དཀའ་མ་རུང་འདུལ་བའི་སླད། །སྙེམས་པ་མེད་པའི་བརྟུལ་ཞུགས་སྤྱོད་པ་ཡིས། །གཞན་སྣང་དུལ་བར་མཛད་ལ་གསོལ་བའདེབས། །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་བསྟན་

པའི་སྲོལ། །ནོར་འཛིན་ཡངས་པའི་ཁྱོན་ལ་ཁྱབ་པའི་ཕྱིར། །ཕྲིན་ལས་སྣང་བ་བ་དན་དཀར་པོའི་རླབས། །གཡོ་བའི་ངོ་མཚར་སྐྱེ་རྒུས་མཐོང་བ་དང་། ། གང་གི་ཞབས་ཟུང་བཀྲ་ཤིས་རེ་ཁའི་དཔལ། །ཡུན་ནས་ཡུན་མཐར་རྡོ་རྗེ་ལྟར་བརྟན་ནས། །སྐལ་ལྡན་གདུལ་བྱའི་ཚོགས་གཉིས་ཡོངས་རྫོགས་པའི། །གསོལ་བཏབ་སྨོན་པའི་འབྲས་བུ་ སྨིན་གྱུར་ཅིག །ཅེས་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་སྐྱབས་མགོན་དགའ་ཁྲ་ལེགས་རིན་པོ་ཆེ་ཉི་མ་འགྱུར་མེད་མཆོག་གི་ཞལ་སློབ་ཉེ་བའི་གྲོགས་པོ་སེམས་བག་ཁལ་ནས་རྟེན་འབྱུང་ཨ་རིའི་ཤོག་དངུལ་དོང་རྩེ་དར་གྱིས་ལྕིབས་པ་དང་བཅས་བསྐུལ་མ་བྱུང་བ་བཞིན་ཕྲིན་ལས་ནོར་བུ་ནས་སྙིང་ནས་ གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། ཀུན་མཁྱེན་པདྨའི་གཉེན་དེའི་ཐུགས་རྗེའི་འོད། །བྱང་ཕྱོགས་ཁ་བའི་རི་ལ་ཕོགས་པ་ལས། །རྒྱལ་བསྟན་བདུད་རྩིའི་ཆུ་ཀླུང་བབས་པའི་གཏེར། ། སྲུང་བའི་བསྟན་འཛིན་ཚོགས་རྣམས་རྒྱལ་གྱུར་ཅིག །འདྲེན་པ་འགྲོ་བའི་མགོན་དང་ཉེར་གནས་པ། །མང་དུ་ཐོས་པའི་མཆོག་གྱུར་ཨཱ་ནནྟ། །མར་པའི་དངོས་སློབ་ཆོས་སྐུ་རྡོ་རྗེ་དང་། ། མི་ལའི་ཐུགས་སྲས་རྡོ་རྗེ་གྲགས་པ་སོགས། །འཕགས་པའི་ཡུལ་དང་གངས་ཅན་བོད་ཡུལ་དུ། །སྐྱེས་རབས་ཕྲེང་བ་ཚར་དུ་དངར་བའི་གར། །དུས་ལས་ཡོལ་བ་མེད་པར་བསྒྱུར་བ་ལས། །

སྐྱེ་རྒུའི་ཕན་བདེ་བསྒྲུབ་ལ་གསོལ་བ་འདེབས། །ཁྱད་པར་ཨོ་རྒྱན་པདྨའི་ལུང་དོན་བཞིན། །བསྒྲུབ་བརྒྱུད་ཆོས་ཀྱི་གྲགས་པའི་དཔལ་འབར་ཞིང་། །བཀྲ་ཤིས་དཔལ་ཡོན་ཆགས་པ་སའི་ ཐིག་ལེ། །གང་དུ་བསྟན་དང་འགྲོ་ལ་དག༵འ་བསྐྱེད་པའི། །ཁྲ༵་ལེ༵གས་འོད་གསལ་ཉི་མ་འགྱུར་མེད་ནི། །དྲི་མེད་ནམ་མཁའི་དབྱིངས་ཀྱི་ཉི༵་མ༵་བཞིན། །འཕོ་འགྱུར༵་མེ༵ད་པའི་ཡོན་ཏན་རྟག་ འཕྲོ་བ། །ཁྲ་ལེགས་རིན་པོ་ཆེ་ལ་གསོལ་བ་འདེབས། །གང་ཁྱོད་འཕགས་པའི་གོ་སར་རྟག་བཞུགས་ཀྱང་། །དམུ་རྒོད་གདུལ་བྱ་མ་རུང་འདུལ་བའི་སླད། །སྙེམས་པ་མེད་པའི་བརྟུལ་ ཞུགས་སྤྱོད་པ་ཡིས། །གཞན་སྣང་དུལ་བར་མཛད་ལ་གསོལ་བ་འདེབས། །རྒྱལ་བསྟན་སྤྱི་དང་བསྒྲུབ་བརྒྱུད་བསྟན་པའི་སྲོལ། །ནོར་འཛིན་ཡངས་པའི་ཁྱོན་ལ་ཁྱབ་པའི་ཕྱིར། །ཕྲིན་ལས་ སྣང་བ་བ་དན་དཀར་པོའི་རླབས། །གཡོ་བའི་ངོ་མཚར་སྐྱེ་རྒུས་མཐོང་བ་དང་། །གང་གི་ཞབས་ཟུང་བཀྲ་ཤིས་རེ་ཁའི་དཔལ། །ཡུན་ནས་ཡུན་མཐར་རྡོ་རྗེ་ལྟར་བརྟན་ནས། །སྐལ་ལྡན་ གདུལ་བྱའི་ཚོགས་གཉིས་ཡོངས་རྫོགས་པའི། །གསོལ་བཏབ་སྨོན་པའི་འབྲས་བུ་སྨིན་གྱུར་ཅིག །ཅེས་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་སྐྱབས་མགོན་ཁྲ་ལེགས་རིན་པོ་ཆེ་ཉི་མ་འགྱུར་མེད་མཆོག་གི་ཞལ་སློབ་ཉེ་བའི་གྲོགས་པོ་སེམས་བག་ཁཱལ་ནས་རྟེན་འབྱུང་ཨ་རིའི་ཤོག་དངུལ་དོང་རྩེ་དར་གྱིས་ལྕིབས་པ་དང་བཅས་བསྐུལ་མ་བྱུང་བ་བཞིན་ཕྲིན་ལས་ནོར་བུ་ནས་སྙིང་ནས་གུས་པ་ཆེན་པོས་མཎྜལ་སྐུ་གསུང་ཐུགས་རྟེན་དང་བཅས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། གདོད་ནས་འཕོ་བྲལ་སྟོང་ཆེན་ཆོས་ཀྱི་སྐུའི། །སྣང་ཆ་མ་འགགས་ཁ་སྦྱོར་ཡན་ལག་བདུན། །འོག་མིན་ཞིང་དུ་ལོངས་སྤྱོད་རྫོགས་པའི་ལྷ། །ཚེ་བདག་རྣམས་ཀྱིས་ཚེ་དབང་བྱིན་ཆེན་ཕོབས། །ཡེ་ཤེས་ལུས་ཅན་པདྨ་སམྦྷ་ཝ། །པན་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ། །ཁ་བ་རི་པའི་ལྷ་གཅིག་ཁྲི་སྲོང་རྗེ། །རྣམ་གསུམ་དབྱེར་མེད་འཇིགས་མེད་གླིང་པར་འདུད། །གང་ཐུགས་གཉིས་མེད་ཡེ་ཤེས་སྒྱུ་མའི་གར། །ཚར་གཅོད་རྗེས་འཛིན་བསད་གསོ་ནུས་པའི་དཔལ། །བརྟུལ་ཞུགས་གྲུབ་པའི་དབང་པོ་མཁྱེ༷ན་བརྩེ༷འི་གཏེར། །ཡེ༷་ཤེ༷ས་རྡོ༷་རྗེ༷་སྙིང་དབུས་པདྨོར་རོལ། །གང་གི་སྐྱེས་རབས་མཆོག་གི་སྤྲུལ་པའི་གཟུགས། །དྲི་མེད་གཟ༷ན་དཀ༷ར་མནབས་པའི་རིག་སྔགས་འཆང་། །པདྨ་དངོས་གྲུབ་རོལ་པའི་རྡོ་རྗེའི་ཞབས། །སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །དེ་ཡི་སྐྱེ་བ་མངོན་པར་སྐྱེས་པ་ནི། །བདག་ཉིད་ཡིན་ཅེས་སྔོན་གནས་རྗེས་དྲན་གཏམ། །དད་ལྡན་དགའ་བ་བསྐྱེད་པའི་སྐྱེས་བྱིན་པ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྨད་བྱུང་དམ་པའི་ཚུལ་དགུའི་ཡོན་ཏན་ཀུན། །བུམ་ནང་མར་མེ་བཞིན་དུ་ཉེར་སྦས་ཏེ། །རྒྱལ་བ་དགྱེས་པའི་ཀུན་སྤྱོད་ལྷུར་ལེན་པ། །ཐུབ༵་བསྟན༵་ཉི༵་མའི༵་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་བཀའ་དང་དེ་ཡི་དགོངས་འགྲེལ་དང་། །གནས་གསུམ་དབྱིངས་ཀྱི་མཁའ་འགྲོའི་གསང་བའི་ཆོས། །བསྟན་པའི་བཙས་སུ་བླ་ནས་བླར་འཕེལ་བའི། །ཆོས་སྐུའི་རིང་བསྲེལ་སྙིང་པོར་བསྒྲུན་བྱེད་པའི། །བྱ་བ་ལས་ཀྱི་འཁོར་ལོའི་ཁུར་ཆེན་པོ། །གཞན་གྱི་དྲིང་དུ་འཇོག་ལ་མི་གཞོལ་བར། །བདག་གིར་བཞེས་ཏེ་རིས་མེད་བསྟན་འགྲོའི་དོན། །བསམ་མི་ཁྱབ་པར་མཛད་ལ་གསོལ་བ་འདེབས། །གང་གི་གསང་གསུམ་མི་ཤིགས་རྡོ་རྗེའི་ཁམས། །གཡོ་བའི་ཆོས་ལས་ཡེ་ནས་རབ་འདས་མོད། །དེང་འདིར་གདུལ་བྱའི་སྣང་ངོར་སྣང་བའི་སྐུའི། །སྤྲོས་པ་བསྡུ་བའི་མངོན་རྟོགས་མི་ངོམས་ཤིང་། །པདྨའི་གཉེན་ལ་ཉི་མའི་དཀྱིལ་འཁོར་ལྟར། །མཚན་དཔེའི་དཀྱིལ་འཁོར་རྟག་ཏུ་རབ་གསལ་ཏེ། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །འགྲོ་ཀུན་ཕན་བདེའི་སྣང་བས་འཚོ་བར་ཤོག །ཅེས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་ལ་ཐུན་མོང་མ་ཡིན་པའི་རྒྱུ་ཚན་ཤེས་པའི་དད་པ་འཐོབ་པ་ཆོས་བཙུན་མ་ ༧༦༠། ཀུན་ཏུ་བཟང་མོ་ནས་ནན་ཏན་ཆེན་པོས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་འཕགས་ནོར་བདུན་གྱི་དང་པོའི་རྗེས་སུ་རྐང་པ་འཇོག་པ་ལ་སྤྲོ་བ་བརྟས་པ་འདུ་གསུམ་པ་ཕྲིན་ལས་ནོར་བུ་ནས་སྙིང་ནས་གསོལ་བ་བཏབ་པའོ།། །། ༈ ཞབས་བརྟན་གསོལ་ འདེབས་རྒྱས་པ་འདོན་མི་ལྕོགས་པའི་སྐབས་སམ། གྲངས་གསོག་སྐབས་སུ། གསང་སྔགས་རིགས་སྔགས་གཟུངས་སྔགས་རྣམ་གསུམ་གྱི། །སྔགས་རིགས་འཛིན་པ་གཟན་དཀར་སྤྲུལ་པའི་སྐུ། །ཐུབ་བསྟན་ཉི་མ་ འོད་ཟེར་སྟོང་ལྡན་པ། །དད་གསུམ་ཡིད་ཀྱི་མཁའ་ལ་རྟག་འཆར་ཞིང་། །ཉམས་ཐག་འགྲོ་ཀུན་སྙིང་རྗེས་སྐྱོང་བ་དང་། །རིན་ཆེན་རྣམ་གསུམ་དད་པས་མཆོད་པ་སོགས། །ཕན་བདེའི་ སྣང་བའི་པད་ཚལ་རབ་བཞད་ནས། །མཐར་ཐུག་གཉིས་མེད་ཡེ་ཤེས་སྐུ་ཐོབ་ཤོག །ཅེས་གསོལ་བ་བཏབ་པས་དོན་ཡོངས་སུ་འགྲུབ་པར་འགྱུར་རོ།། །། ༈ སྡེ་གཞུང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས། འཇམ་པའི་ དབྱངས་དངོས་ཀུན་དགའ་རྒྱལ་མཚན་གྱི། །བསྟན་པའི་རྗེས་ཞུགས་སྤང་རྟོགས་ཡོན་ཏན་གྱིས། །རིས་མེད་གྲུབ་མཐའི་སྣང་བ་གསལ་མཛད་པ། །ཆོས་ཀྱི་ཉི་མ་གང་ཁྱོད་ཞབས་བརྟན་ ཤོག །ཅེས་གནམ་ལོ་གསར་པའི་རྟེན་འབྱུང་དགེ་བའི་སྐབས་བསྟུན་སྨོན་ཚིག་ཏུ་རྨོངས་བརྟུལ་ཕྲིན་ལས་ནོར་བུས་སྙིང་ནས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། གཞོམ་བྲལ་ནམ་མཁའི་རང་བཞིན་ཆོས་ཀྱི་སྐུ། །དཔག་མེད་ཚེ་དང་ཡེ་ཤེས་ཉི་མའི་འོད། །རང་བྱུང་པདྨའི་སྦུབས་སུ་འཕྲོས་པ་ལས། །རང་བྱུང་པདྨ་རྒྱལ་པོས་ཁྱོད་ལ་སྲུངས། །བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ། །དེ་དག་སྤྱི་དང་ཁྱད་པར་ཨོ་རྒྱན་རྗེའི། །བརྒྱུད་འཛིན་ཐུགས་ཀྱི་སྲས་སུ་དབང་ཐོབ་པ། །དགའ་རབ་རྡོ་རྗེའི་སྐུ་ཚེ་ཡུན་བརྟན་ཅིང་། །དག༵འ་ལྡན་ལྷ་ཡི་བུ་མཆོག་སེམས་ལྷག་ཅན། །མི་ཡི་རྫུར་བཞུགས་མི་ལས་ར༵བ་འདས་པའི། །ལྷ་གཅིག་ཀུན་བཟང་རྡོ༵་རྗེ༵་སེམས་དཔའི་ཆོས། །ཨ་ཏིའི་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཅེས་བུ་དགའ་རབ་རྡོ་རྗེ་ལ་མཆོག་ཏུ་གུས་པ་ཅན་ ཡ༤༩༩༧ ཟེར་བའམ་ཆོས་མིང་དུ་པདྨ་ཆོས་སྒྲོན་ཞེས་འབོད་པ་ནས་ནན་ཏན་ཆེན་པོས་བསྐུལ་ངོར་ཕྲིན་ལས་ནོར་བུས་དེ་འཕྲལ་སྨོན་པ་དགེ། དེ་ཡང་གོང་དུ་དགའ་ལྡན་ལྷ་ཡི་བུ་མཆོག་སེམ་ལྷག་ཅན། །ཞེས་གསལ་བའི་དགའ་ལྡན་ལྷ་ཡི་གནས་རིས་ཡ་གྱལ་དུ་ཕྱེ་བ་གཅིག་པུ་ལ་མ་གོ་བར་གང་དུ་བུ་སེམས་ལྷག་ཅན་བྱུང་བའི་གནས་རིས་སུམ་ཅུ་རྩ་གསུམ་དགའ་བ་ཆེན་པོ་དང་ལྡན་པའི་ལྷ་ཡུལ་ལ་གོ་དགོས་སོ།། །། ༈ ཨོཾ་སྭསྟི། །ཚེ་འོད་དཔག་མེད་བདེ་ལྡན་ཞིང་གི་མགོན། །ཚེ་སྦྱིན་ལྷ་མོ་ཡིད་བཞིན་འཁོར་ལོའི་ཞབས། །ཚེ་དབང་རིག་འཛིན་པདྨ་ཐོད་ཕྲེང་སོགས། །ཚེ་བདག་རྣམས་ཀྱིས་ཚེ་དབང་བྱིན་ཆེན་ཕོབས། །སངས་རྒྱས་ཕྲིན་ལས་ཉི་མའི་འོད་ཀྱི་ཟེར། །འགྲོ་བའི་ལེགས་བྱས་བསོ༵ད་ན༵མས་གངས་རིའི་ངོགས། །དུས་སུ་འཕྲོས་པས་རྒྱལ་བསྟན་རིན་པོ་ཆེའི། །ངོ་མཚར་སྣང་བ་བཟང་པོས་ཁྱབ་གདལ་བས། །རྨད་བྱུང་སྒྲུབ་བརྒྱུད་ཤིང་རྟ་རྣམ་བརྒྱད་ལས། །ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མ་དང་། །མངའ་བདག་མར་པའི་བསྟན་སྲོལ་འཛིན་མཛད་པ། །བསོད་ནམས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །གང་ཐུགས་ཟག་མེད་བདེ་ཆེན་ཡེ་ཤེས་སེམས། །གང་ཞིག་ཆོས་དབྱིངས་གཉུག་མའི་རང་ཁམས་ལས། །གང་འདུལ་གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐུ། །གང་ཁྱོད་ཚེ་ལྷའི་ངོ་བོར་འཚོ་གཞེས་ཤིང་། །ཐབས་ལམ་ཆོས་དྲུག་གྲོལ་ལམ་ཕྱག་ཆེན་སོགས། །ཉེ་ལམ་རྡོ་རྗེ་ཐེག་པའི་གསེང་ལམ་ལས། །སྐལ་ལྡན་ཟུང་འཇུག་སྐུ་བཞིའི་གོ་འཕང་ལ། །འགོད་པའི་རྣམ་ཐར་གོང་མའི་རྗེས་སོན་ཤོག །ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་དོན། །རང་སྣང་རིས་མེད་དག་པ་རབ་འབྱམས་ཀྱིས། །འཁོར་འདས་ཀུན་བཟང་ཆོས་སྐུའི་རྒྱལ་ཐབས་ལ། །འགོད་པའི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཤོག །ཅེས་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་གོང་མའི་དངོས་སློབ་ཕུལ་བྱུང་མཁྱེན་བརྩེ་མཚུངས་མེད་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་ལྷ་རེག་གི་རྟེན་དང་བཅས་ཏེ་བསྐུལ་མ་གནང་ངོར་རྒྱལ་བས་བདེན་བཞིའི་ཆོས་འཁོར་བསྐོར་བ་དྲུག་པ་ཆོས་བཞིའི་དུས་ཆེན་ཉིན་ཕྲིན་ལས་ནོར་བུ་ནས་གསོལ་བ་བཏབ་པ་དགེ། །། ༈ །ཨོཾ་སྭསྟི། གཞོན་ནུའི་དཔལ་གྱིས་གངས་ཅན་སྐྱེ་རྒུ་ལ། །གཙུག་གི་ནོར་བུ་གཅིག་དང་རྣ་བའི་རྒྱན། །གཉིས་སུ་ཡོད་ཅེས་བསྟོད་བསྔགས་མེ་ཏོག་ཆར། །གང་ལ་འཐོར་བ་དེ་དག་རྣམ་གསུམ་མཆོད། །པཎ་ཆེན་བརྒྱ་རྩའི་བདེ་ཆེན་འཁོར་ལོའི་རྒྱན། །རིག་འཛིན་ཆེན་པོ་བི་མ་ལ་མི་ཏྲའི། །ཆོས་དབྱིངས་ཀུན་ཏུ་འགྲོ་བ་དགོངས་པའི་ཀློང་། །མཁའ་ལྟར་དག་པའི་དབྱིངས་ལས་ཤར་བ་ཡི། །ཚད་མེད་ཐུགས་རྗེ་སྣང་བ་དཀར་པོའི་གདངས། །གངས་ཅན་རི་ཡི་ངོས་ལ་ཕོག་བྱེད་པ། །མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུ་ནས། །བཀྲ་ཤིས་རྣམ་པར་རྒྱལ་བའི་རྣམ་རོལ་བར། ། རྨད་བྱུང་ངོ་མཚར་སྤྲུལ་པའི་ཟློས་གར་གྱིས། །གྲོལ་ལམ་ཕྱག་ཆེན་ཐབས་ལམ་ཆོས་དྲུག་སོགས། །དབང་རྣོན་གདུལ་བྱའི་ཁམས་ཀྱི་རྗེས་འགྲོ་བའི། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ བསྒྲེང་བའི་མཐར། །ཕྱི་ཚུལ་བཙུན་པ་འདུལ་བ་འཛིན་པའི་གཟུགས། །ནང་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སེམས། །གསང་བ་སྔགས་འཆང་ཧཱུྃ་ནག་མེ་འབར་བའི། །ཆོས་ཀྱི་ བདག་པོ་ནོར་བུ་བརྒྱན་ལ་འདུད། །པདྨའི་ལུང་བཞིན་སྦས་ཡུལ་པདྨ་བཀོད། །ཀུན་འདུས་རྡོར་སེམས་ཕོ་བྲང་ལ་སོགས་པ། །གནས་དང་གནས་ཕྲན་མང་པོའི་སྒོ་འབྱེད་པ། །ཨོ་རྒྱན་

འགྲོ་འདུལ་གླིང་པར་གསོལ་བ་འདེབས། །གང་གི་རིགས་མྱུག་ངོ་མཚར་སྤྲུལ་པའི་སྐུ། །རིགས་ལྔའི་གྲངས་ལྡན་ཉིད་དུ་བྱིན་བརླབས་པས། །གཏེར་ཆེན་རཏྣ་ གླིང་པའི་སྐུ་ཡི་གར། །ཐོག་མའི་རྒྱལ་སྲས་བདེ་ཆེན་གླིང་པ་སྟེ། །བླ་རྫོགས་ཐུགས་གསུམ་ལ་སོགས་ཆོས་གཏེར་དང་། །ངོ་མཚར་རང་བྱུང་བྱེ་མ་ཨ་ཀྲོང་ལས། །བྱོན་པའི་གུ་རུའི་སྐུ་ ཚབ་ལ་སོགས་པ། །ཁྱད་པར་འཕགས་པའི་རྫས་གཏེར་མང་བཞེས་ཤིང་། །གནས་ཀྱིས་གང་ཟག་བྱིན་གྱིས་རློབས་པའི་ཕྱིར། །བུདྡྷ་ཚེ་ཡི་ཕུག་པ་ལ་སོགས་པ། །ཕུག་ཆེན་བདུན་གྱི་ གནས་སྒོའི་ཞལ་ཕྱེས་ཏེ། །བསྟན་འགྲོའི་རྒུད་སེལ་མཛད་ལ་གསོལ་བ་འདེབས། །སྐྱེ་མེད་ཆོས་ཀྱི་སྐུ་ཡི་དབྱིངས་ཀྱི་རྩལ། །འགག་མེད་གསལ་དག་ལོངས་སྐུའི་ཞིང་ཁམས་ནས། ། གནས་མེད་ཐུགས་རྗེ་སྤྲུལ་སྐུའི་བླ་མ་ནི། །ཅིར་ཡང་འཆར་བའི་རོལ་པ་ཚད་མེད་ལས། །གང་ཚེ་ཨོ་རྒྱན་དངོས་བྱོན་བདུད་འཇོམས་རྗེ། །འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེ་ཞེས། ། རྙིང་བསྟན་སྤྱི་སྒོས་ཡོངས་ལ་དྲིན་ཆེ་བའི། །གྲགས་པའི་སྙན་གྲགས་ཛམ་གླིང་འདིར་གྲགས་པས། །འཇིགས་མེད་པདྨ་བདེ་ཆེན་དབང་རྒྱལ་དང་། །འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མ་

སྟེ། །མཁྱེན་བརྩེ་ནུས་པའི་དཔལ་ལྡན་སྐུ་མཆེད་ཟུང་། །བསྟན་འཛིན་སྐྱེས་བུའི་སྤྲུལ་པར་ལུང་གིས་བསྔགས། །དེ་ཕྱིར་དེ་དག་ཟུང་གི་སྤྲུལ་པའི་གར། །རྡོ་རྗེའི་ཆོས་བདུན་ངོ་བོར་འཚོ་ གཞེས་ཤིང་། །མཐའ་ཀླས་བསྟན་དང་འགྲོ་ལ་ཕན་པ་ཡི། །རླབས་ཆེན་ཕྲིན་ལས་དུས་ལས་མི་ཡོལ་ཤོག །དེ་ཡང་དབུ་ཡི་མཆོད་བརྗོད་དུ་གཞོན་ནུའི་དཔལ་ཞེས་པ་ནི་ངེས་པ་དོན་གྱི་རིས་མེད་པའི་ལོ་ཙཱ་ཆེན་པོ་འགོས་གཞོན་ནུ་དཔལ་ལ་གོ། དེ་ཡི་གསུང་དེབ་ཐེར་སྔོན་པོ་ལས་རང་ཅག་གངས་ཅན་པ་རྣམས་ལ་གཙུག་གི་ནོར་བུ་གཅིག་དང་། རྣ་བའི་རྒྱན་གཉིས་ཡོད་གསུངས་པས། གཙུག་གི་ནོར་བུ་གཅིག་ནི་ཨོ་རྒྱན་ཆེན་པོ་དང་། །རྣ་བའི་རྒྱན་གཉིས་ནི་ཀུན་མཁྱེན་རོང་ཟོམ་པ་ཆོས་ཀྱི་བཟང་པོ་དང་། རྗེ་བཙུན་མི་ལ་རས་པ་ལ་བཞེད། བླ་མ་འགྱུར་མེད་ རང་གྲོལ་ཁྱེད་ཀྱིས་ཁོང་སྐུ་མཆེད་དམ་པ་གཉིས་ལ་ཞབས་བརྟན་འབྲི་དགོས་ཞེས་ལྷ་རེག་རྟེན་དང་བཅས་ཏེ་རིང་ནས་བསྐུལ་བའི་ངོར་ད་ལམ་མེ་མོ་ཕག་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུ་གཟའ་སྐར་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་ཞབས་བརྟན་གསོལ་འདེབས་དང་འབྲེལ་བ་འདི་ཉིད་བྲིས་ཤིང་། སློབ་བུ་སྦྱིན་བདག་ པདྨ་བཀོད་པ་རྣམས་ནས་ཞིང་ལ་ཨ་ཤོམ་འདེབས་རྒྱུ་དང་། བཏུང་ཆང་བཙོ་བསྙལ་དགོས་པའི་བྲེལ་བས་རྒྱས་པ་འདོན་ལྕོགས་པ་མེད་ཟེར་ན་སྐྱེ་མེད་ཆོས་སྐུ་ནས། དུས་ལས་མི་ཡོལ་ཤོག །ཅེས་པའི་བར་ཤློཀ་བཞི་བཏོན་པས་དོན་འགྲུབ་པར་འགྱུར་རོ་ཞེས་ཁོང་ཅག་དད་དམ་སད་སུད་རེ་ཡོད་པ་རྣམས་ལ་གསུངས་རོགས་ཞེས་ཕྲིན་ལས་ནོར་བུ་ནས་བྲིས་ཏེ་ཕུལ།། །། ༈ །ཨོཾ་སྭསྟི། སྲིད་དང་ཞི་བའི་འཇི༵གས་པ་མེ༵ད་པའི་སྐུ། །བདུད་བཞི་གཡུལ་ལས་རྣ༵མ་པར་རྒྱལ༵་བའི་ལྷ། །ལག་ན་རྡོ༵་རྗེ༵་འཛིན་པ་མཚོར་

འཁྲུངས་པ། །རང་བྱུང་པདྨ་རྒྱལ་པོས་ཁྱོད་ལ་སྲུངས། །མཁ༵ས་ཚུལ་གསུམ་གྱི་བསྟན་ལ་བྱི་དོར་བྱེད། །རློམ་སེམས་མེད་པའི་ཚུལ་ཁྲིམས་དག་པས་ བཙུན༵། །བཟ༵ང་པོའི་ཡོན་ཏན་གཞན་ཕན་དོན་དུ་གཉེར། །འཇིགས་མེད་རྣམ་རྒྱལ་རྡོ་རྗེའི་ཞབས་བརྟན་ཅིང་། །བསྟན་པའི་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པའི་གཙུག་རྒྱན་ འགྲོ་འདུལ་གླིང་པ་ཡི། །བསྟན་པའི་སྣང་བས་ཛམ་གླིང་ཁྱབ་བརྡལ་ནས། །བསྟན་འགྲོའི་བདེ་སྐྱིད་དཔལ་ཡོན་གསལ་འབར་ཤོག །ཅེས་སྙིང་ནས་སྨོན་པ་པོ་ཕྲིན་ལས་ནོར་བུའོ།། །། ༈ །ཨོཾ་སྭསྟི། མཁའ་འགྲོའི་དབང་ཕྱུག་པདྨ་བཞད་པའི་ཞལ། །མི་སྲུན་བདུད་བཞིའི་གཡུལ་ངོ་འཇོམས་པ་ལ། །བརྟུལ་ཞུགས་གྲུབ་པའི་དབང་ཕྱུག་ཨོ་རྒྱན་རྗེས། །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ ཕོབས། །སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེང་བ་ལ། །ཐུགས་སྐྱེད་གཞན་གྱི་དྲིང་དུ་མི་འཇོག་ཅིང་། །ལོ་ཀའི་ཆོས་བརྒྱད་བྱ་བ་ཡོངས་བྲལ་བ། །འགྲན་བྲལ་ཁྲོ་རྒྱལ་རྡོ་རྗེའི་ཐུགས་ཀྱི་ སྲས། །རྣམ་མེད་དབྱིངས་ལས་རྣམ་པར་འཕྲུལ་པའི་གཟུགས། །རྡོ་རྗེ་སློབ་དཔོན་གཟུགས་སུ་རྣམ་རོལ་བ། །འཇིགས་མེད་མཐུ་སྟོབས་རྣམ་པར་རྒྱལ་བ་ཡི། །སྐུ་ཚེའི་འདུ་བྱེད་ཡུན་

མཐར་བརླིང་བ་ནས། །ཐུན་མོང་གདུལ་བྱ་འདུལ་བའི་རྒྱུ་འབྲས་ཆོས། །ཐུན་མོང་གདུལ་བྱའི་རྣ་བར་སྒྲོགས་པ་དང་། །ཐུན་མིན་རིམ་གཉིས་ཟབ་མོའི་རྣལ་འབྱོར་ཆོས། །ཐུན་མིན་གདུལ་ བྱའི་ཚོགས་ལ་སྟོན་པ་ནས། །ཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཁམས་འདིའི། །སྐྱེ་རྒུའི་སེམས་ལ་མངོན་པར་མཐོ་བ་དང་། །ངེས་པར་ལེགས་པའི་སྣང་བས་ཁྱབ་པ་ནས། །ཀུན་བཟང་ དགོངས་པའི་ཀློང་དུ་རོ་གཅིག་ཤོག །ཅེས་པ་འདིའང་མཧཱ་སུ་ཁ་ཛྙཱ་ན་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་ནས་བསྐུལ་ངོར་ཕྲིན་ལས་ནོར་བུ་ནས་བྲིས་པའོ།། །། ༈ །ཨོཾ་སྭསྟི། རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་གཉུག་མའི་ ཁམས། །རྣམ་བཅས་མཚན་དཔེའི་དཔལ་དུ་འབར་བའི་ལྷ། །རྣམ་གསུམ་ཚེ་ལྷའི་ལྷ་ཚོགས་འཁོར་བཅས་ཀྱིས། །དེང་འདིར་ཚེ་དབང་དངོས་གྲུབ་བྱིན་ཆེན་ཕོབས། །འཁོར་འདས་ཆོས་ ལ་འཇི༵གས་པ་མེ༵ད་པའི་ཐུགས། །རྒྱལ་ཀུན་ཡེ་ཤེས་སེམས་དཔའི་བསྟན༵་པའི་སྲོག །མཁས་བཙུན་བཟང་པོའི་དཔལ་གྱིས་ཡོངས་འཛི༵ན་པ། །མི་མཆོག་སྤྲུལ་སྐུའི་ཞབས་པད་ཡུན་བརྟན་ ཅིང་། །སྔ་འགྱུར་རྡོ༵་རྗེ༵་སྙིང་པོའི་བསྟན་པ་ལ། །ལྟ་བ་ལོག་པའི་མི་སྲུན་བདུ༵ད་སྡེའི་དཔུང་། །བརྩེ་ཆེན་བྱམས་པའི་མཚོན་ཆས་ཡོངས་འཇོ༵མས་ཏེ། །བསྟན༵་པའི་རྒྱལ་མཚན་སྲིད་པའི་རྩེར་

བསྒྲེངས་ཤིང་། །ཨོ་རྒྱན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལྔའི། །ཡ་གྱལ་རིག་འཛིན་པདྨ་གླིང་པ་ཡི། །བསྟན་པའི་པདྨོའི་གསོས་སུ་ཕན་པ་ཡི། །ཕྲིན་ལས་ཉི་ མའི་འོད་ཟེར་རྟག་འཆར་ཤོག །ཅེས་ཁྲག་འཐུང་བདུད་འཇོམས་གླིང་པའི་ཐུགས་སྲས་ཀྱི་དྭངས་མའི་གྲས་སུ་བཞུགས་པ་སྡེ་རྒྱལ་གོང་མའི་དངོས་སློབ་གཡོ་མེད་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་རྡོ་རྗེའི་ཞབས་བརྟན་སྨོན་ཚིག་ཏུ་ཨ་ཁུ་ཐུབ་བསྟན་སོགས་སྐུ་འཁོར་རྣམས་ དང་། ཆོས་བཙུན་ཆོས་སྒྲོན་བཟང་མོ་སོགས་ནས་དར་གྱི་རྟེན་དང་བཅས་བསྐུལ་མ་བྱུང་བ་བཞིན་ཕྲིན་ལས་ནོར་བུས་སྙིང་ནས་སྨོན་པ་དགེ། །། ༈ །ཨོཾ་སྭསྟི། གཉིས་སྣང་བདུད་སྡེའི་དཔུང་ཚོགས་མ་ལུས་པ། །གཉིས་མེད་ཡེ་ཤེས་རྡོ་ རྗེ་འབར་བའི་མཚོན། །རྣོ་བའི་གདེངས་ཀས་ཅིག་ཆར་འཇོམས་མཛད་པ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བྱིན་བརླབས་ཀྱིས། །གསང་སྔགས་འབྲས་བུའི་ཐེག་པ་ཆེན་པོ་ཡི། །རིམ་གཉིས་ ཟབ་མོའི་ལམ་ལ་རྣལ་འབྱོར་པ། །བླ་མ་བཟང་པོ་ཡེ་ཤེས་རྡོ་རྗེ་ཡི། །སྐུ་ཚེ་བརྟན་ཅིང་མཛད་ཕྲིན་མཐར་ཕྱིན་ཤོག །ཅེས་བོད་ཟླ་གསུམ་ཚེས་བཞི་ལ་བྲིས།། །། ༈ །ཉི་མའི་འོད་བཞིན་ཉེ་རིང་ མེད་པ་ཡི། །ཐུགས་བསྐྱེད་འོད་སྣང་དྲོན་པོར་རྟག་འབར་བས། །རང་གཞན་བསྟན༵་པའི་པད་ཚལ་རྒྱས༵་མཛད་པ། །རི༵ན་པོ༵་ཆེ༵་ཡི་ཞབས་པད་བརྟན་གྱུར་ཅིག །ཅེས་བསྟན་རྒྱས་རིན་པོ་ཆེའི་དངོས་སློབ་རྣམས་

ཀྱི་བསྐུལ་བ་བཞིན་ཕྲིན་ལས་ནོར་བུས་བྲིས་ཏེ་ཕུལ་བའོ།། །། ༈ །ཨོཾ་སྭསྟི། ཟག་མེད་བསོ༵ད་ནམ༵ས་ཡེ་ཤེས་ཕུང་པོའི་དཔལ། །སྟོབ༵ས་བཅུ་མངའ་བའི་གཟུགས་སུ་རྣམ་རོལ་པ། །རྒྱལ༵་བ་འོད་མཚན་ སྟོང་དུ་འབར་བའི་ལྷ། །པདྨ་ལས་འཁྲུངས་མགོན་པོས་ཤིས་པ་སྩོལ། །གང་དེའི་ཕྲིན་ལས་ཉི་མའི་འོད་ཀྱི་ཟེར། །སྐལ་བཟང་གདུལ་བྱའི་ཡིད་ཀྱི་པདྨོ་ལ། །འཕྲོས་པས་བདེ་གཤེགས་ སྙིང་པོའི་ཡོན་ཏན་ཁམས། །རྣམ་པར་སྣང་མཛད་བླ་མའི་ཞབས་ལ་འདུད། །ཕྲ་རགས་ལས་རླུང་རྟོག་ཚོགས་ཞི་བས་དུལ། །གཞན་ལ་ཕན་པ་སྒྲུབ་པའི་བྱང་སེམས་འབྱོངས། །ལྷག་པའི་ ལྷ་ཡིས་རྗེས་བཟུང་དག་སྣང་ཆེ། །མཚུངས་མེད་བླ་མའི་སྐུ་ཚེ་ཡུན་བརྟན་ཅིང་། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་བཀའ་རྙིང་གི། །བཤད་ སྒྲུབ་བསྟན་པ་ཡོངས་སུ་དར་བ་ཡི། །རླབས་ཆེན་ཕྲིན་ལས་ཕྱོགས་མཐར་རྒྱས་གྱུར་ཅིག །ཅེས་མཁྱེན་བརྩེ་མཚུངས་མེད་བླ་མ་བསོད་ནམས་སྟོབས་རྒྱལ་གྱི་བུ་སློབ་རྣམས་ནས་ཞབས་བརྟན་དུ་འདོན་རྒྱུར་ཕྲིན་ལས་ནོར་བུ་ནས་ཆུ་རྟ་ཟླ་དགུ་པའི་ཚེས་བརྒྱད་དུས་བཟང་ལ་སྔ་དྲོའི་ཆར་བྲིས་པ་དགེ། །། ༈ །རི༵ག་འཛི༵ན་མཁའ་འགྲོའི་ཚོགས་རྗེས་པད་འབྱུང་གི། །ཐེག་མཆོག་ངོ་མཚར་ཆོས་ཀྱི་གྲགས་པའི་གཏམ། །རྒྱ༵་མཆོ༵འི་མཐར་ཁྱབ་སྤེལ་བའི་ཕྲིན་

ལས་ཅན། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །ཅེས་བོད་ས་འབྲུག་ཟླ་གཉིས་པའི་ཚེས་བཅུའི་ཉིན་མཆེད་གྲོགས་བླ་མ་བསོད་ནམས་ཚེ་རིང་ནས་བསྐུལ་མ་གནང་ངོར་ཕྲིན་ལས་ནོར་བུས་དེ་འཕྲལ་སྨོན་ཚིག་ཏུ་བྲིས་པ་དོན་ལྡན་དུ་གྱུར་ཅིག །། ༈ །ཨོཾ་སྭསྟི། སེམས་དཔའ་ཆེན་པོ་མཁ༵ན་ཆེན་ཞི་བ་འཚོའི། །ཐུགས་བསྐྱེད་འོད་སྣང་ཟླ་བ་དཀ༵ར་པོ༵་ལ། །བརྟེན་པའི་ཚུལ་ཁྲིམས་དྲི་འཛིན་ཀུ་མུཏྟའི། །རྣམ་དག་ཡོན་ཏན་ལེགས་སྲུང་ཁྱོད་ལ་འདུད། །ཨོ་ཌི་ཡ་ནའི་སློབ་དཔོན་པད་འབྱུང་གི། །རྣམ་འཕྲུལ་འགྲོ་འདུལ་གླིང་པས་རྗེས་བཟུང་བས། །ལྔ་ཕྲག་ལྟ་བའི་དུག་གིས་མ་བསླད་པའི། །ནང་གི་རྣལ་འབྱོར་ཁྱོད་ལ་གསོལ་བ་འདེབས། །ཕན་བདེའི་འབྱུང་གནས་ཐུབ༵་བསྟན༵་རིན་པོ་ཆེ། །ལུང་རྟོགས་བཤད་སྒྲུབ་བསྟན༵་པ་འཛི༵ན་མཛད་པ། །མཚུངས་མེད་བླ་མའི་སྐུ་ཚེ་ཡུན་བརྟན་ཅིང་། །འགྲོ་ཕན་ཕྲིན་ལས་དུས་ལས་མི་ཡོལ་ཤོག །ཅེས་ཡབ་རྗེ་བདུད་འཇོམས་རིན་པོ་ཆེས་གཙོས་པའི་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་ཞབས་ལ་བཏུད་དེ་གསུང་གི་བདུད་རྩི་མྱངས་ཤིང་ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་བྱེད་པ་དགེ་སློང་དཀར་པོ་ཐུབ་བསྟན་བསྟན་འཛིན་གྱི་ཞབས་བརྟན་དུ་མཚོ་སྐྱེས་དབང་མོའམ་ནས་བསྐུལ་བ་བཞིན་ཕྲིན་ལས་ནོར་བུ་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །ཕུང་པོ་འཇིག་པའི་ཚོགས་ལ་བདག་ཏུ་ལྟ་བ། ལོག་པར་ལྟ་བ། མཐར་འཛིན་གྱི་ལྟ་བ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བ་སྟེ་ཉོན་མོངས་པ་ལས་བྱུང་བའི་ལྟ་བ་ལ་དུག་ཅན་གྱི་ལྟ་བ་ཟེར།། །། ༈ །ཨོཾ་སྭསྟི། ཡེ་ཤེས་འོད་ཀྱི་ཉི་མ་གཞོན་ནུའི་ཟེར། །གྲངས་མེད་གདུལ་བྱའི་ཡིད་ཀྱི་པདྨོ་ལ། །འཕྲོས་ལས་རྣམ་མཁྱེན་དྲི་བསུང་འཐུལ་མཛད་པ། །མཚོ་སྐྱེས་རྡོ་རྗེས་ཚེ་དབང་བྱིན་ཆེན་ཕོབས། །མི་འགྱུར་རྡོ་རྗེ་གླིང་གི་བསྟན་པའི་བདག །དཔལ་ཆེན་རིག་འཛིན་ནམ་མཁའ་འཇིགས་མེད་ཀྱི། །གདུང་ལས་ འཁྲུངས་ཤིང་གྲུབ་རིགས་འཛིན་པའི་དཔལ། །འཆི་མེད་རྡོ་རྗེའི་ཡེ་ཤེས་སྒྱུ་མའི་གར། །ཨོཾ་རྒྱན་ཆོས་ཀྱི་རྒྱལ་པོའི་བསྟན་པ་ལ། །རི་མོར་བྱེད་ཕྱིར་སྐུ་ཚེ་ཡུན་བརྟན་ཅིང་། །གང་གདུལ་ ཕྲིན་ལས་ཕྱོགས་བརྒྱར་འཕེལ་བ་ལས། །དཀོ༵ན་མཆོ༵ག་གསུམ་གྱི་སྣང་བས་ཁྱབ་གྱུར་ཅིག །ཅེས་སྤྱི་ལོ་༡༩༩༦ཚེས་༢༦མེ་བྱི་ཟླ་ལྔ་པའི་ཚེས་བཅུ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་འཁྲུངས་སྐར་དུས་ཆེན་མཆོག་ཏུ་གྱུར་པའི་ཉིན་ཕྲིན་ལས་ནོར་བུ་ནས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། སྐྱེ་འཆིའི་འཇི༵གས་མེ༵ད་ཚེ་ལ་དབང་བའི་ལྷ། །པ༵དྨ༵་ལས་འཁྲུངས་རིག་འཛིན་པདྨའི་ཞབས། །ཡན་ལག་མཆོག་གི་གདན་ལ་རྟག་ བཀོད་ནས། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །ཟག་མེད་ཞི༵་བ༵འི་ཡོན་ཏན་ཀུན་གྱི་གཞི། །བློ༵་གྲོ༵ས་མཆོག་ལྡན་རིག་འཛིན་བརྒྱུད་པའི་ཀླུང་། །གདུལ་བྱའི་རྒྱ༵་མཚོ༵་

གང་དུ་ཁྱབ་པའི་བར། །འདྲེན་མཛད་དཔལ་ལྡན་བླ་མའི་ཞབས་བརྟན་ཅིང་། །འགྲོ་བའི་བདེ་སྐྱིད་ཉིན་མོར་བྱེད་པའི་འོད། །རྨད་བྱུང་རྒྱལ་བའི་བསྟན་པ་རིན་པོ་ ཆེ། །སྤྱི་དང་ཁྱད་པར་སྔ་འགྱུར་སྙིང་པོའི་ཆོས། །ཛམ་གླིང་ཀུན་ཁྱབ་མི་ནུབ་གསལ་བར་ཤོག །ཅེས་པའང་དད་ལྡན་གྲྭ་དཀོན་མཆོག་ཚེ་རིང་ནས་ལྷ་རེག་རྟེན་གྱིས་སྤྲས་པ་དང་བཅས་བསྐུལ་བའི་ངོར་རྒྱུད་སྡེ་མཁའ་འགྲོ་རྒྱ་མཚོའི་ལོ་མགོའི་ཡར་ཚེས་བཅོ་ལྔའི་ཉིན་ཕྲིན་ལས་ནོར་བུས་སྙིང་ནས་སྨོན་འདུན་དུ་བྲིས་པ་དགེ། །། ༈ །ཨོཾ་སྭསྟི། རྣམ་མེད་ཆོས་སྐུའི་འོད་སྣང་མཐའ་ཡས་པ། །རྣམ་བཅས་མཚན་དཔེའི་རོལ་གར་ཐོད་ཕྲེང་རྩལ། །ཡེ་ཤེས་ ལུས་ཅན་མཁའ་འགྲོའི་ཚོགས་ཀྱི་རྗེ། །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབས། །ངག྾་གི་དབང྾་ཕྱུག་འཇམ྾་དཔལ྾་གཞོན་ནུའི་ཡུམ། །ཤེས་རབ་ལྷ་མོ་འཕགས་མ་དབྱངས་ཅན་མའི། ། བྱིན་རླབས་ལས་བྱུང་བློ྾་གྲོ༷ས་མཆོ༷ག་ལྡན༷་གྱིས། །བསྟན་པའི་གསལ་བྱེད་གང་ཁྱོད་ཞབས་བརྟན་གསོལ། །ཁྱད་པར་ཟག་མེད་ཡེ༷་ཤེ༷ས་ཆོས་ཀྱི་ཁམས། །འབྲས་བུ་ལམ་བྱེད་ཐེག་རྩེ་ཨ་ ཏིའི་དོན། །སྐལ་ལྡན་གདུལ་བྱའི་ཚོགས་ལ་སྟོན་མཛད་པ། །ཀུན་ཏུ་བཟ༷ང་པོ༷་དངོས་བྱོན་བདུད་འཇོམས་གླིང་། །ངེས་པ་དོན་གྱི་བསྟན་པའི་བདག་པོ་ཡིས། །བརྒྱུད་འཛིན་སྲས་སུ་མངོན་

པར་བྱིན་རླབས་པ། །ཡེ་ཤེས་བཟང་པོའི་སྐུ་ཚེ་ཡུན་བརྟན་ཅིང་། །འགྲོ་ཕན་ཕྲིན་ལས་དུས་ལས་མི་ཡོལ་ཤོག །ཅེས་མཁན་པོ་ཉིད་ཀྱི་ཞབས་དྲུང་དུ་འཁོད་པའི་རྒྱ་རིགས་ཆོས་བཙུན་དད་ལྡན་མ་ཡེ་ཤེས་སྒྲོན་མ་ནས་བསྐུལ་ངོར་ཆུ་མོ་བྱ་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་དུས་ཆེན་མཆོག་ཏུ་དགེ་བའི་ཉིན་སྨོན་འདུན་དུ་བགྱི་བ་པོ་ནི་ཕྲིན་ལས་ནོར་བུའོ།། །། ༈ །ཨོཾ་སྭསྟི། དཔག་མེད་བསོ༵ད་ན༵མས་ལས་གྲུབ་ཡེ་ཤེས་སྐུ། །འཆི་མེད་ཚེ༵་ལྷའི་ངོ་བོར་རྟག་བརྟན་ཅིང་། །རི༵ང་འཚོའི་དངོས་གྲུབ་སྟེར་བའི་དཔལ་མངའ་བ། །ལྷུན་གྲུབ་རིག་འཛིན་པདྨའི་བྱིན་རླབས་ཀྱིས། །འགྱུར༵་མེ༵ད་གཤིས་ཀྱི་གནས་ལུགས་ཡང་དག་དོན། །དྲི་མེད་བློ་གྲོས་རིགས་པས་སྟོན་མཛད་པ། །དྲིན་ཅན་བླ་མའི་སྐུ་ཁམས་ཡུན་བཟང་ནས། །འགྲོ་ཕན་ཕྲིན་ལས་ཕྱོགས་མཐར་རྒྱས་གྱུར་ཅིག། །། ༈ །ཨོཾ་སྭསྟི།ཆོས་ཚུལ་རྣམ་བཞིས་མངོན་པར་འཕགས་པའི་ཆོས། །གསང་སྔགས་བསྟན་པ་ཐོག་མར་དར་བའི་ཞིང་། །འོག་མིན་མཁའ་འགྲོའི་གླིང་གི་ཚོགས་ཀྱི་རྗེ། །རང་བྱུང་པདྨ་རྒྱལ་པོས་ཁྱོད་ལ་སྲུངས། །འཁོར་བའི་ཚ་གདུང་འཇིགས་པ་མེད་བྱེད་པ། །ཞི་བསིལ་དམ་པའི་ཆོས་ཀྱི་བདུད་རྩི་སྟེ། །དེ་ནི་དགེ་བའི་བཤེས་ལ་བརྟེན་དགོས་པས། །དེ་ཕྱིར་ཁྱོད་ལ་གུས་པས་གསོལ་བ་འདེབས། །རྣམ་དཀར་དགེ་བའི་ཆོ༵ས་ཀྱི་

མཛོ༷ད་ཁང་ནས། །འཁོར་འདས་དག་མཉམ་རྫོགས་པ་ཆེན་པོའི་ཆོས། །མ་བཅོས་ལྷུག་པར་སྟོན་པ་བླ་མའི་ཞབས། །ཡུན་ནས་ཡུན་གྱི་མཐར་ཡང་བརླིང་བ་ ནས། །རྒྱལ་ཀུན་སྤྱི་གཟུགས་ཨོ༷་རྒྱན༷་ཆེན་པོ་ལ། །རྣམ་གསུམ་དད་པས་བསྟེན་པའི་གདུལ་བྱ་རྣམས། །གང་འདུལ་ཕྲིན་ལས་དུས་ལས་མི་ཡོལ་བ། །ཡངས་པའི་ནོར་འཛིན་ཀུན་ལ་ཁྱབ་ གྱུར་ཅིག །ཅེས་པ་འདིའང་ཇེན་དང་ཅག་གིས་གཙོས་པའི་བླ་མ་ཨོ་རྒྱན་ཕྲིན་ལས་ཀུན་ཁྱབ་ཀྱི་སློབ་བུ་རྣམས་ནས་རྟེན་དང་བཅས་ཕུན་ཚོགས་རྒྱལ་མཚན་བརྒྱུད་བསྐུལ་མ་བྱུང་བ་བཞིན་ཕྲིན་ལས་ནོར་བུ་ནས་སྨོན་པའོ། །གོང་དུ་བཤད་པའི་ཆོས་ཚུལ་རྣམ་བཞི་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་བཞིན་ནོ། །རྣམ་གསུམ་དད་པ་ནི། དང་བའི་དད་པ། འདོད་པའི་དད་པ། ཡིད་ཁྱེད་ཤེས་ཀྱི་དད་པ་སྟེ་གསུམ་མོ།། །། ༈ །ཨོཾ་སྭསྟི། ཉི་མའི་འོད་ཟེར་པདྨ་རཱ་ག་ལ། །འཕྲོས་པའི་མདངས་ལྡན་ལྟ་ན་སྡུག་པའི་སྐུ། །ཕྱག་ན་ཚེ་ཡི་བུམ་པ་འཛིན་པའི་ལྷ། །ཚེ་དཔག་མེད་ཀྱིས་ཚེ་དབང་བྱིན་ཆེན་ཕོབས། ། མ་རིག་གཟུང་འཛིན་འཁྲུལ་པའི་བདུད་སྡེ་དཔུང་། །ཡེ་ཤེས་རྡོ་རྗེའི་མཚོན་ཆས་འཇོམས་མཛད་པ། །གཏེར་ཆེན་བདུད་འཇོམས་དཔའ་བོའི་ཐུགས་ཀྱི་སྲས། །རྟོགས་པའི་དབང་ཕྱུག་བདེ་

རྒྱལ་རིན་པོ་ཆེ། །གསང་ཆེན་བསྟན་པའི་རྒྱལ་མཚན་བསྒྲེང་བའི་སླད། །སླར་ཡང་སྲིད་པའི་ཟློས་གར་ཉེར་བཟུང་བ། །མཆོག་གི་སྤྲུལ་སྐུའི་ཞབས་པད་རྟག་བརྟན་ཅིང་། །རླབས་ཆེན་ བསྟན་འགྲོའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་ཞབས་བརྟན་སྨོན་ཚིག་འདི་ཉིད་མཁྱེན་བརྩེའི་དབང་ཕྱུག་ཞི་བ་སྤྲུལ་སྐུ་ནས་ལྷ་རེག་གི་རྟེན་བཅས་བསྐུལ་མ་གནང་ངོར་ཆོ་འཕྲུལ་དུས་ཆེན་ཚེས་བཅོ་ལྔའི་ཉིན་ཕྲིན་ལས་ནོར་བུས་མཆོད་སྡོང་ཆེན་མོ་བྱ་རུང་ཁ་ཤོར་མདུན་སྔ་དྲོའི་ཆར་དེ་འཕྲལ་ གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། རབ་འབྱམས་རྒྱལ་བ་ཀུན་གྱི་ཤེས་རབ་གཟུགས། །རྡོ་རྗེ་རྣོན་པོ་བློ་ལྡན་མཆོག་སྲེད་རྩལ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་གཙུག་གི་རྒྱན། ། ཡེ་ཤེས་རྡོ་རྗེས་ཡེ་ཤེས་བྱིན་ཆེན་ཕོབས། །གསང་སྔགས་བསྟན་པ་ཡོངས་རྫོགས་དར་བའི་ཞིང་། །ཨོ་རྒྱན་གཉིས་པ་བོད་ཡུལ་ཤར་ཕྱོགས་སུ། །སྔགས་འཆང་ཕུར་ཐོགས་སྟོང་གི་གྲལ་ དབུས་ན། །ཉམས་དང་རྟོགས་པའི་གྲགས་སྙན་ལྡིར་བ་དང་། །ཁྱད་པར་ཨོ་རྒྱན་དངོས་སྣང་བདུད་འཇོམས་རྗེའི། །བརྒྱུད་འཛིན་ཐུགས་ཀྱི་སྲས་སུ་བྱིན་རླབས་པ། །ཤེས་རབ་རྡོ་རྗེ་མཆོག་ གི་སྤྲུལ་པའི་སྐུའི། །སྐུ་ཚེ་ཡུན་བརྟན་ཕྲིན་ལས་མཐར་རྒྱས་ཤོག །ཅེས་སྤྱི་ལོ་ཆིག་སྟོང་དགུ་རྒྱ་དགུ་བཅུ་གོ་དྲུག་ཚེས་ཉེར་དྲུག་མེ་བྱི་ཟླ་ལྔ་པའི་ཚེས་བཅུ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་འཁྲུངས་དཀར་དུས་ཆེན་མཆོག་ཏུ་གྱུར་པའི་ཉིན་ཕྲིན་ལས་ནོར་བུ་

ནས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། བལྟ་བས་ཆོག་མི་ཤེས་པ་མཚན་དཔེའི་སྐུ། །པདྨ་རཱ་གའི་འོད་ཟེར་འབར་བ་ཅན། །འཕོ་བྲལ་ནམ་མཁའི་རང་བཞིན་ཚེ་ཡི་ལྷས། །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབས། །མཉམ་མེད་སྟོན་པ་ཐུབ་པའི་དབང་པོ་དང་། །ཡེ་ཤེས་ལུས་ཅན་པ༵དྨ༵་སམྦྷ་ཝའི། །མདོ་སྔགས་བསྟན་པ་འགལ་མེད་ཟུང་འཇུག་ཏུ། །རང་བྱུང་རི༵ག་པའི་རྩལ༵་གྱིས་འཛིན་བྱས་ཤིང་། །འབྲེལ་བཅས་འགྲོ་རྣམས་འཁོར་བའི་ཚ་གདུང་ལས། །སྐྱོབ་པའི་གྲིབ་བསིལ་རྣམ་མཁྱེན་ཞི༵་བ༵འི་ས། །གང་དུ་དཀྲི་བའི་བློ༵་གྲོ༵ས་མཚུངས་པ་མེད། །པདྨ་རིག་རྩལ་རྡོ་རྗེ་ཞབས་བརྟན་གསོལ། །ཕྱོགས་དུས་རྒྱལ་རྣམས་དགྱེ༵ས་པ༵་བསྐྱེད་པའི་ལས། །རྨད་བྱུང་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །རྒྱལ་བསྟན་སྤྱི་དང་རྡོ༵་རྗེ༵་ཐེག་པ་ཡི། །བསྟན་པའི་རྒྱལ་མཚན་བསྒྲེང་ཁྱོད་ཞབས་བརྟན་གསོལ། །དཔལ་ལྡན་བླ་མའི་སྐུ་ཚེ་ཡུན་དུ་བརྟན། །སློབ་བུའི་ཚོགས་རྣམས་ཐུགས་མཐུན་ཆོས་ཁྲིམས་གཙང་། །སྦྱིན་བདག་ཚོགས་རྣམས་ཚོགས་གཉིས་རབ་རྫོགས་ཏེ། །འགྲོ་ཀུན་གཏན་བདེའི་ས་ལ་ཕྱིན་གྱུར་ཅིག །ཅེས་དད་ལྡན་ཀརྨ་ཚེ་དབང་ནས་དར་བཅས་བསྐུལ་ངོར་མེ་ཡོས་ཟླ་བ་དྲུག་པའི་ཚེས་བཞི་རྒྱལ་བས་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚེས་ཤིན་ཏུ་དགེ་བའི་ཉིན་ཕྲིན་ལས་ནོར་བུས་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ །ཨོཾ་སྭསྟི། ཚེ་དབང་རིག་འཛིན་པདྨ་ཀཱ་ར་དང་། །ཚེ་བདག་མཁའ་འགྲོ་མཐིང་འོད་ འབར་མ་སོགས། །ཚེ་ཡི་དངོས་གྲུབ་སྟེར་བའི་ལྷ་ཚོགས་ཀྱིས། །ཚེ་མཆོག་འགྲུབ་པའི་དངོས་གྲུབ་བྱིན་ཆེན་ཕོབས། །རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་འཇ༵མ་དཔ༵ལ་དབྱངས། །གྲུབ༵་པ༵འི་ བློ༵་གྲོ༵ས་ཤེས་རབ་ཆེན་པོའི་མཐུས། །ཐུབ༵་པའི་དབང་པོའི་བསྟན༵་པ་འཛིན་པའི་དཔལ། །མཆོག་གི་སྤྲུལ་སྐུའི་ཞབས་པད་ཡུན་བརྟན་ཅིང་། །རྨད་བྱུང་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས། ། སྐལ་ལྡན་གདུལ་བྱས་གཙོས་པའི་འགྲོ་བའི་སེམས། །དམ་པའི་ཆོ༵ས་ཀྱི༵་སྣང༵་བ༵་དཀར་པོ་ཡིས། །སྣང་སྲིད་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་རྫོང་ནང་རིན་པོ་ཆེ་སྐུ་གོང་མ་ལ་སྲི་ཞུ་ཐང་ལྷོད་མེད་པར་ བསྒྲུབ་པ་པོ་བསམ་འགྲུབ་ནས་རྟེན་ལྷ་རེག་དང་བཅས་བསྐུལ་བའི་ངོར་ཕྲིན་ལས་ནོར་བུས་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་སྙིང་ནས་གསོལ་བ་བཏབ་པའོ།། །། ༈ །ཨོཾ་སྭསྟི། བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །སྙིགས་དུས་འགྲོ་ ལ་བརྩེ་བས་རྗེས་ཆགས་ཏེ། །པདྨའི་སྦུབས་ལས་རང་བྱུང་སྤྲུལ་པའི་སྐུ། །པདྨ་ཀ་རས་ཚེ་དབང་བྱིན་ཆེན་ཕོབས། །རྣམ་འདྲེན་བཞི་པ་ཐུབ༵་པའི་བསྟན༵་པ་ལ། །རྗེས་སུ་ཞུགས་ནས་ཆོས་

ལ་སྤྱོད་པའི་ཚེ། །འགལ་རྐྱེན་དྲག་པོས་ལུས་ཁམས་གདུངས་པ་ན། །མཐུན་རྐྱེན་གྲོགས་སུ་འབད་མེད་ལེགས་འཆར་ནས། །ཕུན༵་ཚོགས་ལྔ་ལྡན་རྫོགས་པ་ ཆེན་པོའི་ཆོས། །གང་དུ་དར་བའི་ས་དེར་བདེར་གཤེགས་ཏེ། །ཆོས་ཀྱི་དོན་ལ་རྣལ་མར་འབྱོར་བྱེད་པ། །ཐུབ་བསྟན་ཕུན་ཚོགས་གང་ལ་གསོལ་བ་འདེབས། །སྐྱེ་འགྲོ་སྤྱི་དང་ཁྱད་པར་ཡུ་ བུ་ཅག །གང་ལ་བརྩེ་ཞིང་གང་གི་རྗེས་འབྲང་རྣམས། །མངོན་མཐོ་ངེས་ལེགས་མཆོག་གི་གོ་འཕང་ལ། །འདྲེན་པའི་སླད་དུ་སྐུ་ཚེ་ཡུན་བརྟན་ཤོག །ཞེས་ཞབས་བརྟན་འབྲི་ཡུལ་དང་འབྲི་མཁན་གཉིས་ཀ་ལ་རྩེ་ མཐོན་པོའི་སྟེང་དུ་སླེབས་འདུག་ཀྱང་། ཨ་ལི་སེ་ཨོཾཿ གཙོས་བླ་མ་ཉིད་ཀྱི་བུ་སློབ་རྣམས་ནས་མཎྜལ་རྟེན་དོད་དང་བཅས་ནན་ཏན་ཆེན་པོས་བསྐུལ་ངོར་ཧོར་ཟླ་བཅུ་པའི་ཚེས་བཅུའི་ཉིན་བྲིས་པ་དགེ། །། ༈ །ཨོཾ་སྭསྟི། པདྨའི་རིགས་ཀྱི་ལྷ་ཚོགས་འབྱུང་ བའི་གནས། །བདེ་ལྡན་ཞིང་མགོན་སྣང་བ་མཐའ་ཡས་པའི། །གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །པདྨ་ལས་འཁྲུངས་མགོན་པོས་ཁྱོད་ལ་སྲུངས། །ཕྱི་ཚུལ་དམན་པའི་ས་ བཟུང་ཀུན་སྤྱོད་དུལ། །ནང་ལྟར་བྱང་སེམས་འབྱོངས་པས་སེམས་ཅན་ལ། །ཕན་པ་འབའ་ཞིག་བསྒྲུབ་ལ་ཉེར་བརྩོན་ཞིང་། །གསང་བ་ལྷ༵་དང་བླ་མའི་སྣང༵་བ་དང་། །མི་འབྲལ་བདེ་སྟོང་

རོལ་པའི་རྣལ་འབྱོར་པ། །གང་ཁྱོད་སྐུ་ཚེའི་འདུ་བྱེད་རྟག་བརླིང་ཞིང་། །འགྲོ་ལ་ཕན་པའི་ཆོས་ཀྱང་སྟོན་པ་ནས། །བདག་ཅག་བསམ་པའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་བླ་མ་ལྷར་ སྣང་གི་ཡོན་བདག་བུ་སློབ་དང་བཅས་པས་བླ་མ་ལྷར་སྣང་ལ་ཞབས་བརྟན་འབྲི་དགོས་ཞེས་རྟེན་ཨ་རིའི་ཤོག་དངུལ་དོང་རྩེ་ལྷ་རེག་གིས་བརྒྱན་ཏེ་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རྒྱུན་དུ་འདོན་སྟབས་བདེ་བའི་ཆེད་དུ་རྒྱས་སྤྲོས་སྐྱུང་སྟེ་ཚིག་རྐང་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ཡི་གྲངས་ལྡན་འབྲི་བ་པོ་ནི་ཕྲིན་ ལས་ནོར་བུའོ།། །། ༈ །ཨོཾ་སྭསྟི། རྒྱལ་ཀུན་སྤྱི་གཟུགས་ཡེ་ཤེས་རྡོ་རྗེའི་ཁམས། །རྟ་མཆོག་རོལ་པར་འབར་བའི་སྤྲིན་འཕྲོ་བ། །འཁོར་འདས་སྟོང་སྲོག་དག་མཉམ་དགོངས་པའི་ ཀློང་། །ཅིག་ཅར་བཟླུམས་མཛད་དཔལ་ལྡན་བླ་མར་འདུད། །སྟོང་ཆེན་ཀུན་ཏུ་བཟང་མོའི་དབྱིངས་ཀྱི་རྩལ། །པུཎྜ་རི་ཀའི་གཟུགས་སུ་འཆར་བ་ལས། །བདེ་གཤེགས་མར་མེ་མཛད་ཀྱི་ སྤྱན་སྔ་ན། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །གང་འདུལ་གདུལ་བྱ་འདུལ་བའི་ཕྲིན་ལས་གཟུགས། །མ་དག་སོ་སོའི་སྐྱེ་བོའི་སྐྱེ་བ་དང་། །གཞན་དོན་བསྒྲུབ་པའི་སྨོན་ལམ་ ལ་དབང་བའི། །དག་པའི་སྐྱེ་བའི་སྒྱུ་གར་ཅིར་ཡང་རྩེན། །དེ་ལས་ལྷ་མཆོག་པདྨ་གར་གྱི་དབང་། །ཨཱ་ཙར་ས་ལེའི་རྣམ་པར་རོལ་པའི་མཐར། །སྤྲུལ་པའི་གཏེར་ཆེན་དྲག་སྔགས་གླིང་པ་

ཞེས། །གནས་གཏེར་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར། །དེ་ཡི་ཡང་སྤྲུལ་པ༵དྨ༵་རི༵ག་པ་འཛི༵ན། །གང་དེ་ཚེ་ལྷའི་ངོ་བོར་འཚོ་གཞེས་ཤིང་། ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཀྱི་ཆོས། །རྫོགས་པ་ཆེན་པོའི་བསྟན་པ་རྒྱས་གྱུར་ཅིག །ཅེས་རྦ་ཁ་སྤྲུལ་སྐུ་རིན་པོ་ཆེ་པདྨ་བསྟན་འཛིན་གྱི་བཞེད་སྐོང་དུ་ཕྲིན་ལས་ནོར་བུ་ནས་ཆོ་འཕྲུལ་ཟླ་བའི་དུས་ཚེས་བཟང་པོར་བྲིས་ཏེ་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག། །། ༈ །བདེ་ལྡན་ཞིང་གི་མགོན་པོའི་ཐུགས་རྗེའི་འོད། །འགྲོ་བའི་ལེགས་བྱས་བསོད་ནམས་པདྨོའི་སྦུབས། །འཕྲོས་པའི་རང་བྱུང་པདྨ་འབྱུང་གནས་ཞེས། །སྲིད་ན་སྙན་པར་ གྲགས་པས་ཁྱོད་ལ་སྲུངས། །སྲིད་པའི་སྐྱོན་དང་ཞི་བའི་ཡོན་ཏན་གྱིས། །ནམ་ཡང་བསླད་པ་མེད་པའི་ཆོས་གང་ཞིག །བདེ་སྡུག་བཟང་ངན་རྡུལ་ཙམ་མ་གྲུབ་པ། །མཉམ་པ་ཉིད་ལ་ཀུན༵་ ཏུ་བཟ༵ང་པོར་གྲགས། །དེ་ཡི་རང་ཁམས་རྫས་སུ་མ་གྲུབ་པ། །གཞོམ་ཞིག་བྲལ་བ་ནམ་མཁའི་རང་བཞིན་ལ། །རྡོ༵་རྗེ༵་ཆོས་སྐུ་སྟོང་པ་ཉིད་གསུངས་ཏེ། །དེ་ཡི་རང་རྩལ་རྩ་བའི་བླ་མར་ འདུད། །བོད་ཀྱི་ཡུལ་དུ་དཔལ་གྱི་བསམ་ཡས་སུ། །བོད་ཀྱི་ལྷ་སྐལ་མཁན་སློབ་ཆོས་རྒྱལ་གསུམ། །དགྱེས་པའི་ཞལ་འཛོམ་མདོ་སྔགས་བསྟན་པའི་སྲོལ། །དར་ཞིང་རྒྱས་ཕྱིར་དགེ་

འདུན་སྡེ་གཉིས་ཀ་བཙུགས། །ཉེ་ལམ་རྡོ་རྗེ་ཐེག་པའི་བསྟན་པ་ལས། །ཐུན་མིན་ནང་རྒྱུད་ཡོ་ག་སྡེ་གསུམ་ལས། །ཉམས་ལེན་གཙོ་བོར་བཏོན་པའི་རྟགས་འཆང་བར། །གོས་དཀར་ལྕང་ ལོའི་སྡེ་ཞེས་སྙན་པར་གྲགས། །དེ་ཡི་རིང་ལུགས་ཚུལ་བཞིན་འཛིན་པ་ལ། །སྤོབས་པའི་སྣང་བ་ཀུན་ཏུ་དགེ་བ་ཅན། །ཀུན༵་བཟ༵ང་རྡོ༵་རྗེ༵་རྩ་བའི་བླ་མའི་ཞབས། །དུས་ཀྱི་མཐར་ཡང་མི་ གཡོ་བརླིང་བར་ཤོག །མཚན་བཅས་རྫོགས་རིམ་རྩ་རླུང་ཐིག་ལེ་ལ། །བརྟེན་པའི་སྐུ་གསུམ་ལམ་སྣང་མངོན་གྱུར་ཏེ། །མཚན་མེད་རྫོགས་རིམ་ཀ་དག་ལྷུན་གྲུབ་ལ། །མངའ་དབང་ འབྱོར་བའི་ཆོས་འཁོར་བསྐོར་དུ་གསོལ། །དེ་ལས་སྣང་བཞིའི་ཡོན་ཏན་མཐར་ཕྱིན་ཏེ། །འཁོར་འདས་དག་མཉམ་ཀུན་བཟང་བླ་མའི་ས། །ཚེ་ལུས་གཅིག་གིས་མངོན་པར་འཛིན་ཐུབ་པའི། ། རྫོགས་པ་ཆེན་པོའི་ཆོས་ལ་དབང་འབྱོར་ཤོག །སྟོང་ཆེན་དབྱིངས་ཀྱི་ཡུམ་ལྔའི་ཡོན་ཏན་རྩལ། །མཁའ་འགྲོ་སྡེ་ལྔའི་རྣམ་པར་ཤར་བ་ཡི། །ཚོགས་ཀྱི་རྗེ་མོ་གཟུངས་མ་ཀུན་གྱི་མཆོག ། ཇོ༵་མོ༵་ཡེ་ཤེས་མཚོ་རྒྱལ་ཞབས་ལ་འདུད། །གང་ལ་མི་ཕྱེད་དད་པས་གང་བསྒྲུབ་པ། །བསམ་འཕེལ་ནོར་བུ་ལྟ་བུའི་མཁའ་འགྲོ་མ། །གང་གི་སྐུ་ཚེའི་འདུ་བྱེད་ཡུན་བརླིང་ཞིང་། །བསྟན་

དང་འགྲོ་ལ་ཕན་པའི་ཐུགས་འདོད་གང་། །ཇི་ལྟར་ཡོད་པ་བཞིན་དུ་འགྲུབ་གྱུར་ནས། །འགྲོ་རྣམས་ཆོས་ཀྱི་སྣང་བས་འཚོ་བར་ཤོག །ཅེས་ཛམ་བུའི་སྒྲ་དབྱངས་ལྡིར་བའི་གླིང་ ཆེན་ལྔའི་ཡ་གྱལ་ནུབ་གླིང་ཡུ་རོབ་ཀྱི་ས་ཡི་ཐིག་ལེར་བསྟི་བ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དེ་འཛིན་དང་བཅས་པ་ལ་རྒྱུ་མཚན་ཤེས་པའི་དད་པ་འགྱུར་བ་མེད་པ། ནང་པ་སངས་རྒྱས་པའི་ཆོས་དང་གང་ཟག་གི་ཡོན་ཏན་མ་རྟོགས་པ་དང་། ལོག་པར་རྟོགས་པའི་ དམུ་རྒོད་མ་རུངས་པ་རྣམས་སྙིང་རྗེ་ཆེན་པོའི་སྒོ་ནས་ཚར་གཅོད་རྗེས་སུ་འཛིན་པའི་ཆེད་དུ་ལུང་དང་རིགས་པའི་སྒྱོགས་རྡོ་འཕེན་པ་ལ་འཇིགས་པ་མེད་པ་སྔགས་འཆང་གི་དཔའ་བོ་ཆོས་ཀྱི་རྒྱ་མཚོ་དང་། དཔའ་མོ་བདེ་ཆེན་ཟུང་ནས་ཡི་གེའི་ལམ་ལས་ནན་ཏན་ཆེན་པོས་བསྐུལ་བ་ལྟར་དོན་ཡོད་པར་བྱ་ཕྱིར་ཕྲིན་ལས་ནོར་ བུ་ནས་དེ་འཕྲལ་བྲིས་ཏེ་ཕུལ་བ་དགེ། ཀ྄་རབ་བྱུང་བཙུན་པའི་སྡེ་དང་གོས་དཀར་ལྕང་ལོའི་སྡེ། འོན་ཀྱང་རབ་བྱུང་གི་རྟགས་འཛིན་པ་རྣམས་ནས་རྣམ་པ་ཀུན་ཏུ་སྔགས་ཉམས་སུ་མི་ལེན་པས་སྔགས་ཆས་མི་གྱོན་པ་ཡིན་ནོ་སྙམ་དུ་མཐའ་གཅིག་ཏུ་ཁ་མཚོན་གཅོད་དུ་མི་རུང་སྟེ། དགེ་སློང་ནམ་མཁའི་སྙིང་པོ་ལྟ་བུ་ ནང་རིམ་གཉིས་ཟབ་མོའི་རྣལ་འབྱོར་དུ་བྱེད་ནས་གྲུབ་པ་ཐོབ་པའི་དགེ་སློང་ཡང་བསམ་གྱིས་མི་ཁྱབ་པ་ཡོད་པས་སོ།། །། ༈ ཨོཾ་སྭསྟི། རིན་ཆེན་པདྨ་རཱ་གའི་ལྷུན་པོ་ལ། །ཉི་གཞོན་འོད་ཀྱིས་འཁྱུད་པའི་གཟི་བྱིན་ཅན། ། སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ་པའི་སྐུ། །མཚོ་སྐྱེས་རྡོ་རྗེས་ཚེ་དབང་བྱིན་ཆེན་ཕོབས། །མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་ལ། །སྙིང་ནས་རི་མོར་བྱེད་པའི་ཕྲིན་ལས་ནི། །

ནོར་བུ་བསམ་འཕེལ་དབང་པོའི་རྗེས་འགྲོ་བ། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡིད་ཅན་ཡོངས་ལ་ཕན་བདེ་བསྒྲུབ་པའི་སླད། །གང་གི་སྐུ་ཚེ་ཡུན་དུ་བརླིང་བ་ཡི། །ལྷག་པའི་བསམ་པའི་གོ་ཆ་རབ་བགོས་ཤིང་། །གང་འདུལ་མཛད་བཟང་དུས་ལས་མི་ཡོལ་ཤོག །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་། །བདག་ཅག་མོས་དགེའི་རྟེན་འབྲེལ་དག་པའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་ཡེ་ཤེས་དང་པདྨ་མཁའ་འགྲོ། ཝང་ལིང་མེས་སོགས་བླ་མ་ནོར་བུ་ཉིད་ལ་མཆོག་ཏུ་གུས་པའི་སློབ་མ་རྣམས་ནས་རིན་ཆེན་དང་པོའི་རྒྱུ་ལས་བསྐྲུན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྣང་བརྙན་ལྷ་རེག་སྲིད་དུ་རིང་བས་ལྕིབས་ཏེ་བསྐུལ་བའི་ངོར་ཕྲིན་ལས་ནོར་བུས་སྙིང་ནས་སྨོན་འདུན་དུ་བྲིས་པའོ།། །། ༈ གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་ལ་ཞུགས། །ཐོས་དང་བསམ་བྱུང་བསྒོམ་པའི་ཤེས་རབ་ཀྱིས། །གཞན་ཕན་འབའ་ཞིག་བསྒྲུབ་ལ་ཉེར་བརྩོན་པ། །དྲིན་ཆེན་བླ་མའི་སྐུ་ཁམས་བཟང་བ་དང་། །ཟླ༵་བ༵་རྒྱུ་སྐར་དབུས་ན་རབ་གསལ་བས། །མུན་པའི་སྨག་རུམ་ཡོངས་སུ་སེལ་བ་ལྟར། །ཐེག་མཆོག་ཆོ༵ས་ཀྱི་སྣང་བའི་གྲ༵གས་སྙན་ལ། །རང་དབང་ཉིད་དུ་སྤྱོད་པའི་མཐུ་ཐོབ་ཤོག །ཅེས་དད་ལྡན་ཀུན་བཟང་བདེ་ཆེན་ཆོས་སྒྲོན་གྱིས་གཙོས་པའི་བླ་མ་ཟླ་བ་ཆོས་གྲགས་ཀྱི་རྗེས་འཇུག་བུ་སློབ་རྣམས་ནས་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་པའི་རྟེན་ལྷ་རེག་གིས་བཏེགས་པ་དང་བཅས་ནན་ཏན་ཆེན་པོས་བསྐུལ་ངོར་ཕྲིན་ལས་ནོར་བུ་ནས་སོ།། །། ༈ །ཨོཾ་སྭསྟི། བླ༵་མ༵འི་བླ་མ་མགོ༵ན་པོ༵་ཀུན་ཏུ་བཟང་། །ཚེ༵་འོད་དཔག་མེད་རྟག་བརྟན༵་ཡེ་ཤེས་ཁམས། །འཕོ་བྲལ་བདེ་ཆེན་རྡོ་རྗེའི་སྐུར་བཞེངས་པ། །ལྷུན་གྲུབ་རིག་འཛིན་པདྨའི་བྱིན་བརླབས་ཀྱིས། །དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀྱི་ཏི་ལ་ཀ །འོད་གསལ་སྙིང་པོའི་བསྟན་པ་རིན་པོ་ཆེ། །འབྲེལ་བ་སུམ་ལྡན་སྒོ་ནས་རྒྱས་མཛད་པ། །མཚུངས་མེད་བླ་མའི་ཞབས་པད་བརྟན་གྱུར་ཅིག །ཅེས་ཨ་ནེ་བློ་གྲོས་ཐོན་ཁར་རྟེན་འབྱུང་སྨོན་ཚིག་ཏུ་མྱུར་སྟབས་སུ་ཕྲིན་ལས་ནོར་བུ་ནས་ཕུལ། འདིའི་སྐབས་ཀྱི་འབྲེལ་བ་སུམ་ལྡན་ནི། ལྟ་བ་ལུང་རིགས་དང་འབྲེལ་བ། བསྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ་གསུམ་ལ་གོ་དགོས།། །། ༈ །ཨོཾ་སྭ་སྟི། བདེ་ལྡན་ཞིང་གི་མགོན་པོའི་ཐུགས་རྗེའི་འོད། །སིནྡྷུའི་མཚོ་དབུས་པད་སྡོང་ལ་འཕྲོས་པས། །ཕྲིན་ལས་ཟིལ་མངར་འབུམ་ཕྲག་གྲོལ་བའི་སྐུར། །སྨིན་པ་གང་དེས་ཚེ་ཡི་དངོས་གྲུབ་སྩོལ། །རྒྱལ་ཀུན་ཞལ་སྐྱིན་འགྲོ་འདུལ་གླིང་པ་ལ། །དད་གསུམ་སྣང་བ་པ༵དྨ༵་དཀར་པོ་ལྟར། །འཛུམ་པའི་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཅིང་། །འགྲོ་བའི་དོན་ལ་དབ༵ང་ཆེ༵ན་ཐོབ་པར་ཤོག །བདག་ཀྱང་དེང་བཟུང་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མའི་ཞབས་དང་མི་འབྲལ་ཞིང་། །མཉེས་པ་གསུམ་གྱི་སྲི་ཞུར་རྟག་བརྩོན་ཏེ། །མཁའ་མཉམ་འགྲོ་ལ་སྨན་པ་བྱེད་གྱུར་ཅིག །ཅེས་པ་འདི་ནི་ནོར་སྒང་སློབ་དཔོན་བསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་བའི་ངོར་ཁྱིམ་པ་ཕྲིན་ལས་ནོར་བུས་དེ་འཕྲལ་བྲིས་པ་དགེ། །།