TTDL-ZABTER-10-THA-006

From Dudjom Wiki
Revision as of 06:49, 30 July 2024 by Mort (talk | contribs)

TTDL-ZABTER-10-THA-006
Wylie title TTDL-ZABTER-10-THA-006.pdf
Location bdud 'joms gling pa zab gter
Volume 10, Text 6, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
[edit]
དབུ་ཁྲིད་༠༠༠༠༠༠༠༠༠༠བརྡ་ཡིག ༨༩ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་རྒོད་སྲོག་གི་སྤུ་གྲྀའི་སྲོག་དབང་བཞུགས་སོ༔ ༠༠༠༠༠༠༠༠བརྡ་ཡིག ༩༠ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཟའ་རྒོད་སྲོག་གི་སྤུ་གྲི་ཡི༔ སྲོག་དབང་ཟབ་མོ་བསྐུར་བ་ནི༔ སྙིང་འདྲ་དམ་ལྡན་སློབ་བུའི་སྐལ༔ དད་ལྡན་སྙིང་རྗེ་གཏོང་ཕོད་ཅན༔ དེ་དག་རྣམས་ལ་བགོ་སྐལ་བསྔགས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་ཡི་སྲུང་མས་གཉེར་མཛོད་ཅིག༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ དེ་ནས་ལག་ལེན་རིམ་པ་ནི༔ ཁྲུས་བུམ་དར་དཔྱང་རལ་གྲི་དང་༔ མདའ་གཞུ་རྒྱལ་མཚན་ཞགས་པ་དང་༔ འབྱུང་སྙིང་ར་ཡིག་ཧཱུྃ་ནག་པོ༔ དམ་ཚིག་བདུན་རྩི་རི་རབ་དང་༔ སྡེ་བརྒྱད་སྲོག་ཡིག་བྲུབ་ཁུང་དང་༔ བླ་རྡོ་སྒྲུབ་པའི་གཏོར་མ་རྣམས༔ བསྒྲུབ་སྟེ་འཁོར་འདས་སྲོག་བཅུད་དྲིལ༔ གཏད་པས་མཐུ་ཡི་དངོས་གྲུབ་ཐོབ༔ ས་མ་ཡ༔ དེ་ནས་དབང་གི་བྱ་བ་ལ༔ དང་པོ་ཁྲུས་བྱས་བགེགས་ཀྱང་བསྐྲད༔ རྡོ་རྗེའི་སྲུང་མཚམས་ཆེན་པོའི་མཐར༔ སློབ་མས་གསོལ་བ་གདབ་པ་ནི༔ ཀྱཻ༔ བླ་མ་རིགས་འདུས་ཆེ་བའི་མཆོག༔ བདག་ནི་གུས་པས་གསོལ་བ་འདེབས༔ བསྟན་དང་འགྲོ་ལ་ཕན་པའི་ཕྱིར༔ བཀའ་སྲུང་དྲང་སྲོང་ཆེན་པོ་ཡི༔ སྲོག་དབང་ཟབ་མོའི་རྗེས་གནང་སྩོལ༔ ཅེས་ལན་གསུམ་གྱི་མཐར༔ བླ་མས་འདི་ལྟར་བསྒོ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དབང་བསྐུར་ཟབ་མོ་ཐོབ་ནས་སླར༔ འགྲོ་བའི་དོན་དུ་བརྩོན་པ་དང་༔ ཞིང་བཅུ་སྒྲོལ་བའི་མཐུ་རྩལ་ལས༔ ཐོགས་མེད་བསྒྲུབ་ན་སྩོལ་བར་བྱ༔ སློབ་མས་ཀྱང་༔ ཧོཿ དཀྱིལ་འཁོར་གཙོ་མཆོག་རིན་ཆེན་དགོངས༔ ངས་ནི་དབང་མཆོག་ཟབ་མོ་ཐོབ༔ དེང་བཟུང་སྲུང་མ་འདི་བསྒྲུབ་ནས༔ བསྟན་དགྲ་འདུལ་བའི་ལས་བརྩོན་བྱ༔ དེ་ནས་བླ་མས༔ ཀྱཻ་ཧོཿ ལས་དང་སྐལ་ལྡན་སློབ་བུ་ལ༔ བསྟན་དགྲ་སྒྲོལ་ཕྱིར་གཟའ་མཆོག་གི༔ སྲོག་དབང་ཡོངས་རྫོགས་བསྐུར་བགྱིའོ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ཁྲོས་མ་ནག་མོ་གཡས་སུ་ཕྱག་ན་རྡོ་རྗེ་སྤྱི་བོར་པདྨ་ཐོད་ཕྲེང་རྩལ་གཞན་ཡང་གྲུབ་ཐོབ་རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་ནས་དགོངས་སྤྱོད་དབྱེར་མེད་པའི་ངང་ནས་དབང་གི་བྱ་བ་ལ་བརྩོན་པར་གྱུར༔ ཌཱ་དྲིལ་འུར་ཆེམ་སུམ་སྤྲུགས་བྱས་ཏེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བཟང་ངན་རེ་དོགས་དགག་སྒྲུབ་ལས་འདས་པ་ཀློང་ཆེན་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ་འབྱམས་ཀླས་པར་གྱུར༔ ཕཊ་ཕཊ་ཕཊ༔ དྲག་ལ་བཅད་ཐོན་པ་གསུམ་གྱིས་བཤིག༔ སྐད་ཅིག་གིས་དུར་ཁྲོད་ཁྲག་མཚོ་འཁྱིལ་བའི་ཀློང་དུ་རཿ ལས་དྲང་སྲོང་གཟའ་བདུད་རྒྱལ་པོ་སྐུ་མདོག་དུད་ཁ་མགོ་དགུ་ཁྲོ་ཞིང་རྔམ་པའི་སྟེང་བྱ་རོག་གི་གདོང་ནག་པོས་ངར་སྐད་ལྷང་ལྷང་འདོན་པ༔ ཕྱག་བཞི་གཡས་ཀྱི་དང་པོ་ན་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་འོག་མས་རཱའི་མདའ་གཞུ་འགེང་ཞིང་གཡོན་གྱི་དང་པོས་ཆུ་སྲིན་གྱི་རྒྱལ་མཚན་དང་འོག་མས་སྦྲུལ་ཞགས་བསྣམས་པ༔ ལྟོ་བ་ན་ཁམས་གསུམ་རོལ་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ རོ་སྨད་སྦྲུལ་དུ་འཁྱིལ་བ་མགོ་ལུས་མེད་པ་མིག་གིས་གང་ཞིང་མེ་རླུང་དུད་སྤྲིན་འཁྲིགས་པའི་ཀློང་དུ་གཟའ་བརྒྱད་གདོང་བཞི་རྒྱུ་སྐར་ཉེར་བརྒྱད་ཀྱིས་བསྐོར་བའི་སྙིང་གར་ཡི་གེ་རཿ ནག་པོ་འོད་འབར་བ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ར་རྣམས་ལས་འོད་འཕྲོས་དྲང་སྲོང་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཞེས་སྤྱན་འདྲེན་མཐར༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ སྟྭཾ༔ གཉིས་སུ་མེད་པར་གྱུར༔ ཛཿ ཧཱུྃ་བཾ་ཧོཿ ཏིཥྛ་བཛྲ༔ ལན་གསུམ༔ དེ་ནས་དམ་ཆུ་བླུད་པ་ནི༔ རྡོ་རྗེའི་རྭ་རྩེས་མནའ་ཆུ་ལྕེ་ལ་བཞག༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ང་ནི་གསང་བདག་རྡོ་རྗེ་གཏུམ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ ཆུ་འདི་རྒྱལ་ཀུན་གསང་གསུམ་ཆུ༔ ཕྱག་ན་རྡོ་རྗེའི་དམ་ཚིག་དངོས༔ བསྒྲུབས་པའི་དམ་ཚིག་བདུད་རྩི་འདི༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ མི་འདའ་རྡོ་རྗེའི་དམ་ཚིག་ཟུངས༔ བསྒོ་བའི་བཀའ་འདི་ལེགས་པར་སྒྲུབས༔ སངས་རྒྱས་བསྟན་སྲུང་དམ་ཆོས་སྐྱོངས༔ དད་དམ་ལྡན་པའི་བུ་སློབ་སྐྱོངས༔ འདི་ལ་དབྱེར་མེད་གྲོགས་མཛོད་ལ༔ བརྣག་པའི་དགྲ་བགེགས་སྐད་ཅིག་སྒྲོལ༔ ང་ཡི་བྲན་དུ་ཁྱོད་བསྟེན་ན༔ དམ་ཚིག་གཉན་པོའི་མནའ་ཆུ་འཐུངས༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་བཅུག་གོ༔ དྲང་སྲོང་གཟའ་བདུད་རྒྱལ་པོ་འཁོར་དང་བཅས་པས་མནའ་བོར་བར་བསམ་མོ༔ དེ་ནས་དར་དཔྱང་བསྐོན་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རེག་འཇམ་དར་དཔྱང་འདི་བསྐོན་པས༔ ནང་དུ་འཇམ་ཞིང་འཕྲག་ཡངས་ཏེ༔ ཕ་རོལ་དགྲ་དཔུང་བརླག་གྱུར་ཅིག༔ མཐུ་རྩལ་ནུས་པའི་སྟོབས་བསྐྱེད་ཅིང་༔ ཁམས་གསུམ་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཟའ་སྐུ་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ གཟའ་མཆོག་རྒྱལ་པོ་གཏད་པ་ཡིས༔ བསམ་པ་ཙམ་གྱིས་སྤྲུལ་བསྒྱུར་ནས༔ དམིགས་པ་ཙམ་གྱིས་དགྲ་སྒྲོལ་བའི༔ གཟའ་མཆོག་ལས་ལ་ཁོལ་བ་ཡི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རལ་གྲི་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ གནམ་ལྕགས་རལ་གྲི་འདི་གཏད་པས༔ གཟའ་རྒྱལ་སྲོག་ལ་དབང་ཐོབ་ནས༔ བསྟན་དགྲའི་མགོ་ལུས་ཚལ་པར་གཏུབ༔ ཡོངས་སྒྲོལ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འབྱུང་ལྔའི་སྙིང་པོ་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འབྱུང་ལྔའི་སྙིང་པོ་འདི་གཏད་པས༔ འབྱུང་བ་ལྔ་ལ་དབང་ཐོབ་ནས༔ གཟའ་བརྒྱད་གདོང་བཞི་རྒྱུ་སྐར་དང་༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་སྟེ༔ ལས་རྣམས་ཐོགས་མེད་མཐུ་ལྡན་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཨ་ཨཱཿ དེ་ནས་མདའ་གཞུ་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཕ་ལམ་མདའ་གཞུ་འདི་གཏད་པས༔ གཟའ་རྒྱལ་སྲོག་ལ་དབང་ཐོབ་ནས༔ དགྲ་སྲོག་གཅོད་པའི་ལས་ཀུན་འགྲུབ༔ མཐུ་རྩལ་མྱུར་མགྱོགས་ལས་འགྲུབ་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེ་ནས་ཆུ་སྲིན་རྒྱལ་མཚན་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཆུ་སྲིན་རྒྱལ་མཚན་འདི་གཏད་པས༔ གཟའ་བརྒྱད་སྲོག་ལ་དབང་ཐོབ་ཅིང་༔ དགྲ་བགེགས་ཀུན་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེ་ནས་སྦྲུལ་ཞགས་ཐོགས་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྦྲུལ་གྱི་ཞགས་པ་འདི་གཏད་པས༔ ཀླུ་སྲིན་གཟའ་གདོང་རྒྱུ་སྐར་དང་༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ དགྲ་དཔུང་མ་ལུས་བརླག་བྱེད་ཅིང་༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ དེ་ནས་ར་ཡིག་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ར་ཡིག་གཟའ་བདུད་སྲོག་གཏད་པས༔ དྲང་སྲོང་གཟའ་བདུད་འཁོར་བཅས་ཀྱི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ནས༔ ཞིང་བཅུའི་དགྲ་སྡེ་མ་ལུས་པ༔ བསམ་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེ་ནས་ཧཱུྃ་ཡིག་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཧཱུྃ་ཡིག་མཐིང་ནག་འདི་གཏད་པས༔ དྲང་སྲོང་ཆེན་པོ་ལ་སོགས་པའི༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ཡི༔ སྲོག་དབང་ཡོངས་སུ་རྫོགས་ཐོབ་ནས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ བརྣག་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྡེ་བརྒྱད་སྲོག་ཡིག་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྡེ་བརྒྱད་སྲོག་ཡིག་འདི་གཏད་པས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ དེ་ནས་བྲུབ་ཁུང་ཐོགས་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ བྲུབ་ཁུང་དམར་ནག་འདི་གཏད་པས༔ དགྲ་བགེགས་གནོད་བྱེད་ལོག་འདྲེན་རྣམས༔ མ་ལུས་འགུགས་འཆིང་བསྟིམ་བསྒྲལ་གྱི༔ དབང་རྣམས་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རི་རབ་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རི་རབ་འབར་བ་འདི་གཏད་པས༔ དམ་ཉམས་དགྲ་བགེགས་མ་ལུས་པ༔ བསྒྲལ་མནན་ལས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བླ་རྡོ་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྲོག་གི་འཁོར་ལོ་འདི་གཏད་པས༔ གཟའ་བདུད་དུག་གི་སྤུ་གྲི་དང་༔ གདོང་མོ་མཆེད་དང་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་སྡེ་བརྒྱད་ཚོགས༔ མ་ལུས་ལུས་པ་མེད་པ་ཡི༔ སྲོག་ལ་དབང་མཆོག་ཐོབ་པར་ཤོག༔ ལས་དང་བྲན་དུ་ཁོལ་བ་དང་༔ དབྱེར་མེད་འགྲོགས་ཤིང་བྱམས་བརྩེ་ཡིས༔ ཕ་མ་བུ་ཚ་བཞིན་སྐྱོང་ཤོག༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ ཕྱག་ན་རྡོ་རྗེའི་བདེན་སྟོབས་ཀྱིས༔ འདི་ལ་འགོ་ཞིང་འཁོར་བར་ཤོག༔ དབྱེར་མེད་བྱམས་བརྩེས་རྟག་སྐྱོང་ནས༔ དགྲ་བགེགས་མ་ལུས་སྒྲོལ་བར་ཤོག༔ ལན་གསུམ་མཐར༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྒྲུབ་རྫས་གཏོར་མ་འདི་གཏད་པས༔ གཟའ་མཆོག་བསྒྲུབ་ལ་དབང་ཐོབ་ནས༔ མངོན་སུམ་བྲན་དུ་ཁོལ་བར་ཤོག༔ རྩ་སྔགས་མཐར༔ བ་ལིང་ཏ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ས་མ་ཡ༔ འདི་ཐོབ་ཉམས་སུ་ལེན་པའི་མི༔ དགྲ་ལས་རྣམ་རྒྱལ་མཐུ་དཔལ་ཆེ༔ གཟའ་བདུད་འཁོར་བཅས་བྲན་དུ་འཁོལ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ མངོན་སྤྱོད་དམོད་པའི་ལས་ལ་དབང་༔ བསམ་པ་ཙམ་གྱིས་ལས་འགྲུབ་འགྱུར༔ བཀའ་འདི་གཟའ་ཀླུ་མ་གཤིན་བཙན༔ སྲོག་བདག་འཁོར་དང་བཅས་ལ་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་པ་འདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།