TTDL-ZABTER-01-KA-040

From Dudjom Wiki
Revision as of 10:41, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-040
Wylie title TTDL-ZABTER-01-KA-040.pdf
Location bdud 'joms gling pa zab gter
Volume 1, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི༔ སྔོན་འགྲོ་གེགས་སེལ་རིམ་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༦༤༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བྱང་ཆུབ་བསྒྲུབ་པའི་གེགས་སེལ་ཕྱིར༔ དང་པོ་སྔོན་འགྲོ་འདིར་བརྩོན་བྱ༔ རིན་ཆེན་སྣོད་དུ་དཀར་དམར་གྱི༔ གཏོར་མ་དངོས་འབྱོར་ཡིད་ཀྱིས་སྤྲུལ༔ བགེགས་ལ་འབྲས་ཆན་ཆངས་གླུད་བཤམས༔ སྦྱང་སྔགས་ཀྱིས་སྦྱངས་དྲི་མ་བསལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དང་པོ་དཀར་གཏོར་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་པར་དཀར་གསུམ་མངར་གསུམ་བདུད་རྩིའི་ཚོགས་ཀྱིས་གང་བ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་བརྗོད༔ ཛ་ཧཱུྃ༔ དཀར་ཕྱོགས་སྐྱོང་བའི་ལྷ་མགོན་གཞི་བདག་ཐམས་ཅད་སྤྱན་དྲངས༔ ས་མ་ཡ་ཛ་ཛཿཛཿལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་དགུ༔ རྒྱལ་ཆེན་བཞི་དང་རྒྱུ་སྐར་ཚོགས༔ དྲེགས་དཔོན་མགུར་ལྷ་དགེ་བསྙེན་དང་༔ བརྟན་མ་ཟོ་དོར་གཙང་མ་རིས༔ མ་ལུས་འཁོར་དང་བཅས་པ་ལ༔ དཀར་གསུམ་མངར་གསུམ་བདུད་རྩིའི་སྐྱེམས༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ ཕྱག་རྡོར་པད་འབྱུང་ལ་སོགས་པའི༔ རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་༔ སྦྱིན་པའི་བདག་པོའི་འདོད་དོན་སྒྲུབས༔ རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ བསམ་དོན་ཡིད་བཞིན་འགྲུབ་པ་དང་༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ དངོས་གྲུབ་སྒྲུབ་པའི་སྲུང་མ་མཛོད༔ བཅོལ་བའི་ལས་མཛོད་ས་མ་ཡ༔ དེ་ནས་ཤ་ཁྲག་དམར་གཏོར་ལ༔ འདོད་ཡོན་ལོངས་སྤྱོད་མི་ཟད་སྤེལ༔ ཨོཾ་ཨཱཿཧཱུྃ༔ ཨཱཿལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་ཤ་ཁྲག་དམར་གྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ༴སོགས་ནམ་མཁའ་མཛོད་ཀྱིས་སྤེལ༔ ཛཿསྣང་སྲིད་སྡེ་བརྒྱད་ལྷ་འདྲེ་ཡུལ་ལྷ་ཟོ་དོར་དམར་ལ་དགྱེས་པ་ཐམས་ཅད་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ་ཛཿལྷ་དང་གཤིན་རྗེ་མ་མོ་དང་༔ བདུད་དང་སྲིན་པོ་བཙན་དང་ཀླུ༔ གནོད་སྦྱིན་རྒྱལ་པོ་གཟའ་མགར་བ༔ ཡུལ་ལྷ་ཟོ་དོར་འབྱུང་བའི་ལྷ༔ སྟོབས་ལྡན་ཡུལ་གཞི་སྐྱོང་བ་ཡི༔ ཤ་ཁྲག་དམར་ལ་དགའ་བའི་རིགས༔ མ་ལུས་འཁོར་དང་བཅས་པ་ལ༔ ཤ་ཁྲག་འདོད་ཡོན་ཚོགས་ཀྱིས་མཆོད༔ རང་རང་དགྱེས་པའི་མཐུན་རྫས་ལོངས༔ རིག་འཛིན་བརྒྱུད་པའི་བཀའ་དམ་བཞིན༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ གནོད་བྱེད་དགྲ་བགེགས་ཚར་གཅོད་ལ༔ དངོས་གྲུབ་སྒྲུབ་པའི་སྲུང་མ་མཛོད༔ ས་འདི་བདག་ལ་སྩོལ་བ་དང་༔ གང་བསམ་འདོད་དོན་ཕྲིན་ལས་སྒྲུབས༔ བརྒྱུད་གསུམ་བླ་མའི་ཐ་ཚིག་བཞིན༔ བཅོལ་བའི་ལས་མཛོད་ས་མ་ཡ༔ དེ་ནས་རིན་ཆེན་སྣོད་ཡངས་པར༔ ཆངས་གླུད་འབྲས་ཆན་ཤ་ཁྲག་བཤམས༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས༔ ལན་ཆགས་བགེགས་ལ་སྦྱིན་གཏོང་ལ༔ ཨོཾ་ཨཱཿཧཱུྃ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོས་ནམ་མཁའི་མཐའ་ཀླས་པར་གྱུར༔ མཚན་བཞིའི་སྔགས་བཅས་ལན་གསུམ་མཐར༔ ཨོཾ་ཧྲཱིཿཔདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ན་མོ་དཀོན་མཆོག་རྩ་གསུམ་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་གདོན་བགེགས་འབྱུང་པོ་ལན་ཆགས་གནོད་སྦྱིན་ལས་དང་རྐྱེན་ལས་བྱུང་བ་ཐམས་ཅད་སྦྱིན་ཡུལ་མགྲོན་དུ་སྐད་ཅིག་ཉིད་ལ་ཁུག་ཅིག༔ སརྦ་བིགྷྣཱན་ཨ་ཀརྵྱ་ཡ་ཛཿལན་གསུམ་མཐར༔ ཧཱུྃ༔ ཕོ་གདོན་རྒྱལ་པོ་ལ་སོགས་པའི༔ ཞེ་སྡང་ལས་བྱུང་བགེགས་དང་གདོན༔ མོ་གདོན་འདྲེ་མོ་ལ་སོགས་པའི༔ འདོད་ཆགས་ལས་གྱུར་ལྷ་འདྲེ་གདོན༔ ཀླུ་གདོན་ས་བདག་ལ་སོགས་པའི༔ གཏི་མུག་ལས་བྱུང་གནོད་བྱེད་གདོན༔ བི་ན་ཡ་ག་ལ་སོགས་པའི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ གཉུག་གནས་གློ་བུར་ལྷགས་པ་ཡི༔ ལན་ཆགས་གདོན་བགེགས་འབྱུང་པོ་ལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ གོས་རྒྱན་གནས་ཡུལ་གྲོགས་སྐྱབས་དང་༔ གཟུགས་འགྲོས་དཀོར་ནོར་ཕུན་ཚོགས་གཏེར༔ འདོད་ཡོན་རྒྱན་གྱི་འཁོར་ལོའི་ཚོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ ཕམ་རྒྱལ་འཐབ་རྩོད་མེད་པ་རུ༔ ལོངས་སྤྱོད་མི་ཟད་དཔལ་ཐོབ་ཤོག༔ གནོད་དང་གདུག་སེམས་དང་བྲལ་ནས༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ དང་པོ་སྤྱི་དཔལ་ཆེན་པོའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་རིག་འཛིན་བརྒྱུད་པའི་ཚིག༔ ཇི་བཞིན་བསྒོ་བས་བཀའ་འདི་བསྒོ༔ གནས་འདིར་དམ་སྲི་བདུད་བགེགས་དང་༔ བར་དུ་གཅོད་པའི་གནོད་བྱེད་ཀུན༔ བསྡུས་ཟུངས་དེད་ཅིང་མ་ལུས་པར༔ རྒྱ་མཚོ་ཆེན་པོའི་ཕ་མཐར་སོང་༔ སླར་ཡང་ལྡོག་པར་མ་བྱེད་ཅིག༔ སརྦ་བིགྷྣཱན་གརྫ་ཕཊ༔ དེ་ནས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ གེགས་སེལ་རིམ་པ་འདིར་བརྩོན་པས༔ བར་ཆད་ཀུན་ལས་ངེས་གྲོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲང་སྲོང་གཟའ་མཆོག་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་པ་རྡོ་རྗེ་ཁྲོ་ལོད་ཀྱིས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།