TTDL-ZABTER-03-GA-037

From Dudjom Wiki
Revision as of 08:47, 7 August 2024 by Mort (talk | contribs)

TTDL-ZABTER-03-GA-037
Wylie title TTDL-ZABTER-03-GA-037.pdf
Location bdud 'joms gling pa zab gter
Volume 3, Text 37, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bla ma rdor sems
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་ (dpal rdo rje sems dpa'i sgrub skor)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje sems dpa'
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་ཚེ་འདས་གནས་འདྲེན་ཐུགས་རྗེའི་འོད་ཟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༥༨པདྨ་ང་ཡི་བརྒྱུད་འཛིན་གྱིས༔ འགྲོ་བ་རྗེས་སུ་བཟུང་བའི་ཐབས༔ རིགས་དྲུག་གནས་འདྲེན་ཆོ་ག་བཀོད༔ དེ་ལ་ཁྲུས་ཀྱི་བུམ་པ་དང་༔ ཐུབ་པ་དྲུག་གི་སྐུ་གཟུགས་སོགས༔ ཚང་བར་བྱས་ནས་ལས་གཞུང་བསྲང་༔ དེ་ནས་རིགས་དྲུག་ས་བོན་དང་༔ མཚན་བྱང་མིང་གཟུགས་ཚང་བ་དང་༔ ཞི་དྲག་སྦྱང་ཆས་ཅོག་ཟླུམ་དང་༔ ཏིང་ལོ་གསུམ་གསུམ་ཚོ་རུ་བཤམས༔ ཚོགས་བསགས་ཞལ་ཟས་དྲུག་དང་ནི༔ ལན་ཆགས་སྦྱང་ཕྱིར་ཆངས་བུ་དྲུག༔ བསོད་ནམས་བསྐྱེད་ཕྱིར་ཟས་བསྔོ་སོགས༔ ཚང་བར་བྱས་ནས་རྣམ་འདྲེན་གྱི༔ སྤྲུལ་སྐུ་རྣམ་དྲུག་སྤྲོ་བར་བྱ༔ ཧཱུྃ༔ རང་ཉིད་རྡོ་རྗེ་སེམས་དཔའ་ཡི༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ བཅོམ་ལྡན་ཐུབ་པ་ཆེན་པོ་དྲུག༔ གདུལ་བྱ་དང་བཅས་སྐད་ཅིག་གིས༔ རྒྱ་མཚོའི་གཟའ་སྐར་བཞིན་དུ་ཤར༔ ཉི་ཟླ་འོད་བཞིན་གཉིས་མེད་དུ༔ བྱང་ཆུབ་ཆེན་པོར་གནས་འགྱུར་བའི༔ ཐབས་མཆོག་མྱུར་ལམ་སྙིང་པོའི་འཕྲུལ༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཐུབ་དྲུག་སྙིང་པོ་བདུན་རེ་བཟླ༔ དེ་ནས་བྱང་བུ་བསྐྱེད་ཆོག་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགསམིང་བྱང་མི་དམིགས་པའི་ངང་ལས་མདུན་དུ་ནྲྀཿཡིག་ཡོངས་སུ་གྱུར་པ་ལས་ཚེ་འདས་དེ་ཡི་ཕུང་ཁམས་སྐྱེ་མཆེད་ཚང་བ་གསོན་གྱི་གནས་སྐབས་ཇི་ལྟ་བ་བཞིན་དུ་གོས་དཀར་གྱོན་ནས་ཤིན་ཏུ་གུས་ཚུལ་པུས་བཙུགས་དང་བཅས་ཐལ་སྦྱར་གྱིས་པད་དཀར་བསྣམས་ནས་འོད་དཀར་གྱི་ཀློང་དུ་གནས་པར་གྱུར༔ དེ་ནས་འགུག་གཞུག་ནི༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ རྡོ་རྗེ་རིགས་ཀྱི་བདག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་བདེན་པའི་མཐུས༔ ཚེ་ལས་འདས་པ་ཆེ་གེ་མོ༔ རིགས་དྲུག་བར་དོ་གར་གནས་ཀྱང་༔ སྐད་ཅིག་དམིགས་པའི་རྟེན་འདིར་ཁུག༔ ནྲྀ་ཡཾ་བཛྲ་ཨཾ་ཀུ་ཤ་ཡ་ཛཿལན་དགུ་བརྗོད་མཐར༔ ཚེ་ལས་འདས་པ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ དེ་ནས་སྦྱང་ཆས་བྱིན་བརླབ་ལ༔ ཨོཾ་སྭ་བྷཱ་ཝ་སོགས་སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱ་ཀཱ་རོ་སོགས༔ དེ་ནས་བགེགས་འགུགས་པ་ལ༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་བདེན་པས་ཚེ་ལས་འདས་པ་འདི་ལ་གནོད་ཅིང་འཚེ་བའི་ལན་ཆགས་བུ་ལོན་ཤ་འཁོན་གྱི་བདག་པོ་ཐམས་ཅད་འདིར་མཆིས་པར་གྱུར་ཅིག༔ སརྦ་བིགྷཱན་བཛྲ་ཨངྐུ་ཤ་ཡ་ཛ༔ ལན་གསུམ་མཐར༔ ཅོག་ཟླུམ་གསུམ་ཐོགས་ལ༔ ཨོཾ་སརྦ་བིགྷཱན་སོགས་ལན་གསུམ༔ ཏིང་ལོ་ཆངས་བུ་ཐོགས་ལ༔ ཨོཾ་སུམ་བྷ་ནི་སུམ་བྷ་སོགས་ལན་གསུམ་གྱིས་བསྔོ༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཧོཿདམིགས་ཡུལ་ཚེ་ལས་འདས་པ་འདི་ལ་གསོན་གྱི་དུས་སུ་སྲོག་གཅོད་ཅིང་མདངས་འཕྲོག་པ༔ གཤིན་གྱི་དུས་སུ་ས་ལམ་ལ་བར་ཆད་བྱེད་པའི་ལན་ཆགས་གདོན་བགེགས་འབྱུང་པོ་ཐམས་ཅད་གཏོར་མ་འདི་ཡིས་མགུ་ཞིང་ཚིམ་པར་གྱིས་ལ་བཟུང་བ་ཐོངས༔ བཅིངས་པ་ཁྲོལ༔ བསྡམས་པ་ཀློད༔ མནན་པ་ཁྱོག་ལ་དཔག་ཚད་བཅུ་གཉིས་ཀྱི་ཕ་མཐར་དེངས་ཤིག༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་བགེགས་བསྐྲད་ཧཱུྃ་བཞིའི་སྔགས་བརྗོད་ཅིང་རྫས་ཀྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམ༔ ཡེ་ཤེས་རང་རྩལ་ལས་གྲུབ་པའི་མཚོན་ཐུན་སྣ་ཚོགས་ཀྱིས་ལས་དང་ཉོན་མོངས་པའི་བགེགས་ཚོགས་ཐམས་ཅད་མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད༔ མེ་དཔུང་འབར་བས་མཚམས་བཅད༔ ཚུར་འདུས་སྲུང་བའི་འཁོར་ལོ་རིམ་པ་ལྔའི་ནང་དུ་འོད་ཐིག་དཀར་པོའི་ཀློང་དུ་ཚེ་འདས་དེ་ཉིད་ཚུད་ནས་གཤེད་དང་བགེགས་ཀྱིས་མི་མཐོང་བར་གྱུར༔ ཨོཾ་ཛྙཱ་ན་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བདེན་པའི་ཆོས་བཤད་པ་ནི༔ ཀྱཻ་ཧོ་ཚེ་འདས་རིགས་ཀྱི་བུ༔ ཡུལ་དང་གནས་ཁང་ལོངས་སྤྱོད་དང་༔ གཉེན་དང་ཉེ་འབྲེལ་རྩ་ལག་ཀུན༔ སྒྱུ་མ་དང་ནི་རྨི་ལམ་བཞིན༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ ཡ་ཀི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔ ཁམས་གསུམ་འཁོར་བའི་གནས་ཡུལ་ཀུན༔ རྒྱུ་དང་འབྲས་བུའི་བྱེད་ལས་ཀྱིས༔ སྣང་ཉམས་ཙམ་ལས་གཞན་ན་མེད༔ འདི་སྣང་ཕྱི་སྣང་རྨི་ལམ་སྣང་༔ ཐམས་ཅད་རང་སྣང་འཁྲུལ་པ་ལས༔ གཞན་དང་གཞན་ལས་གྲུབ་བྱུང་མེད༔ མེད་བཞིན་ཡོད་པ་འཁྲུལ་པ་ཡི༔ སྣོད་བཅུད་འདོད་ཡོན་ཆོས་སོ་ཅོག༔ བྱུང་ཡང་སེམས་ཀྱི་ངང་ལས་བྱུང་༔ ལྡོག་ཀྱང་སེམས་ཀྱི་དབྱིངས་སུ་ཡལ༔ གཅིག་ནས་གཅིག་ཏུ་བགྲོད་པ་མེད༔ རང་སེམས་ངོ་བོ་བརྡལ་ཁྱབ་དབྱིངས༔ དུས་གསུམ་སངས་རྒྱས་འདུས་པའི་ཞལ༔ ཡེ་ཤེས་ཆེན་པོ་མངོན་གྱུར་ན༔ རྫོགས་པའི་སངས་རྒྱས་གོ་འཕང་མཆོག༔ ངར་འཛིན་གཅིག་པུའི་ཆོ་འཕྲུལ་གྱིས༔ ཁམས་གསུམ་འཁྲུལ་པའི་སྣང་བར་འཕྱན༔ བདེ་དང་སྡུག་བསྔལ་ཉེ་བར་ལེན༔ བར་དོའི་རྣམ་ཤེས་སྟོང་གཟུགས་ལ༔ ཕན་དང་གནོད་པའི་ཡུལ་མེད་པས༔ མ་ངེས་འཁྲུལ་པའི་སྣང་བ་ནི༔ རྟེན་མེད་རྨི་ལམ་བཞིན་དུ་ཤར༔ དེ་ལ་རེ་དོགས་ཆགས་ཞེན་སྤོངས༔ བདེ་བ་ཅན་དང་མངོན་དགའི་ཞིང་༔ དྲན་ནས་ཡིད་ལ་བྱས་པ་ན༔ སྣང་བ་ཞིང་ཁམས་རྣམ་དག་ཏུ༔ འཕོས་ནས་རང་གཞིའི་སྟོན་པ་མཆོག༔ སྣང་མཐའ་ཡས་དང་མི་བསྐྱོད་པའི༔ ཞལ་མཐོང་ཐར་པའི་ས་བོན་ཐེབ༔ ས་ལམ་བར་ཆད་གེགས་སྒྲོལ་ཕྱིར༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཉོན་དྲུག་སྣང་བའི་ཁམས་འཕྲུལ་ནས༔ ཚོགས་བསགས་སྒྲིབ་སྦྱངས་ལན་ཆགས་འཇལ༔ གནས་འགྱུར་དག་པའི་ཞིང་དུ་འཕོས༔ དེ་དོན་མ་བརྗེད་ཡིད་ལ་ཟུངས༔ ད་ལྟ་བར་དོའི་གནས་སྐབས་འདི༔ འཁོར་འདས་གཉིས་ཀྱི་ས་མཚམས་ཡིན༔ ལྷ་དང་བླ་མ་དྲན་མཛོད་ལ༔ དད་གུས་མོས་པས་གསོལ་བ་ཐོབས༔ བཀའ་བཞིན་སྒྲུབས་ལ་ལོག་ལྟ་སྤོངས༔ ངེད་ཀྱི་གསང་སྔགས་ཟབ་མོ་ཡི༔ ཐབས་ཀྱི་ཆོ་ག་ལ་བརྟེན་ནས༔ ཁྱོད་ལ་ཕན་འདོགས་བྱེད་པ་ཡིན༔ གཞན་དུ་མ་ཡེངས་བག་ཕེབ་མཛོད༔ དེ་ནས་ཁྲུས་བྱ་བ་ལ༔ ཧཱུྃ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ རྡོ་རྗེ་སྐུ་ཡི་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ལུས་ཀྱི་སྒྲིབ་ཚོགས་དག་གྱུར་ཅིག༔ ཨོཾ་བཛྲ་སཏྭ་སོགས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ གསུང་གི་བྱིན་གྱིས་རླབས་པའི་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ངག་གི་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀྱི་བྱིན་གྱིས་བརླབས་པའི་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཁྱབ་བརྡལ་སྤྲོས་མཐའ་བྲལ་བའི་དབྱིངས༔ ཆོས་དབྱིངས་ཡེ་ཤེས་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ གཏི་མུག་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཀུན་གཟིགས་ཡེ་ཤེས་དྲི་མ་མེད༔ མེ་ལོང་ཡེ་ཤེས་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ཞེ་སྡང་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྐུ་དང་ཡོན་ཏན་ལྷུན་རྫོགས་པའི༔ མཉམ་ཉིད་ཡེ་ཤེས་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ང་རྒྱལ་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཀུན་མཁྱེན་ཡེ་ཤེས་ཀུན་ཏུ་གསལ༔ སོར་རྟོག་ཡེ་ཤེས་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ འདོད་ཆགས་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ དག་གྲོལ་གཉིས་ལྡན་རྫོགས་སངས་རྒྱས༔ བྱ་གྲུབ་ཡེ་ཤེས་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ཕྲག་དོག་སྒྲིབ་ཚོགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བདག་མེད་རྟོགས་པའི་ཤེས་རབ་ཆེ༔ བྱང་ཆུབ་སེམས་ཀྱི་བྱིན་རླབས་ཆུས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ གཟུང་འཛིན་བག་ཆགས་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་སྒྱུ་མ་ལྟ་བུའི་གྲོང་ཁྱེར་རྣམ་དྲུག་ཏུ་འཕྲུལ་ནས་འདྲེན་པའི་ཆོ་ག་བྱ་བ་ལ༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ བཅོམ་ལྡན་མི་བསྐྱོད་སྤྲུལ་པ་ལས༔ སྒྱུ་མ་མིག་འཕྲུལ་ཇི་བཞིན་དུ༔ ཚ་གྲང་དམྱལ་བའི་འཇིག་རྟེན་ཤར༔ སྤྲུལ་སྐུའི་འགྲོ་དོན་བླ་ན་མེད༔ དེ་ནས་ཞལ་ཟས་འབུལ་བ་ལ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེའི་རིགས་མཆོག་ལ༔ ལུས་དང་ལོངས་སྤྱོད་འདོད་ཡོན་འབུལ༔ ཚེ་འདས་ཚོགས་གཉིས་རབ་རྫོགས་ནས༔ རྣམ་མཁྱེན་སངས་རྒྱས་ས་རུ་དྲོངས༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོ༔ དེ་ནས་ལན་ཆགས་བསྔོ་བ་ནི༔ ཧཱུྃ༔ ཞེ་སྡང་ལས་ལས་བསྐྱེད་པ་ཡི༔ ལན་ཆགས་ཤ་མཁོན་བདག་པོ་ལ༔ ཆངས་གླུད་འདོད་ཡོན་གཏོར་མ་བསྔོ༔ ཐར་ལམ་བར་ཆད་གེགས་མ་བྱེད༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ སརྦ་རཱུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་འཁྲུལ་སྦུབས་བཤིག་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཞེ་སྡང་དྲག་པོའི་ལས་འབྲས་བུ༔ ཚ་གྲང་དམྱལ་བའི་གནས་དང་ཡུལ༔ འཁྲུལ་སྣང་རྨི་ལམ་བཞིན་དུ་ཤར༔ འདི་ལ་དང་པོ་བྱུང་བའི་ཁུང་༔ བར་དུ་གནས་དང་ཐ་མ་རུ༔ འགྲོ་བའི་གནས་ཡུལ་བདག་པོ་མེད༔ གཞི་མེད་རྩ་བྲལ་སྟོང་པ་ཉིད༔ མེད་བཞིན་འཁྲུལ་པ་ཐག་ཆོད་དང་༔ དམྱལ་བའི་འཁྲུལ་སྦུབས་དབྱིངས་སུ་འཇིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་ན་ར་ཀ་ཨ་ཕཊ༔ དེ་ནས་ཡི་དྭགས་གནས་འདྲེན་ནི༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ བཅོམ་ལྡན་སྣང་མཐའི་སྤྲུལ་པ་ལས༔ ཡི་དྭགས་གནས་རིས་བདག་པོ་ཡང་༔ སྒྱུ་མ་རྨི་ལམ་ཇི་བཞིན་ཤར༔ སྤྲུལ་སྐུའི་འགྲོ་དོན་བླ་ན་མེད༔ དེ་ནས་ཞལ་ཟས་འབུལ་བ་ལ༔ ཧཱུྃ༔ པདྨ་རིགས་ཀྱི་བདག་པོ་ལ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ ཚེ་འདས་ཚོགས་གཉིས་རབ་རྫོགས་ནས༔ ཐར་པའི་ལམ་དུ་དྲང་དུ་གསོལ༔ ཨོཾ་བཛྲ་ནཻ་ཝིདྱ་པཱུ་ཛ་ཧོཿདེ་ནས་ཆངས་གླུད་བསྔོ་བ་ལ༔ ཧཱུྃ༔ འདོད་ཆགས་ལས་ལས་སྐྱེས་པ་ཡི༔ ལན་ཆགས་ཤ་མཁོན་བདག་པོ་ལ༔ ཆངས་གླུད་འདོད་ཡོན་གཏོར་མ་བསྔོ༔ ཐར་ལམ་བར་ཆད་གེགས་མ་བྱེད༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས༔ སརྦ་རཱུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་འཁྲུལ་སྦུབས་བཤིག་པ་ལ༔ ཀྱཻ་ཧོ་ཚེ་འདས་རིགས་ཀྱི་བུ༔ ཉོན་མོངས་འདོད་ཆགས་གཞིས་བསྐྱེད་པས༔ སེར་སྣ་འཇུར་གེགས་རྒྱུ་འབྲས་ཀྱི༔ བག་ཆགས་མཚུངས་ལྡན་སྣང་བ་མཆེད༔ ཡི་དྭགས་གནས་ཡུལ་བདག་པོར་ཤར༔ དེ་ཡང་སྒྱུ་མ་རྨི་ལམ་བཞིན༔ བདེན་པར་གྲུབ་པ་རྡུལ་ཙམ་མེད༔ དེ་དོན་ཤེས་པའི་ཤེས་རབ་ཀྱིས༔ ཡི་དྭགས་འཁོར་བ་དོང་ནས་སྤྲུགས༔ བདེ་བ་ཆེན་པོའི་ས་རུ་གཤེགས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་པྲེ་ཏ་ཀ་ཨ་ཕཊ༔ དེ་ནས་དུད་འགྲོའི་གནས་འདྲེན་ལ༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ བཅོན་ལྡན་རྣམ་སྣང་སྤྲུལ་པ་ལས༔ དུད་འགྲོའི་གནས་ཡུལ་བདག་པོ་མཆེད༔ བརྟན་མེད་སྒྱུ་མ་ཇི་བཞིན་དུ༔ སྤྲུལ་སྐུའི་འགྲོ་དོན་བླ་ན་མེད༔ དེ་ནས་ཞལ་ཟས་འབུལ་བ་ནི༔ ཧཱུྃ༔ སངས་རྒྱས་རིགས་ཀྱི་བདག་པོ་ལ༔ ཚེ་རབས་དུ་མའི་ལུས་ལོངས་སྤྱོད༔ ཞལ་ཟས་རོ་བརྒྱར་བསྡུས་ཏེ་འབུལ༔ ཚེ་འདས་ཚོགས་གཉིས་རབ་རྫོགས་ནས༔ རྣམ་མཁྱེན་སངས་རྒྱས་ས་རུ་དྲོངས༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོ༔ དེ་ནས་ཆངས་གླུད་བསྔོ་བ་ནི༔ ཧཱུྃ༔ གཏི་མུག་ལས་ལས་སྐྱེས་པ་ཡི༔ ལན་ཆགས་ཤ་མཁོན་བདག་པོ་ལ༔ ཆངས་བུ་གཏོར་མ་གླུད་དུ་འབུལ༔ ས་ལམ་བར་ཆད་གེགས་མ་བྱེད༔ ན་མཿསརྦ༴སརྦ་རཱུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་འཁྲུལ་སྦུབས་བཤིག་པ་ནི༔ ཀྱཻ་མ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཉོན་མོངས་གཏི་མུག་ལས་འབྲས་བུ༔ བག་ཆགས་མཚུངས་ལྡན་སྣང་བ་ནི༔ དུད་འགྲོའི་གནས་ཡུལ་བདག་པོར་ཤར༔ དེ་ཡང་རྨི་ལམ་སྣང་བ་བཞིན༔ བདེན་པར་གྲུབ་པ་རྡུལ་ཙམ་མེད༔ གདོད་ནས་ཆོས་དབྱིངས་སྟོང་ཆེན་ལ༔ འཁོར་ཡུལ་འཁོར་བའི་བདག་པོ་མེད༔ དེ་དོན་རྟོགས་པའི་ཤེས་རབ་ཀྱིས༔ འཁྲུལ་ཞེན་ཨ་འཐས་དབྱིངས་སུ་ཞིག༔ ངན་སོང་གནས་ངན་སྤང་བར་མཛོད༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་ཏྲི་དུཿཁ་ཨ་ཕཊ༔ དེ་ནས་ལྷ་མིན་གནས་ནས་འདྲེན་པ་ལ༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ བཅོམ་ལྡན་དོན་གྲུབ་སྤྲུལ་པ་ལས༔ ལྷ་མིན་གནས་ཡུལ་བདག་པོ་རྣམས༔ བརྟན་མེད་སྒྱུ་མ་རྨི་ལམ་བཞིན༔ སྐད་ཅིག་དེ་ལ་དེར་སྣང་འཕྲུལ༔ སྤྲུལ་སྐུའི་འགྲོ་དོན་བླ་ན་མེད༔ དེ་ནས་ཞལ་ཟས་འབུལ་བ་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་བདག་པོ་ལ༔ ཚེ་རབས་དུ་མའི་ལུས་ལོངས་སྤྱོད༔ ཞལ་ཟས་རོ་བརྒྱར་བསྡུས་ཏེ་འབུལ༔ ཚོགས་རྫོགས་རྣམ་མཁྱེན་སར་འགོད་མཛོད༔ ཨོཾ་བཛྲ་ནཻ་ཝིདྱ་པཱུ་ཛ་ཧོ༔ དེ་ནས་ལན་ཆགས་བསྔོ་བ་ལ༔ ཧཱུྃ༔ ཕྲག་དོག་ལས་ལས་སྐྱེས་པ་ཡི༔ བདུད་དང་བར་དུ་གཅོད་པ་ལ༔ ཆངས་གླུད་ལན་ཆགས་འདོད་ཡོན་བསྔོ༔ ས་ལམ་བར་ཆད་གེགས་མ་བྱེད༔ ན་མཿསརྦ་ཏ་ཐཱ་ག་ཏ༴སརྦ་རཱུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་འཁྲུལ་སྦུབས་བཤིག་པ་ལ༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཕྲག་དོག་དྲག་པོའི་རྒྱུ་འབྲས་བུ༔ ལྷ་མིན་གནས་ཡུལ་བདག་པོར་ཤར༔ འདི་ཡང་སྒྱུ་མ་རྨི་ལམ་བཞིན༔ འཕྲུལ་དང་སྣང་བ་ཇི་བཞིན་དུ༔ གདོད་ནས་མ་བྱུང་མ་སྐྱེས་པ༔ དོན་ལ་མེད་བཞིན་སྣང་བ་ལས༔ གཞི་མེད་རྩ་བྲལ་ཆོས་ཀྱི་སྐུའི༔ དབྱིངས་ལས་གཡོ་དང་འགྱུར་དུ་མེད༔ དེ་དོན་རྟོགས་པའི་ཤེས་རབ་ཀྱིས༔ འཁོར་བའི་འཁྲུལ་ཞེན་དབྱིངས་སུ་ཤིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་སུཾ་ཨ་ཕཊ༔ དེ་ནས་མི་ཡི་གནས་ནས་འདྲེན་པ་ལ༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ ཀུན་ཏུ་བཟང་པོའི་སྤྲུལ་པ་ལས༔ མི་ཡི་གནས་ཡུལ་བདག་པོ་ཡང་༔ བརྟན་མེད་སྒྱུ་མ་ཇི་བཞིན་འཕྲུལ༔ སྤྲུལ་སྐུའི་གདུལ་བྱ་བླ་ན་མེད༔ དེ་ནས་ཞལ་ཟས་འབུལ་བ་ནི༔ ཧཱུྃ༔ རིགས་ཀུན་ཁྱབ་བདག་སངས་རྒྱས་ལ༔ ཚེ་རབས་དུ་མའི་ལུས་ལོངས་སྤྱོད༔ ཞལ་ཟས་རོལ་བརྒྱར་བསྡུས་ཏེ་འབུལ༔ ཚོགས་རྫོགས་རྣམ་མཁྱེན་སར་དྲོངས་མཛོད༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོ༔ དེ་ནས་ཆངས་གླུད་བསྔོ་བ་ནི༔ ཧཱུྃ༔ ཉོན་མོངས་ལས་ལས་སྐྱེས་པ་ཡི༔ བདུད་དང་བར་དུ་གཅོད་པ་ལ༔ ཆངས་གླུད་ལན་ཆགས་འདོད་ཡོན་བསྔོ༔ ཐར་ལམ་བར་ཆད་གེགས་མ་བྱེད༔ མཚན་བཞིའི་སྔགས་བརྗོད༔ སརྦ་རཱུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་འཁྲུལ་སྦུབས་བཤིག་པ་ལ༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བསོད་ནམས་བསགས་པའི་སྟོབས་དེ་ལ༔ ཉོན་མོངས་ལྔ་ཡི་རྒྱུ་འདྲེས་པའི༔ མི་ཡི་གནས་ཡུལ་སྣང་བ་ཤར༔ འདི་ལ་བརྟན་དང་རྟག་པ་མེད༔ ཕ་མའི་ཐོག་མ་གང་མ་བྱུང་༔ དེས་ན་མ་བྱུང་མ་སྐྱེས་པ༔ གནས་ཡུལ་སྣོད་བཅུད་སྐྱེ་གནས་མེད༔ དེས་ན་གནས་པའི་ས་ཡང་མེད༔ སྣོད་བཅུད་སྲིད་པའི་ཆོས་སོ་ཅོག༔ ཐ་མ་འགྲོ་བའི་གནས་ཡུལ་བྲལ༔ དེས་ན་སྣང་དང་སྣང་མཁན་མེད༔ ཡུལ་མེད་ཟང་ཐལ་ཆེན་པོ་སྟེ༔ འདི་དོན་རྟོགས་པའི་ཤེས་རབ་ཀྱིས༔ འཁྲུལ་པའི་བག་ཆགས་བཤིག་པར་མཛོད༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་ནྲྀཿཨ་ཕཊ༔ དེ་ནས་ལྷ་ཡི་གནས་ནས་འདྲེན་པ་ལ༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ བཅོམ་ལྡན་རིན་འབྱུང་སྤྲུལ་པ་ལས༔ ལྷ་ཡི་གནས་ཡུལ་བདག་པོ་ཀུན༔ སྒྱུ་མ་རྨི་ལམ་ཇི་བཞིན་འཕྲུལ༔ སྤྲུལ་སྐུའི་འགྲོ་དོན་བླ་ན་མེད༔ དེ་ནས་ཞལ་ཟས་འབུལ་བ་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་བདག་པོ་ལ༔ ཚེ་རབས་དུ་མའི་ལུས་ལོངས་སྤྱོད༔ ཞལ་ཟས་རོ་བརྒྱར་བསྡུས་ཏེ་འབུལ༔ ཚོགས་རྫོགས་རྣམ་མཁྱེན་སར་འདྲེན་མཛོད༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོ༔ དེ་ནས་ལན་ཆགས་བསྔོ་བ་ནི༔ ཧཱུྃ༔ ང་རྒྱལ་ལས་ལས་སྐྱེས་པ་ཡི༔ བདུད་དང་བར་དུ་གཅོད་པ་ལ༔ ཆངས་གླུད་ལན་ཆགས་འདོད་ཡོན་བསྔོ༔ ས་ལམ་བར་ཆད་གེགས་མ་བྱེད༔ ན་མཿསརྦ་ཏ༴སརྦ་རཱུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་འཁྲུལ་སྦུབས་བཤིག་པ་ལ༔ ཀྱཻ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ངན་སོང་གསུམ་གྱི་སྣང་བ་མཆེད༔ ཡང་ཡང་ཚ་གྲང་བཀྲེས་སྐོམ་དང་༔ བླུད་རྨོངས་བཀོལ་སྤྱོད་སྣང་བ་ཤར༔ དེས་ཀྱང་གནོད་པ་བྱས་པ་མེད༔ སེམས་ཉིད་ནམ་མཁའ་རྣམ་དག་དབྱིངས༔ མཐོ་རིས་གསུམ་གྱིས་སྣང་བ་མཆེད༔ གསོད་གཅོད་འཐབ་རྩོད་སྡུག་བསྔལ་དང་༔ སྐྱེ་རྒ་ན་འཆི་ཕམ་ལྟུང་སོགས༔ སྡུག་བསྔལ་རྣམ་པ་སྣ་ཚོགས་སྤྱོད༔ དགའ་བདེ་ལོངས་སྤྱོད་དཔག་མེད་མྱོང་༔ དེ་ཡང་རྨི་ལམ་སྣང་བ་རུ༔ བདེ་སྡུག་མྱོང་ཚོར་ཇི་བཞིན་ཏུ༔ མ་མྱོང་མྱོང་བའི་སྣང་བ་ཙམ༔ དོན་ལ་ཆོས་ཉིད་ཀ་དག་ལ༔ གཡོ་དང་འགྱུར་བ་ཡོད་མ་ཡིན༔ ངར་འཛིན་གཅིག་པུས་བདག་སྐྱེས་ཏེ༔ བདག་ཉིད་གཅིག་པུའི་མ་རིག་པས༔ འཁོར་བའི་སྣང་བ་མ་ངེས་མཆེད༔ དེ་ཡང་མཆེད་པ་བྱུང་བ་མེད༔ མཁའ་ལ་མཁའ་ལས་མེད་པ་ལ༔ སྨིག་རྒྱུར་སྣང་བ་ཇི་བཞིན་ཏུ༔ སེམས་ལ་ཉིད་ལས་མེད་པ་ལ༔ སྣ་ཚོགས་སྣང་བ་རྩལ་དུ་ཤར༔ དེ་དོན་རྟོགས་པའི་ཤེས་རབ་ཀྱིས༔ གནས་ངན་འཁོར་བ་དབྱིངས་སུ་ཤིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་ཨཿཨཕཊ༔ དེ་ནས་སྒྲིབ་པ་སྦྱང་བའི་སྟེགས་བུ་དཀྱིལ་འཁོར་གྱི་ཤར་སྒོ་པདྨ་འདབ་བརྒྱད་ཀྱི་གདན་ལ་འཁོད་པར་བསམ་ལ༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ ཡེ་ཤེས་བཞིའི་གདངས་ལྷ་བཞི་ཡིས༔ ཆོས་ཉིད་རིག་པའི་སྒོ་ཕྱེས་ལ༔ ལྷུན་གྲུབ་བདེ་ཆེན་ལྷ་ཞལ་སྤྲོད༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་མ་དག་པའི་སྣང་སེམས་ཐམས་ཅད་དག་པ་ཆོས་ཉིད་ཀྱི་རོལ་པར་འཕོས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཚད་ལ་ཕེབས༔ ངོ་ཤེས་གདིང་ཐོབ༔ རྩལ་རྫོགས་བརྟན་པ་ཐོབ་པར་གྱུར་ཅིག༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ རྒྱལ་ཀུན་སྐུ་ཡི་གསང་བ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བདུད་རྩི་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གསང་འདུས་པའི་བདུད་རྩི་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་གསུང་གི་དབང་ཐོབ་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མེ་ལོང་ཐོགས་ལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་གསལ་བྱེད་དེ༔ རྒྱལ་ཀུན་ཐུགས་ཀྱི་གསང་བ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཟའ་བཏུང་འབྱོར་ཚོགས་བཤམས་ལ༔ ཨོཾ་སྭ་བྷཱ་ཝ་སོགསམ་དག་པའི་དངོས་འཛིན་དང་དྲི་མ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་འདོད་ཡོན་མི་ཟད་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་འཕགས་པ་ཀུན་ཏུ་བཟང་པོའི་ཞིང་གི་བཀོད་པའི་དཔལ་ཡོན་ཐམས་ཅད་མ་ཚང་བ་མེད་པ་མི་ཟད་པ་ནམ་མཁའི་ཁྱོན་དང་མཉམ་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་དང་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་རེ་བརྗོད༔ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ༔ ཉེ་དུ་འབྲེལ་བ་ཐམས་ཅད་ཀྱིས༔ བརྩེ་དང་གདུང་པའི་སེམས་ཀྱིས་ནི༔ བཟའ་བཏུང་ལོངས་སྤྱོད་འབྱོར་ཚོགས་བསྐུར༔ ངེད་ཅག་རྒྱལ་བའི་གདུང་འཚོབ་ཀྱིས༔ བདག་མེད་ཤེས་རབ་སྟོབས་ཀྱིས་བརླབས༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཞིང་ཁམས་རྣམ་དག་བཀོད་པ་སྤྲིན༔ ཁྱོད་ལ་གཏན་གྱིས་ལོངས་སྤྱོད་གཏད༔ ཁྱོད་ལ་འདོད་ཡོན་མཆོག་ཏུ་བསྔོ༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་མཐུས༔ ཆོས་སྐུའི་གཏན་སྲིད་མ་ཐོབ་བར༔ རྣམ་དག་ཞིང་གི་དཔལ་ཐོབ་ཤོག༔ རང་གི་ཞིང་ཁམས་ལ་སྤྱོད་ཅིང་༔ རང་གི་སྟོན་པར་ཆོས་ཉན་ནས༔ རང་གི་གནས་ལུགས་ལམ་བྱེད་ཅིང་༔ རང་གི་གཞི་རུ་སངས་རྒྱས་ཤོག༔ མཚན་བཞིའི་སྔགས་ལན་གསུམ་བརྗོད༔ དེ་ནས་སྣང་གསལ་ཐོགས་ལ༔ ཀྱཻ་ཧོ་ཚེ་འདས་རིགས་ཀྱི་བུ༔ རང་རིག་གསལ་བའི་སྒྲོན་མེ་འདི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ཏེ༔ གཟུང་འཛིན་ཡུལ་དུ་གཞན་སྣང་ཡང་༔ དོན་ལ་རང་གི་ཡེ་ཤེས་ཏེ༔ ངོ་ཤེས་ངང་ནས་ལམ་མཛོད་ལ༔ ཀ་དག་ཆེན་པོའི་དབྱིངས་ལ་ཞོག༔ བཛྲ་དྷརྨ་ཨཱ་ལོ་ཀེ་ཧཱུྃ༔ དེ་ནས་འཕོ་བ་ལ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ཀྱི་སེམས་དང་སྣང་བ་བཅས༔ མ་དག་འཁོར་བའི་སྒོ་འཕར་འདི༔ སྐུ་གསུམ་ལྷུན་གྲུབ་དབྱིངས་སུ་འཕོས༔ གཞི་ཡི་ཆོས་སྐུ་མངོན་དུ་བྱ༔ ཡང་ན་ལོངས་སྤྱོད་རྫོགས་པ་ཡི༔ ཞིང་དང་སྟོན་འཁོར་མངོན་དུ་བྱ༔ ཡང་ན་རྣམ་དག་དབུགས་འབྱིན་གྱི༔ ཞིང་ཁམས་མཆོག་ཏེ་ཡིད་ལ་གྱིས༔ གཞན་དུ་ཡེངས་པར་མ་བྱེད་ལ༔ རྩེ་གཅིག་འདུན་པ་དེ་ལ་གཏོད༔ རྨི་ལམ་དབྱིངས་སུ་སད་པ་བཞིན༔ སྐད་ཅིག་ཉིད་ལ་དེར་སྣང་འགྱུར༔ ཁྱོད་ལ་ཤ་ཁྲག་ལུས་པོ་མེད༔ བར་དོའི་ཡིད་ལུས་སྟོང་གཟུགས་ཏེ༔ མེད་ལ་ཡོད་སྣང་འཛིན་པ་ཙམ༔ མེད་པའི་ངང་ཤེས་སྟོང་པ་ཉིད༔ སྟོང་ཉིད་སྤྲོས་མཐའ་བྲལ་མཐོང་ན༔ ཆོས་སྐུའི་རང་ཞལ་མཐོང་བ་ལགས༔ སངས་རྒྱས་གཞན་ན་ཡོད་མ་ཡིན༔ ཡུལ་མེད་བར་དོའི་སྣང་བ་ཡི༔ མིག་མེད་ཀུན་གསལ་ཀུན་རིག་འདི༔ ཡེ་ཤེས་ཡིན་ནོ་མ་ནོར་ཤིག༔ གདོད་མའི་དབྱིངས་དེར་བརྒལ་བར་མཛོད༔ ཚེ་འདས་དེ་ཡི་སེམས་དང་སྣང་བ་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པའམ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན་དུ༔ རིག་པ་ཡེ་ཤེས་ཀྱི་དབྱིངས་སུ་འཕོས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མངོན་དུ་གྱུར༔ དེར་བརྟན་པ་ཐོབ་པར་གྱུར༔ ཨཿཞེས་བརྗོད་པས་སྣང་སེམས་སྟོང་པར་ཞིག༔ ཕཊ་ཅེས་བརྗོད་པས་ཞིང་ཁམས་མངོན་དུ་སྣང་༔ ཕཊ་ཅེས་བརྗོད་པས་ངོ་ཤེས༔ ཕཊཅེས་བརྗོད་པས་དེ་ལས་གཏན་དུ་མི་འགྱུར་བའི་རྒྱས་བཏབ༔ དེ་ནས་མིང་བྱང་བསྲེག་པ་ནི༔ ཧཱུྃ༔ སེམས་ཀྱིས་བཟོས་པའི་སྣང་བ་ལ༔ དངོས་འཛིན་བག་ཆགས་འཐས་པའི་བླ༔ བླ་མེད་བྱང་ཆུབ་སེམས་ཀྱི་མེས༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྲེགས༔ འཁོར་འདས་གཉིས་མེད་མཉམ་གྲོལ་བའི༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ཐམས་ཅད་ཐམས་ཅད་རྫོགས་སངས་རྒྱས༔ ཨོཾ་སརྦ་པཱ་པཾ་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ལྟ་བསྒོམ་གདིང་ལྡན་རྣལ་འབྱོར་གྱིས༔ འདིར་བརྩོན་འགྲོ་དོན་རྒྱ་ཆེན་འགྲུབ༔ ལོང་བ་ལྟ་བུའི་དེད་དཔོན་གྱིས༔ ལོང་བ་གཞན་གྱི་ལམ་མཁན་མིན༔ དེ་ཚུལ་ཤེས་པའི་གནད་ལྡན་འཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་རང་སློབ་པདྨ་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཤོག་སེར་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།