རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་གདམས་པ་ཟབ་གསང་སྙིང་པོ།

From Dudjom Wiki
Revision as of 13:07, 10 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-031
Wylie title rang bzhin rdzogs pa chen po'i rang zhal mngon du byed pa'i gdams pa zab gsang snying po TTDL-ZABTER-16-MA-031.pdf
Location bdud 'joms gling pa zab gter
Volume 16, Text 31, Pages 359-443 (Folios 1a1 to 43a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rang bzhin rdzogs pa chen po'i rang zhal mngon du byed pa'i gdams pa zab gsang snying po. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: 359-443. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sa bcad can ma   Verso: bdud 'joms rdzogs chen snang sbyang
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Dzogchen - rdzogs pa chen po  ·  Outlines - sa bcad
Colophon
  • Author colophon: ཅེས་པ་འདི་ཡང་སྐྱེ་བ་དུ་མར་ལས་དང་སྨོན་ལམ་གྱིས་འབྲེལ་བའི་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོ་དང་མཁྱེན་རབ་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར། །ཁྲག་འཐུང་བདུད་འཇོམས་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཀློང་མཛོད་ལས་གཏན་ལ་ཕབ་པ་ཆོས་ཀྱི་བདག་པོ་སྐྱེས་མཆོག་དྲུག་ཅུ་རྩ་བརྒྱད་དུ་མཁའ་འགྲོས་ལུང་བསྟན་ནས་རྟེན་འབྲེལ་གྱི་དུས་ཚིགས་ཐོག་མ་ཡིན་ཅེས་ཨོ་རྒྱན་ཆེན་པོས་བཀའ་ཡིས་གནང་བ་ཕེབས་པའོ།
  • Editor colophon: །སྔོན་ཆད་རྗེ་རང་ཉིད་ཀྱི་སྐུའི་སྲས་མཁྱེན་རབ་ཀྱི་དབང་ཕྱུག་གྲུབ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཞུས་དག་ཅུང་ཟད་དུ་གནང་ཀྱང་། མ་ཕྱི་རྣམས་མང་དུ་རྒྱུན་འབྱམས་སུ་སོང་བ་ལ་ཡི་གེ་འབྲུ་ནོར་ཤིན་ཏུ་མང་བར་གྱུར་པ་ལས། གྲུབ་དབང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ནས་བཀའ་སྩལ་སྤྱི་བོར་ཕེབས་པ་དང་རྡོ་རྗེའི་མཆེད་པོ་འགའ་ཞིག་གིས་ཀྱང་ནན་བཞེད་ངོར་ལུགས་གཉིས་ཀྱི་བྱ་བཞག་གང་ལའང་སྙོམས་ལས་ཀྱི་ལེ་ལོས་དུས་འདའ་བཞིན་པ། བྱིམ་གྱི་དྲུང་དུ་སོས་དལ་དུ་སྡོད་པའི་དམ་པའི་སྐྱེས་མིང་དུ་སྒྲོ་བཏགས་པ་ཆོས་སྨྲ་བའི་གཟུགས་བརྙན་པདྨ་ལུང་རྟོགས་རྒྱ་མཚོར་འབོད་པས། ཞུས་དག་དང་བཅས་ས་བཅད་ཀྱི་ཁོང་དུ་ལེགས་པར་དྲངས་ཏེ་སུག་བྲིས་བགྱིས་པ་དགེ་བའི་མཐུ་ལས། དཔལ་ལྡན་བླ་མ་དམ་པ་ཡུམ་སྲས་ཀྱི་ཞབས་པད་བསྐལ་པ་རྒྱ་མཚོར་རབ་ཏུ་བརྟན་ཅིང་བདག་ཅག་རེས་ལྟོས་ཀུན་ཀྱང་སྐྱབས་འོག་ཏུ་ཚུད་པ་དང་། དུས་ཀྱི་ཡོ་ལང་ངན་པ་མཐའ་དག་མིང་གི་ལྷག་མར་གྱུར་ཅིང་གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།
  • Author colophon: ces pa 'di yang skye ba du mar las dang smon lam gyis 'brel ba'i sprul pa'i sku pad+ma lung rtogs rgya mtsho dang mkhyen rab rgya mtsho gnyis kyis nan du bskul ngor/__/khrag 'thung bdud 'joms khro lod rtsal gyis ye shes sgyu 'phrul rol pa'i klong mdzod las gtan la phab pa chos kyi bdag po skyes mchog drug cu rtsa brgyad du mkha' 'gros lung bstan nas rten 'brel gyi dus tshigs thog ma yin ces o rgyan chen pos bka' yis gnang ba phebs pa'o/
  • Editor colophon: /sngon chad rje rang nyid kyi sku'i sras mkhyen rab kyi dbang phyug grub sprul rin po che'i zhal snga nas zhus dag cung zad du gnang kyang /__ma phyi rnams mang du rgyun 'byams su song ba la yi ge 'bru nor shin tu mang bar gyur pa las/__grub dbang gter chen chos kyi rgyal po yab sras nas bka' stsal spyi bor phebs pa dang rdo rje'i mched po 'ga' zhig gis kyang nan bzhed ngor lugs gnyis kyi bya bzhag gang la'ang snyoms las kyi le los dus 'da' bzhin pa/__byim gyi drung du sos dal du sdod pa'i dam pa'i skyes ming du sgro btags pa chos smra ba'i gzugs brnyan pad+ma lung rtogs rgya mtshor 'bod pas/__zhus dag dang bcas sa bcad kyi khong du legs par drangs te sug bris bgyis pa dge ba'i mthu las/__dpal ldan bla ma dam pa yum sras kyi zhabs pad bskal pa rgya mtshor rab tu brtan cing bdag cag res ltos kun kyang skyabs 'og tu tshud pa dang /__dus kyi yo lang ngan pa mtha' dag ming gi lhag mar gyur cing gsang chen rdzogs pa chen po'i bstan pa phyogs dus kun tu dar zhing rgyas par gyur cig/
[edit]
༄༅། །རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་གདམས་པ་ཟབ་གསང་སྙིང་པོ་ཞེས་བྱ་བ་བཞུགས་སོ།།


༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཁྱབ་བདག་གདོད་མའི་མགོན་པོ་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་རོལ་པ་སྐུ་གསུམ་ལྷུན་གྲུབ་དཔལ། །བསམ་གྱིས་མི་ཁྱབ་ཡོན་ཏན་མཆོག་གི་གནས། །གང་ལ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །མཁྱེན་རབ་དབང་ཕྱུག་རིག་འཛིན་གྲུབ་བརྒྱའི་གཙོ། །ཨོ་རྒྱན་ཆེན་པོ་བློ་ལྡན་མཆོག་སྲེད་རྩལ། །དངོས་བརྒྱུད་བླ་མའི་ངོ་བོར་སྙིང་དབུས་སུ། །རང་རིག་དག་པའི་འཁོར་ལོར་དགྱེས་པར་རོལ། །ཇི་སྙེད་རྒྱལ་རྣམས་དགོང྄༷ས་ཀློང་དབྱེར་མེད་ངང་། །ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ྄༷་རིས་ལས། །མི་མིན་གསང་མཆོག་སྟོན་པས་སྙན྄༷་བརྒྱུད་དུ། །རྩལ་བའི་རྨད་བྱུང་གདམས་པ་འདི་ན་དགོད། །དེ་ལ་འདིར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་བླ་ན་མེད་པའི་འོད་གསལ་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཡོད་པ་ལས་གསང་བ་མན་ངག་གི་སྡེའི་ལུགས་ཀྱི་གདམས་པ་ཐུན་མོང་མ་ཡིན་པའི་དོན་ཚུལ་བཞིན་ཉམས་སུ་ལེན་པ་ལ་བཞི། གཞི་ལྟ་བས་གཏན་ལ་དབབ་ཚུལ། དེའི་དོན་བསྒོམ་པས་ཉམས་སུ་ལེན་ཚུལ། དེ་གཉིས་ཀྱི་གྲོགས་སྤྱོད་པ་བསྟན་པ། འབྲས་བུ་མངོན་དུ་གྱུར་པའི་ཚུལ་ལོ། །དང་པོ་གཞི་ལྟ་བས་གཏན་ལ་དབབ་ཚུལ་ལ། མེད་པ་དང་། གཅིག་པུ། ཕྱལ་བ། ལྷུན་གྲུབ་ཀྱི་ཚུལ་དང་བཞི། དེའི་དང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་ཚུལ་བཤད་པ་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང་། ཆོས་ཀྱི་བདག་མེད་གཏན་ལ་དབབ་པའོ། །དེའི་དང་པོ་ལ་གཉིས། གང་ཟག་གི་བདག་ཏུ་ཞེན་ཚུལ་དང་། བདག་མེད་པར་རིག་པས་གཏན་ལ་དབབ་ཚུལ་ལོ། །དང་པོ་གང་ཟག་གི་བདག་ཏུ་ཞེན་ཚུལ་ནི། གང་ཟག་གི་བདག་ཅེས་བྱ་བ་རང་ཅག་རྣམས་ལ་ཉིན་སྣང་དང་། མཚན་སྣང་རྨི་སྣང་བར་སྲིད་ཚེ་ཕྱི་མའི་དུས་རྣམས་ཀྱི་སྐབས་ཀུན་ཏུ་ངའོ་ཞེས་བདེན་པར་སྣང་བ་འདི་ཉིད་ཡིན་ལ། དེ་ཡང་ཐོག་མ་ནས་ང་རུ་བཟུང་བའི་ཤེས་པ་བག་ལ་ཉལ་གྱི་ཚུལ་དུ་ཡོད་པ་ལས་སྐབས་སྐབས་སུ་ཤེས་པ་ཕྱི་མ་དང་རྣམ་པར་རྟོག་པས་གསལ་བཏབ་ནས་བརྟན་ཅིང་འཐས་པར་བྱས་པའི་ཚུལ་གྱིས་ཞེན་པ་ནི་བདག་འཛིན་ཡིན་ནོ། །གཉིས་པ་བདག་མེད་པར་རིག་པས་གཏན་ལ་དབབ་ཚུལ་ལ་བཞི། དང་པོ་བྱུང་བའི་ཁུངས་ལ་བརྟགས་པ། བར་དུ་གནས་པའི་བདག་དེའི་ངོ་བོ་བཙལ་བ། ཐ་མ་འགྲོ་བའི་ཡུལ་ལས་འདས་ཚུལ། མེད་བཞིན་དུ་སྣང་ཞིང་བརྗོད་པའི་དཔེ་བསྟན་པའོ། །དང་པོ་བྱུང་བའི་ཁུངས་ལ་བརྟག་པ་ནི། བདག་དེ་ཡོད་ན་ཕྱི་ནང་སྣོད་བཅུད་ཀྱི་ཆོས་རྣམས་དང་ཁྱད་པར་རང་གི་ལུས་སེམས་ཀྱི་ཆ་གང་ལས་བྱུང་། བྱུང་མཁན་གྱི་བདག་པོ་ཁོ་རང་ཇི་འདྲ་བ་ཞིག་ཡིན་པར་འདུག་སོགས་བརྟགས་ནས་བྱུང་ཁུངས་མེད་པའི་ས་ལ་གཏུག་པའོ། །གཉིས་པ་བར་དུ་གནས་པའི་བདག་དེའི་ངོ་བོ་བཙལ་བ་ལ། བདག་དེ་ཡོད་ན་གནས་ས་དང་གནས་མཁན་སོ་སོ་ཐ་དད་པར་ངོས་ཟུང་དུ་ཡོད་པའི་བདེན་པ་དངོས་མཚན་ཅན་དུ་གྲུབ་པ་ཞིག་ཡིན་དགོས་པས། དེ་ཡིན་མིན་འདི་ལྟར་བརྟག་པར་བྱ་སྟེ། བདག་ཅེས་བྱ་བ་དེ་གང་ཡིན། མགོ་ལ་ནི་མགོ་ཞེས་བྱ་སྟེ་བདག་མ་ཡིན། མགོའི་ཆ་ཤས་སུ་གྱུར་པའི་མགོ་ལྤགས་དང་རུས་པ། མིགརྣ། སྣ། ལྕེ། སོ། ཀླད་པ། ཤ་ཁྲག་ཆུ་སེར་རྩ་རྒྱུས་སོགས་ཀྱང་བདག་མ་ཡིན། དེ་བཞིན་དུ་ལག་པ་དང་། དེའི་ཆ་ཤས་སོག་པ་དཔུང་བ་ལག་ངར་སོར་མཛུབ་རྣམས་དང་། གཞན་ཡང་རྒལ་ཚིགས་དང་། རྩིབ་མ། བྲང་། གློ་བ། སྙིང་། མཆིན་དྲི། མཆིན་མཚེར། རྒྱུ་མཁལ། དྲི་ཆུ་དང་གཤང་ལྕི་རྣམས་དང་། རྐང་པ་དང་དེའི་ཆ་ཤས་བརླ་རྗེ་ངར། བོལ་བ་སོར་མཛུབ་རྣམས་དང་། སྤྱིར་ན་ལུས་ཀྱི་ཕྱིའི་ལྤགས། བར་གྱི་ཤ་ཚིལ། ནང་གི་རུས་པ། གསང་བ་རྐང་གི་ཚོགས་ཀྱང་དེ་མ་ཡིན་ལ། རྣམ་པར་ཤེས་པའང་བདག་མ་ཡིན་ཏེ། དེ་ལ་རྣམ་པར་ཤེས་པ་ཞེས་བརྗོད་པ་ལས་བདག་ཅེས་མི་གདགས་པའི་ཕྱིར་རོ། །དེས་ན་བདག་ཅེས་བྱ་བ་དེ་མ་གྲུབ་ཅིང་གནས་ས་ཡང་མི་རྙེད་པས་གནས་པའི་ས་དང་བདག་པོ་མེད་པས་རང་བཞིན་གྱིས་སྟོང་པར་ཤེས་པར་བྱའོ། །གསུམ་པ་ཐ་མ་འགྲོ་བའི་ཡུལ་ལས་འདས་ཚུལ་ནི། དེ་བཞིན་དུ་བདག་ཅེས་བྱ་བ་འགྲོ་བའི་ཡུལ་དང་འགྲོ་མཁན་རང་གི་ངོ་བོ་ལ་བརྟགས་ནས་འགྲོ་ཡུལ་དང་བདག་པོ་དང་བཅས་པ་ལས་འདས་པ་ཉིད་དུ་ཐག་ཆོད་པར་བྱའོ། །བཞི་པ་མེད་བཞིན་དུ་སྣང་ཞིང་བརྗོད་པའི་དཔེ་བསྟན་པ་ནི། དེ་ལྟ་ན་བདག་ཅེས་བྱ་བར་སྣང་བ་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དེ་ནི་དོན་ལ་མེད་བཞིན་སྣང་བ་རབ་རིབ་ལྟ་བུ་དང་། བདག་ཅེས་མིང་གིས་བརྗོད་པའང་བརྗོད་བྱའི་དོན་མ་གྲུབ་བཞིན་དུ་བརྗོད་པ་རི་བོང་གི་རྭ་བརྗོད་པ་ལྟ་བུར་ཤེས་པར་བྱའོ། །དུས་རྣམས་ཀུན་ཏུ་ང་ཞེས་མངོན་ཞེན་ཀྱང་། །ཕུང་པོའི་ཆོས་ལས་བཙལ་ན་དམིགས་སུ་མེད། །བྱུང་གནས་འགྲོ་བའི་ཡུལ་ཡང་ཡོངས་མ་མཆིས། །རབ་རིབ་སྣང་བ་རི་བོང་རྭ་བརྗོད་བཞིན། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ལ་བཞི། མིང་གི་གདགས་གཞི་བཙལ་བ། བདེན་དངོས་ཀྱི་རྟག་ཞེན་བཤིག་པ། ཕན་གནོད་ཀྱི་མཚང་ལ་རྒོལ་བ། རེ་དོགས་ཀྱི་རྫུན་ཕུག་བརྡིབ་པའོ། །དང་པོ་མིང་གི་གདགས་གཞི་བཙལ་བ་ལ་གཉིས། མིང་གིས་བཏགས་པའི་དོན་བཙལ་ཏེ་སྟོང་པར་གཏན་ལ་དབབ་ཚུལ་དངོས་དང་། སྟོང་པ་ལས་སྣང་ཕྱོགས་རྟེན་འབྲེལ་གྱི་རོལ་པར་འཆར་ཚུལ་ལོ། །དེའི་དང་པོ་ལ་གསུམ། རང་རྒྱུད་ཀྱིས་བསྡུས་པའི་ཆོས་རྣམས་སྟོང་པར་གཏན་ལ་དབབ་ཚུལ། དེས་མ་བསྡུས་པའི་ཆོས་གཞན་ལ་རིགས་པ་སྦྱར་བ། མིང་དོན་གནས་འགྱུར་བ་ལས་ཀྱང་རང་བཞིན་གྱིས་མ་གྲུབ་པས་སྟོང་ཚུལ་ལོ། །དང་པོ་རང་རྒྱུད་ཀྱིས་བསྡུས་པའི་ཆོས་རྣམས་སྟོང་པར་གཏན་ལ་དབབ་ཚུལ་ནི། རང་གི་མགོ་ལྟ་བུ་ཆོས་གང་ཡང་རུང་བ་ལ་འདི་དང་འདིའོ་སྙམ་དུ་དེ་དང་དེར་བདེན་པའི་དངོས་པོར་ཞེན་པ་ལྟར་དུ་ཡོད་ན་ནི་ཆོས་ཀྱི་བདག་ཅེས་བྱ་སྟེ། དེ་ཡོད་ན་རང་རང་གི་མིང་གིས་བཏགས་པའི་དོན་ཡུལ་གྱི་སྟེང་ནས་བཙལ་ན་རྙེད་དགོས་པས་འདི་ལྟར་བརྟགས་ཏེ། མགོ་ཞེས་བྱ་བ་ཅིའི་ཕྱིར་ཅི་ལ་བཏགས། ལུས་ཆགས་པའི་དང་པོ་ཡིན་པས་སམ། ཟླུམ་པོ་ཡིན་པས་སམ། སྟེང་ཕྱོགས་སུ་བསྟན་པས་མགོ་ཞེས་བཏགས། ལུས་ཆགས་པའི་དང་པོར་ནི་མགོ་མ་སྐྱེས། ཟླུམ་པོ་ཐམས་ཅད་ལ་ནི་མགོ་མི་ཐོགས། སྟེང་དང་འོག་ཅེས་བྱ་བའང་བརྟགས་ཤིང་དཔྱད་ན་མ་གྲུབ། སྐྲ་ནི་མགོ་མ་ཡིན་ལྤགས་དང་རུས་པ་ཀླད་པ་རྣམས་དང་། མིག་རྣ་སྣ་ལྕེ་རྣམས་ཀྱང་མགོ་མ་ཡིན། དེ་རྣམས་སོ་སོར་ཕྲལ་ན་མ་ཡིན་ཀྱང་ལྷན་ཅིག་ཏུ་འཚོགས་པ་ལ་མགོ་ཟེར་སྙམ་ན། སྲོག་ཆགས་ཞིག་གི་མགོ་བཅད་ནས་དང་པོ་རྡུལ་རགས་པ་དང་དེ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་བཏང་ནས་འཛམ་བུ་གླིང་ན་གནས་པའི་མི་ཐམས་ཅད་ལ་བསྟན་ཀྱང་མགོ་ཞེས་མི་སྨྲ། དེར་མ་ཟད་ཆུས་སྦྲུས་ཏེ་མཉམ་དུ་རིལ་པོར་བྱས་ཀྱང་མགོ་ཞེས་མི་ཐོགས། དེས་ན་མགོ་ཞེས་བྱ་བ་བརྗོད་ཅིང་བཏགས་པ་ཙམ་ལས། བརྗོད་གཞི་ཡུལ་མེད་དུ་འདུག་པའི་ངང་ཚུལ་ཤེས་པར་བྱའོ། །དེ་བཞིན་དུ་མིག་ཉིད་ཀྱང་ཆུ་བུར་ཟུང་དུ་ཡོད་པ་དང་། མིག་ལྤགས་དང་། མིག་ཆུ། རྩ་དང་ཁྲག་ལ་སོགས་པ་ཆ་སོ་སོར་ཕྱེ་ན་དེ་དག་སོ་སོ་ནས་ཀྱང་མ་ཡིན། ལྷན་ཅིག་ཏུ་འཚོགས་པའང་མ་ཡིན། གཟུགས་མཐོང་མཁན་ཀྱང་མ་ཡིན་ཏེ། གཟུགས་མཐོང་མཁན་ནི་ཡེ་གནས་ཀྱི་ཤེས་པ་ཉིད་ཡིན་གྱི་ད་ལྟ་མིག་ཏུ་བཏགས་པའི་ཆུ་བུར་འདི་མ་ཡིན་པར་རྨི་ལམ་དང་བར་དོའི་སྐབས་སུ་མཐོང་བྱེད་ཡོད་པ་དེ་ཤེས་སོ། །རྣ་བའང་རྣ་སྦུག་དང་ཤ་ལྤགས་སོགས་ཆ་སོ་སོར་ཕྱེས་པ་དང་འཚོགས་པ་སྒྲ་ཐོས་མཁན། སྣ་ཡང་སྦུ་གུ་དང་ལྤགས་སོགས་སོ་སོར་ཕྱེས་པ་དང་འཚོགས་པ་དྲི་ཚོར་མཁན། ལྕེ་ཡང་ཤ་ལྤགས་སོགས་ཆ་སོ་སོར་ཕྱེས་པ་དང་འཚོགས་པ་རོ་མྱོང་མཁན་རྣམས་མ་ཡིན་པའི་ཚུལ་ཇི་ལྟར་འཚམས་པར་སྦྱར་ཏེ་ཤེས་པར་བྱ་ལ། དེ་བཞིན་དུ་ལུས་ཞེས་བྱ་བའང་། ཕྱིའི་རྒལ་ཚིགས་དང་རྩིབ་མ་ལ་སོགས་པ་དང་། ལག་པ་ལ་སོགས་པའི་ཡན་ལག་རྣམས་དང་། ནང་གི་གློ་སྙིང་མཆིན་མཁྲིས་ཕོ་མཚེར་མཁལ་མ་རྒྱུ་མ་རྣམས་དང་། ལག་པའང་སོག་པ་དཔུང་པ་ལག་ངར་སོར་ཚིགས་ཤ་ལྤགས་རུས་པ་རྐང་ལ་སོགས་པ་དང་། དེ་བཞིན་དུ་ལག་པའི་ཆ་ཤས་སོག་པ་དང་དཔུང་པ་ལག་ངར་རྣམས་དང་། རྐང་པའང་དཔྱི་དང་བརླ་དང་རྗེ་ངར་སོགས་དང་། དེ་དག་ལའང་ཤ་ལྤགས་རུས་པ་སོགས་རང་རང་གི་ཆ་ཤས་སོ་སོར་ཕྱེ་ལ། དེ་དག་སོ་སོ་བ་དང་འཚོགས་པ་གང་ཡང་རྐང་པ་སོགས་དེ་དང་དེ་མ་ཡིན་པའི་ཚུལ་ལ་བསམ་ནས་སྟོང་པའི་རང་བཞིན་ཅན་དུ་རྟོགས་པར་བྱའོ། །གཉིས་པ་དེས་མ་བསྡུས་པའི་ཆོས་གཞན་ལ་རིགས་པ་སྦྱར་བ་ནི། ཕྱིའི་རི་བོ་དང་ཁང་ཁྱིམ་སོགས་ལ་ཡང་ས་རྡོ་རྩྭ་ཤིང་སོགས་རང་རང་གི་ཆ་ཤས་སོ་སོར་ཕྱེས་ནས་བརྟགས་ལ། རྒྱུད་གཞན་གྱི་གང་ཟག་མི་དང་རྟ་ལ་སོགས་པའང་དེ་བཞིན་དུ་དང་། གཞན་ཡང་རྫས་རྣམས་ལས་རྔ་ཞེས་བྱ་བ་ནི་ཤིང་ལ་མི་བྱ། ཀོ་བ་ལ་མི་བྱ། ཕྱི་དང་ནང་ལ་མི་བྱ་བའི་ཚུལ་སོགས་ཆོས་ཀུན་ལ་སྔར་གྱི་རིགས་པས་སྦྱར་ནས་བདེན་པས་སྟོང་པར་ཤེས་པར་བྱའོ། །གསུམ་པ་མིང་དོན་གནས་གྱུར་བ་ལས་ཀྱང་རང་བཞིན་གྱིས་མ་གྲུབ་པས་སྟོང་ཚུལ་ནི། དཔེར་མཚོན་ན་གྲི་ལས་འབུག་བྱས་པ་གྲི་ཞེས་བྱ་བར་འགྱུར་ནས་འབུག་དང་། སླར་དེ་ལས་ཁབ་བྱས་ཚེ་དེ་ཡང་འགྱུར་ནས་ཁབ་ཅེས་བྱ་བར་འགྱུར་བས་ན། གྲི་དང་འབུག་ཅེས་བྱ་བ་བཏགས་ཙམ་ལས་རང་གི་ངོས་ནས་མ་གྲུབ་པའི་ཚུལ་ཤེས་པར་བྱའོ། །དེ་ལྟར་གང་ཟག་གི་བདག་དང་མིང་གི་གདགས་བཞི་བཙལ་བའི་སྐོར་འདི་དག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཞལ་ནས་གསུངས་པའི་གདམས་པ་ཁྱད་པར་ཅན་ཡིན་ནོ། །གཉིས་པ་སྟོང་པ་ལས་སྣང་ཕྱོགས་རྟེན་འབྲེལ་གྱི་རོལ་པར་འཆར་ཚུལ་ནི། ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་སྒྱུ་མའི་སྐུ་ཅན་དང་དངོས་སུ་མཇལ་ནས་གནང་བའི་གདམས་པ་སྟེ། དེ་ལྟར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་སྣང་བའི་ཆོས་རྣམས་རང་རང་གི་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ཙམ་ལས་བྱུང་བར་བཤད་པ། རྒྱུ་བཞི་དབྱིངས་དྭངས་གསལ་གང་ཡང་འཆར་རུང་གི་ནུས་པ་ཅན་དང་། རྐྱེན་ངར་འཛིན་གྱི་ཤེས་པ་ཕྲ་མོ་གཉིས་འདུས་པ་ལ་བརྟེན་ནས་སྣང་བ་རྣམས་སྒྱུ་མ་བཞིན་དུ་བྱུང་སྟེ། དེ་ལྟ་ན་གཞི་དབྱིངས་དང་། དེའི་རྩལ་ལས་ཤར་བའི་སེམས་དང་། སེམས་དེའི་སྣང་ཆ་ཕྱི་ནང་གི་ཆོས་ཐམས་ཅད་ཉི་མ་དང་དེའི་ཟེར་བཞིན་ལུ་གུ་རྒྱུད་དུ་འབྲེལ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །དཔེ་ནི། རྒྱུ་ནམ་མཁའ་དྭངས་གསལ་ལ་བརྟེན་ནས་རྐྱེན་མའི་རྫས་སྔགས་དང་སྤྲུལ་སེམས་དུས་འཛོམ་པ་ལ་རྟེན་འབྲེལ་སྒྱུ་མ་སྣང་བ་ལྟ་བུའོ། །དོན་གོང་དུ་བཤད་པ་ལྟར་ལ་ཁྱད་པར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་མེད་བཞིན་དུ་ངར་འཛིན་གྱི་དབང་གིས་སྣང་བ་ནི་སྨིག་རྒྱུ་ལྟ་བུའོ། །མེད་བཞིན་དུ་སྣང་བ་ལ་བདེན་ཞེན་གྱི་དབང་གིས་འཁྲུལ་ཏེ་ཡུལ་དུ་མངོན་པར་ཞེན་པ། དཔེར་ན་རྨི་ལམ་གྱི་གནས་ཡུལ་སོགས་སྣང་བ་ན་དེར་མ་གྲུབ་ལ་བསམ་གཏན་གྱི་གནས་ཡུལ་དུ་བཟུང་ནས་ཞེན་པ་ལྟ་བུའོ། །ནང་གི་བདག་རྐྱེན་ལས་གཞན་དུ་སྣང་བ་ཙམ་ཡིན་པ་དཔེར་ན་བྱད་ཀྱི་བདག་རྐྱེན་ལས་མིག་ལ་གཟུགས་བརྙན་སྣང་བ་ལྟ་བུ། བདག་འཛིན་གྱི་དབང་གིས་འགྲོ་དྲུག་གི་གྲོང་ཁྱེར་རེས་མོས་སུ་སྣང་བ་སེམས་འཛིན་གྱི་སྣང་ཉམས་ཞིག་ཏུ་ནུབ་ཁའི་ཐང་སོགས་ཡུལ་ལ་དྲི་ཟའི་གྲོང་ཁྱེར་སྣང་བ་ལྟ་བུ། འདོད་ཡོན་གྱི་སྣང་བ་གདོད་ནས་མ་གྲུབ་པ་ལ་མཐོང་ཐོས་མྱོང་ཚོར་སྣ་ཚོགས་བདག་སྣང་གཞན་ལྟར་སྣང་བ་བྲག་ཆ་ལྟ་བུ། སྣང་བ་ཐམས་ཅད་གཞི་ལས་མི་གཞན་པ་གཞི་ཉིད་དུ་རོ་གཅིག་པ་རྒྱ་མཚོའི་ཆུ་ཟླ་རྒྱ་མཚོ་ལས་མི་གཞན་ཅིང་ཆུ་ཉིད་དུ་རོ་གཅིག་པ་ལྟ་བུ། གཞི་དབྱིངས་ལ་ང་རུ་འཛིན་པའི་དབང་གིས་བདག་གཞན་བདེན་གྲུབ་ཏུ་སྣང་བ་ཆུ་ལས་ལྦུ་བ་རྡོལ་བ་ལྟ་བུ། གཞི་དྭངས་གསལ་གྱི་ཆ་དེ་བདག་སྣང་ཡིད་ཤེས་སུ་བཅུན་ཏེ་བརྟན་པ་ལས་འཁྲུལ་སྣང་སྣ་ཚོགས་སུ་སྣང་བ། མིག་རྩ་གཅུར་བའམ་རྩ་ཁམས་རླུང་གིས་བསྒྱུར་བ་ལས་མིག་ཡོར་སྣང་བ་ལྟ་བུ། ངར་འཛིན་གྱི་ཤེས་པའི་ངོར་གཞི་ལས་སྣ་ཚོགས་སུ་སྣང་ཡང་གཞི་ལས་མ་གཡོས་ཤིང་མ་བྱུང་བ། སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་དབང་བསྒྱུར་བའི་སྐྱེས་བུ་ཏིང་འཛིན་དེ་ལ་ཞུགས་ཚེ་སྤྲུལ་པ་སྣ་ཚོགས་སྣང་ཡང་དོན་ལ་གཞི་རྩ་བྲལ་ཞིང་དངོས་གནས་སུ་མ་གྲུབ་པ་ལྟ་བུའོ། །སྨིག་རྒྱུ་མན་ཆད་དཔེ་རྣམས་ཀྱི་རྒྱུ་རྐྱེན་སོ་སོར་སྦྱར་ཚུལ་ཤེས་པར་འདོད་ན་གནས་ལུགས་རང་བྱུང་གི་རྒྱུད་དུ་བལྟ་བར་བྱའོ། །འདི་ནི་སྣང་བ་སྒྱུ་མར་སྦྱོང་བའི་གདམས་པ་ཟབ་མོ་ཡིན་ཏེ། ཨོ་རྒྱན་ཆེན་པོ་ཉིད་ཀྱིས་གདམས་པ་དེ་བསྟན་ནས་མཐར། ཀྱཻ་ཁྱེའུ་ཆུང་བསམ་དུ་མེད་པ་ཁྱོད་ཀྱིས་འདི་ལྟར་རིམ་བཞིན་དུ་བསྒོམ་དང་། སྣང་བ་སྒྱུ་མར་རྟོགས་པའི་སྒྱུ་མའི་རྣལ་འབྱོར་དུ་འགྱུར་རོ། །ཞེས་གསུངས་ནས་མི་སྣང་བར་ཡལ་བ་ལྟར་རོ། །གང་ཞིག་གང་མིང་གིས་ནི་བཏགས་པའི་དོན། །རྒྱུད་ཀྱིས་བསྡུས་དང་མ་བསྡུས་དངོས་རྣམས་ལས། །ཇི་ལྟ་ཇི་ལྟར་བཙལ་ཀྱང་རྙེད་མིན་སྟོང་། །སྣང་བ་རྟེན་འབྱུང་རྣམ་བཅུའི་དཔེ་ཡིས་མཚོན། །ཅེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བདེན་དངོས་ཀྱི་རྟག་བཞེན་བཤིག་པ་ལ་གསུམ། ཀུན་ཁྱབ་ཀྱི་སྟོང་དབྱིངས་ཆོས་བདུན་ལྡན་དུ་བསྟན་པ། དེའི་གནད་ཀྱིས་རྒྱུ་རྐྱེན་གྱིས་བསྒྱུར་དུ་ཡོད་པའི་ཆོས་རྣམས་འགྱུར་བ་མེད་པའི་བདེན་དངོས་ཀྱིས་སྟོང་ཚུལ། སྟོང་པར་ཤེས་དགོས་པའི་རྒྱུ་མཚན་དོགས་གཅོད་དང་བཅས་པའོ། །དེའི་དང་པོ་ཀུན་ཁྱབ་ཀྱི་སྟོང་དབྱིངས་ཆོས་བདུན་ལྡན་དུ་བསྟན་པ་ནི། །རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་ཞལ་དངོས་སུ་གཟིགས་ནས། རྡོ་རྗེ་རྟག་པའི་རྡོ་རྗེའོ། །དོན་འདི་ནམ་མཁའ་ཉིད་དུ་ལྟོས། །ཞེས་དང་། སླར་ཡང་དེའི་དོན་ཚུལ་བཞིན་བཀྲལ་ནས་གསུངས་པའི་གདམས་པ་སྟེ། དེ་ཡང་ཀུན་ཁྱབ་ཀྱི་གནས་ལུགས་གཞི་དབྱིངས་ནམ་མཁའ་སྟོང་པའི་རང་བཞིན་ཅན་དེ་ནི་སྣོད་བཅུད་ཐམས་ཅད་ཀྱི་འཆར་གཞི་ཡིན་ལ། སྣོད་བཅུད་ཐམས་ཅད་དེ་ལས་ངོ་བོ་གཞན་དུ་མ་གྲུབ་པ། དཔེར་ན་གཟུགས་བརྙན་འཆར་གཞི་མེ་ལོང་ཡིན་ལ། མེ་ལོང་ལས་གཟུགས་བརྙན་གཞན་དུ་མ་གྲུབ་པ་དང་། ཆུ་ཟླ་འཆར་གཞི་ཆུ་ཉིད་ཡིན་ལ། ཆུ་ལས་ཆུ་ཟླ་གཞན་དུ་མ་གྲུབ་པ་དང་། འཇའ་ཚོན་འཆར་གཞི་ནམ་མཁའ་ཡིན་ལ། ནམ་མཁའ་ལས་འཇའ་ཚོན་གཞན་དུ་མ་གྲུབ་པ་བཞིན་ནོ། །སྟོང་དབྱིངས་དེ་ནི་རྨ་མི་འབྱུང་བ་ཉིད་ཀྱི་ཕྱིར་མི་ཆོད་པ། གཞོམ་གཞིག་དང་བྲལ་བའི་ཕྱིར་མི་ཤིགས་པ། སྣང་སྲིད་ཀྱི་མཆེད་གཞིར་གནས་པའི་ཕྱིར་བདེན་པ། སྐྱོན་ཡོན་གྱིས་བསླད་མི་འཇུག་པའི་ཕྱིར་སྲ་བ། འཕོ་འགྱུར་དང་བྲལ་བའི་ཕྱིར་བརྟན་པ། རྡུལ་ཕྲ་རབ་ཡན་ཆད་ཀྱི་ཁོངས་སུ་མ་ཞུགས་པ་མེད་པའི་ཕྱིར་ཐམས་ཅད་དུ་ཐོགས་པ་མེད་པ། གཞན་གང་གི་གནོད་པས་མི་ཚུགས་པའི་ཕྱིར་ཐམས་ཅད་ལས་མ་ཕམ་པ་སྟེ་ཆོས་བདུན་དང་ལྡན་པ་སྟེ། དེ་ནས་སྣང་སྲིད་ཐམས་ཅད་སྟོང་དབྱིངས་དེའི་རང་བཞིན་ལས་མ་འདས་པས་ན་བདེན་དངོས་སུ་གྲུབ་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་དེའི་གནད་ཀྱིས་རྒྱུ་རྐྱེན་གྱིས་བསྒྱུར་དུ་ཡོད་པའི་ཆོས་རྣམས་འགྱུར་བ་མེད་པའི་བདེན་དངོས་ཀྱིས་སྟོང་ཚུལ་ལ་གསུམ། དེ་ལྟར་སྟོང་ཚུལ་དངོས་དང་། དེ་ལ་ངེས་པ་བསྐྱེད་ཕྱིར་རྨི་སྣང་དང་སྐྱེ་འཆིའི་འགྲོ་འོང་ལ་བརྟགས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དུ་བསྟན་པ། གྲུབ་དོན་སྣང་ཙམ་དུ་ཐག་ཆོད་ཀྱི་ས་འཛིན་པའོ། །དང་པོ་ནི། དེའི་ཕྱིར་ན་ཆོས་གང་ཡང་རུང་བ་འགའ་ཞིག་ལ་མཚོན་གྱི་རྨ་དབྱུང་བ་ལྟ་བུའི་གཞན་གྱིས་འགྱུར་བ་བསྐྱེད་དུ་རུང་བས་ཆོད་པ། རྐྱེན་གཞན་གྱིས་གཞོམ་ཞིང་འཇིགས་ནུས་པ། གཅིག་དང་དུ་མར་འགྱུར་བས་རྫུན་པ། གཞན་གྱིས་བསླད་འཇུག་པས་མི་སྲ་བ། གཡོ་འགུལ་དང་བཅས་བརྟན་གནས་མེད་པས་མི་བརྟན་པ། གང་ལ་ཐོགས་པ་དང་བཅས་པ། རྐྱེན་གཞན་གྱིས་སྟོང་པར་བྱེད་ནུས་པས་ཕམ་པ་སྟེ། དེ་དག་གིས་མཚོན་རྒྱུ་རྐྱེན་གཞན་ལ་ལྟོས་ཏེ་ངོ་བོ་འགྱུར་ཞིང་བཅོས་སུ་ཡོད་པ་དེ་དག་ནི་བདེན་པར་མེད་ཅིང་མ་གྲུབ་པའི་མཚན་ཉིད་ཅན་སྟོང་པའི་རང་བཞིན་ལས་མ་འདས་པའོ། །གཞན་ཡང་དངོས་པོ་རགས་པ་ལྟ་བུ་རྡུལ་དུ་ཕབ་པས་རྡུལ། རྡུལ་དེ་བདུན་ཆར་བཏང་བས་རྡུལ་ཕྲན་རྡུལ་ཕྲན་དེ་ཡང་བདུན་ཆར་བཏང་བས་ཆ་མེད་དུ་སྟོང་པ་ཡང་རང་བཞིན་གྱིས་མེད་ཅིང་མ་གྲུབ་པའི་རྒྱུ་མཚན་གྱིས་སོ། །སླར་བྱ་བྱེད་ཀྱིས་མེད་པར་བཏང་བ་ལས་དང་པོ་ནས་ཡོད་པ་དེ་ལྟར་མ་ཡིན་ནོ་སྙམ་ན། རྨི་ལམ་གྱི་སྣང་བ་སྣང་དུས་ཉིད་ནས་མ་གྲུབ་པ་ལ་མཐོང་རེག་གི་བྱ་བ་བྱས་མ་བྱས་ཀྱི་ཚུལ་དང་། མིག་འབྱེད་བཙུམ་དང་གོམ་པ་འདེག་འཇོག་ཙམ་གྱིས་སྣང་བ་མཆེད་འགགས་སུ་འགྱུར་བའི་ཚུལ་ལ་བསམ་ན་སྟོང་པའི་རང་བཞིན་ཅན་དུ་ཤེས་པར་འགྱུར་རོ། །འོན་ཏེ་སྔ་མ་འགགས་ཏེ་ཕྱི་མ་ཕྱིས་མཆེད་པ་མ་ཡིན་ཏེ། སྔ་མ་ནས་གཞན་དུ་འཕོ་ཚེ་ཡང་སྔ་ཕྱི་གཉིས་ཀ་བདེན་པར་གྲུབ་པའི་ཚུལ་གྱིས་ཡོད་དོ་སྙམ་ནའང་དེ་ལྟར་མ་ཡིན་པའི་ཚུལ་རྨི་ལམ་གྱི་སྣང་བའི་དཔེས་ཤེས་པར་བྱའོ། །འདི་ལྟར་གོམས་འདྲིས་ཡང་ཡང་བཏང་ནས་སྟོང་པར་ཐག་ཆོད་པ་ཞིག་མ་བྱས་ན་རྣམ་མཁྱེན་གྱི་ལམ་ལ་ཕྱོགས་ཙམ་ཡང་ཉེ་བར་མི་འགྱུར་རོ། །འདི་ཡང་རིག་འཛིན་ཆེན་པོ་ཉིད་ཀྱིས་བསྟན་པ་སྟེ་མཐར་ཁྱེའུ་ཆུང་ཤེས་རིག་གི་རྩེ་མོ་ཁྱོད་ཀྱིས་འདི་དོན་ལ་རབ་ཏུ་ལྟོས་ལ་སྣང་བ་ཐམས་ཅད་ནམ་མཁའ་ཉིད་དུ་རྟོགས་པའི་ནམ་མཁའ་གོ་འབྱེད་པའི་རྣལ་འབྱོར་པ་ཞིག་མཛོད་ཅིག། ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །གཉིས་པ་དེ་ལ་ངེས་པ་བསྐྱེད་ཕྱིར་རྨི་ལམ་དང་སྐྱེ་འཆིའི་འགྲོ་འོང་ལ་བརྟགས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དུ་བསྟན་པ་ནི། རྨི་ལམ་གྱི་སྣང་ངོར་ཀུན་མཁྱེན་དྲི་མེད་འོད་ཟེར་དང་མཇལ་ནས་དྲི་བ་དང་། ལན་གྱི་ཚུལ་དུ་ངོ་སྤྲོད་པ་སྟེ། དེ་ལྟར་གཏན་ལ་ཕབ་པས་སྣང་བ་རྣམས་སོ་སོར་རང་ཐད་ནས་སྟོང་པ་ལྟ་བུར་ཤེས་ཀྱང་སྤྱིར་ན་རྨི་སྣང་དང་འཆི་འཕོ་བའི་སྐབས་ལྟ་བུར། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན། ནང་གཡོ་བ་བཅུད་ཀྱི་སེམས་ཅན། བར་འདོད་ཡོན་ལྔ་ཡི་ཡུལ་སྣང་འདི་དག་ཤུལ་དུ་བོར་བའི་ཚུལ་གྱིས་གནས་རིགས་གཞན་དུ་འགྲོ་བ་དང་། སེམས་ཅན་རྣམས་རང་རང་གི་རྒྱུད་ཅན་དུ་བདེན་པར་ཡོད་དོ་སྙམ་ན། དེ་ལྟར་མ་ཡིན་ཏེ་དཔེར་ན་རྨི་སྣང་མཆེད་ཚེ་རང་ལ་སྣང་བའི་ཉིན་མོའི་ཡུལ་སྣང་མཐའ་དག་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་ཀུན་གཞི་སྟོང་ཧད་ཀྱི་ནམ་མཁར་ཐིམ་པ་དང་། མཐར་ལས་རླུང་གཡོས་པའི་ཆོ་འཕྲུལ་གྱིས་བདག་ལུས་སྣང་བ་ལས་རྨི་ལམ་གྱི་སྣོད་བཅུད་འདོད་ཡོན་ཐམས་ཅད་མཆེད་པ་ལ་མངོན་ཞེན་སྐྱེས་ནས་འཁྲུལ་པར་གྱུར་བ་ལས། སླར་སྣང་བ་དེ་དག་ཀྱང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཀུན་གཞི་སྟོང་ཧད་ཀྱི་ནམ་མཁར་ཐིམ་པ་ལས་སྔར་བཞིན་ཉིན་སྣང་མཆེད་པ་ཡིན་པས་སོ། །འོན་ཏེ། ད་ལྟའི་བདག་གི་ལུས་འདི་ནི་སྣང་ཙམ་མ་ཡིན་ཏེ། ངེས་པར་ཕ་མའི་རྒྱུ་རྐྱེན་ལས་བྱུང་བ་ཡིན་པས་སོ་སྙམ་ན། དེ་ལྟ་ན་ཕ་མའི་ཐོག་མཐའ་དང་བྱུང་གནས་འགྲོ་གསུམ་གང་ལ་སྨྲ་རྒྱུ་ཡོད་དགོས་པ་ལས། དེ་ཡང་མ་མཆིས་ཤིང་། དེ་ཡོད་ཀྱང་རང་གིས་མི་དྲན་པ་ཡིན། ཕ་མ་མེད་པའི་ལུས་ནི་མི་སྲིད་དོ་སྙམ་ན། རྨི་སྣང་དང་བར་སྲིད་ཀྱི་ལུས་དང་དམྱལ་བའི་ལུས་སོགས་ཀྱི་ཕ་མ་གང་ཡིན་ལ་ཞིབ་ཏུ་བརྟགས་ཤེས་ན་ལུས་ཞེས་བྱ་བ་སྣང་ཙམ་ལས་མ་གྲུབ་པར་ཐག་ཆོད་པར་འགྱུར་རོ། །ཡང་དག་གི་ལུས་མལ་སར་གོས་ཀྱིས་གཡོགས་ནས་མི་ཡུལ་དང་བཅས་པ་མི་འགྱུར་བར་གནས་ནས་རྨི་ལམ་གྱི་སྣང་བ་ཤར་བ་ཡིན་སྙམ་ན། དེ་ལྟ་ན་སྣོད་བཅུད་འདོད་ཡོན་ལྟར་སྣང་པའི་རྨི་སྣང་དེ་རྣམས་གང་དུ་མཆེད་པའི་ཡུལ་རང་གི་ལུས་ཀྱི་མགོ་དང་ཡན་ལག་སྟོད་སྨད་གང་རུང་ཞིག་ཡིན་དགོས་པ་ལ། བརྟགས་ཤིང་དཔྱད་ན་དེ་དག་གང་ཡང་ཡིན་པར་མི་རུང་བས། དེ་ལྟར་ཡང་མིན་པར་ཐག་ཆོད། ཡང་ཡུལ་གཞན་དུ་རྣམ་པར་ཤེས་པ་སོང་བས་རྨི་སྣང་ཤར། སླར་ལུས་ཀྱི་ནང་དུ་ཞུགས་ཚེ་ཉིན་སྣང་ཤར་བ་ཡིན་སྙམ་ན། དེ་ལྟར་ཡིན་ཚེ་ལུས་ཉིད་གནས་ཁང་ལྟ་བུར་འགྱུར་ལ། དེ་ལྟ་ན་རྣམ་ཤེས་དེ་གང་ནས་འབྱུང་འཇུག་བྱེད་པའི་གནས་ཁང་གི་སྒོ་ལྟ་བུ་ཞིག་འདི་ཡིན་ཞེས་སྟོན་རྒྱུ་ཡོད་དགོས་པ་ལ། དེ་ཡང་མེད་ཅིང་དེར་མ་ཟད་རྣམ་ཤེས་དེ་གནས་ས་ཡང་ངོས་འཛིན་དགོས་པ་ལ། སྟོད་དུ་གནས་ན་ནི་སྨད་དུ་ཚེར་མ་ཟུག་པ་ལས་ཟུག་རྔུ་ཅིའི་ཕྱིར་མྱོང་། སྨད་དུ་གནས་ནའང་དེ་ལྟར་ལ། གཞན་ཡང་དང་པོ་བུག་སྒོ་ནས་འབྱུང་འཇུག་བྱེད་པའི་རྣམ་ཤེས་ཕྲ་མོ་དེ་ཡང་འཕེལ་ཏེ་ལུས་ཀུན་ཁྱབ་པ་དང་། སླར་བུག་སྒོ་ཕྲ་མོ་རུ་ཆུད་ཙམ་དུ་མར་འགྲིབ་པའི་ཚུལ་དུ་ཆེ་ཆུང་བྱེད་པའང་མི་རིགས། གཞན་ཡང་དེ་ལྟ་ན་བེམ་རིག་བྲལ་ནས་ཤི་བའི་དུས་སུ་འང་རྣམ་ཤེས་དེ་སླད་ལུས་ལ་ཅི་ཕྱིར་མི་འཇུག། ཡུལ་གཞན་དུ་སོང་བའི་རྨི་སྣང་གི་ཡུལ་དེ་གནས་འདིའི་སྟེང་འོག་ཕྱོགས་མཚམས་གང་དུ་མཆིས། ཉིན་སྣང་གི་སྣོད་ཀྱི་འཇིག་རྟེན་དང་གཅིག་ཏུ་ཡོད་དམ། ཐ་དད་དུ་ཡོད། གཅིག་ཏུ་ཡོད་ན་གཉིད་ཀྱིས་མཚམས་བཅད་དམ་མ་བཅད། བཅད་ན་ནི་ཉིན་སྣང་མ་ཡིན་ལ། མ་བཅད་ན་ནི་རྨི་སྣང་མ་ཡིན། ཐ་དད་དུ་ཡོད་ན་སྣང་བ་དེ་གཉིས་སྟེང་འོག་གམ། ཡང་ན་ཕྱི་ནང་བྱས་ཏེ་གནས་པ་གང་རུང་ལས་འོས་མེད་པ་ལ། དེ་གང་ཡང་ཡིན་པར་མི་རུང་བ་ཡིན་ནོ། །གསུམ་པ་གྲུབ་དོན་སྣང་ཙམ་དུ་ཐག་ཆོད་ཀྱི་ས་འཛིན་པ་ནི། དེ་ལྟ་ན་ཐག་གང་ལ་གཅོད། ས་གང་གིས་འཛིན་ཅེ་ན། ཚེ་རབས་ཐོག་མཐའ་མེད་པའི་དུས་རྣམས་ཀུན་ཏུ་རང་བཞིན་གྱིས་སྐྱེ་མ་མྱོང་ཡང་སྐྱེ་སྣང་ཙམ་དུ་ཟད། འཆི་མ་མྱོང་ཡང་སྣང་བ་གནས་འགྱུར་ཙམ་ཡིན་པ་དཔེར་ན་རྨི་སྣང་དང་ཉིན་སྣང་ལྟ་བུར་ཟད། མིག་སོགས་དབང་པོ་སྒོ་ལྔའི་ཡུལ་གཟུགས་སོགས་མཐོང་ཐོས། ཚོར་མྱང་མྱོང་བ་ཐམས་ཅད་རང་སྣང་རང་ལ་ཤར་བ་ཙམ་ལས་གཞན་དུ་སྤུ་རྩེ་ཙམ་ཡང་ཡོད་མ་མྱོང་། གལ་ཏེ་གཟུགས་ལྟ་བུ་མངོན་སུམ་མིག་གིས་མཐོང་བ་དང་། དོན་ལག་པས་འཛིན་དུ་ཡོད་པ་དང་། དྲི་རོ་སོགས་དབང་པོའི་སྒོ་རུ་མྱོང་དུ་ཡོད་པས་ན་གཞན་རང་རྒྱུད་པར་ཡོད་དོ་སྙམ་ན། རྒྱུ་མཚན་དེ་ནི་མ་ངེས་ཏེ། རྨི་ལམ་གྱི་གཟུགས་སྒྲ་སོགས་ལ་ཡང་དེ་ལྟར་ཡོད་པར་སྣང་ཡང་གཞན་དུ་མ་གྲུབ་པ་སད་དུས་ཉིད་ནས་ཡུལ་མེད་ལ་ཡོད་མ་མྱོང་བ་དེས་སྟོན་ཏོ། །མདོར་ན་ཐོག་མ་མེད་པའི་དུས་ནས་གནས་འཕོ་ཞིང་འགྲོ་བ་དང་། དེ་ནས་ཡུལ་གཞན་དུ་སྡོད་པ་སོགས་ཀྱང་སྣང་ཙམ་ལས་མ་གྲུབ་པ་རྨི་ལམ་དང་མཚུངས་སོ། །རྨི་སྣང་དང་ཉིན་སྣང་གི་བདེ་སྡུག་མི་མཚུངས་པར་སེམས་ན། སྐྱེས་ནས་ད་ལྟའི་བར་གྱི་རྨི་སྣང་དང་ཉིན་སྣང་གི་བྱ་བྱེད་ལ་འབད་རྩོལ་འདོད་ཡོན་གྱི་སྣང་བ་སོགས་ཐམས་ཅད་དེ་དང་དེའི་དུས་སུ་བདེན་པར་སྣང་ལ། ད་ལྟ་དེ་དག་གང་ཡང་མ་མཆིས་པ་དང་། དོན་དང་བྱ་བ་གང་འགྲུབ་མཉམ་ལ། དེ་གཉིས་ལ་དུས་ཡུན་རིང་ཐུང་དང་། གྲངས་མང་ཉུང་མེད་པའི་ཚུལ་ལ་ཞིབ་ཏུ་བརྟགས་ན་མཚུངས་པར་ཐག་ཆོད་པར་འགྱུར་རོ། །དེར་མ་ཟད་རྨི་སྣང་མི་བདེན་པ་དང་། ཉིན་སྣང་བདེན་པ་ཡིན་ན། རྨི་སྣང་འཁྲུལ་པ་དང་ཉིན་སྣང་མ་འཁྲུལ་པར་འགྱུར་བས། རྨི་སྣང་དུ་སེམས་ཅན་དང་ཉིན་སྣང་དུ་སངས་རྒྱས་ཡིན་པར་འདོད་དགོས། གཉིས་ཀ་འཁྲུལ་སྣང་ཡིན་ན་ནི་བདེན་རྫུན་གྱི་ཁྱད་པར་ཡོད་དོན་མེད་དེ། མ་ཡིན་པ་ལ་ཡིན་པར་སྣང་ཞིང་བཟུང་བ་ལ་འཁྲུལ་སྣང་ཞེས་བརྗོད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་སྔོན་ཆད་རི་རབ་ཟས་སུ་བཟའ་ཞིང་རྒྱ་མཚོ་སྐོམ་དུ་བཏུང་རྒྱུ་བྱུང་ཡང་ད་ལྟ་འགྲངས་པ་མེད་པ་དང་། སྟོང་གསུམ་གོས་སུ་གྱོན་ཡང་དྲོ་བ་མེད་པ་ཡང་སྣང་ཙམ་ལས་མ་གྲུབ་པའི་བརྡར་ཤེས་པར་བྱའོ། །གསུམ་པ་སྟོང་པར་ཤེས་དགོས་པའི་རྒྱུ་མཚན་དོགས་གཅོད་དང་བཅས་པ་ལ་བཞི། དངོས་འཛིན་སྐྱེ་གཞིའི་གཙོ་བོ་ལུས་ལ་ཞེན་པའི་ཉེས་དམིགས་གནོད་བྱེད་ཀྱི་མིང་གི་རྣམ་གྲངས་ཀྱིས་བསྟན་པ། སྟོང་པར་གཏན་ལ་འབེབས་པ་ལ་ལོག་རྟོག་བསལ་བ། རྟོགས་བྱེད་ཤེས་རབ་ཀྱི་རྣམ་དབྱེ་བཤད་པ། ཇི་སྲིད་གཉིས་སྣང་གི་འཛིན་པ་མ་ནུབ་ཀྱི་བར་དུ་ཕན་གནོད་ཀྱི་སྣང་བ་འབྱུང་ཡང་དོན་ལ་མ་གྲུབ་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་དངོས་འཛིན་སྐྱེ་གཞིའི་གཙོ་བོ་ལུས་ལ་ཞེན་པའི་ཉེས་དམིགས་གནོད་བྱེད་ཀྱི་མིང་གི་རྣམ་གྲངས་ཀྱིས་བསྟན་པ་ནི། ལུས་སུ་སྣང་བ་འདི་སྟོང་པར་མ་ཤེས་ཤིང་དེ་ལ་བདེན་པར་ཞེན་པའི་སྐྱོན་ནི་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ལ་བརྟེན་ནས་ལུས་འདིའི་ཆེད་དུ་འབད་རྩོལ་གྱི་དབང་གིས་རྣམ་མཁྱེན་གྱི་འབྲས་བུ་ལ་ཟ་བས་ན་ཟ་འདྲེ་དང་། འཁོར་བ་ན་འཁོར་བར་ཁ་བརྒྱུད་དེ་སྐྱེ་འཆིའི་སྣང་བ་སྟོན་པས་ཤི་གཤེད། ལུས་ཀྱི་ཆེད་དུ་གོས་སོགས་བདེ་བ་དོན་དུ་གཉེར་ཞིང་ཆགས་སྡང་གི་ཞེན་པས་འཆིངས་ཏེ་ཐར་བའི་སྲོག་རྩ་གཅོད་པས་སྲོག་གཅོད། གཏན་དུ་བདེ་བའི་དབུགས་འཕྲོག་པའི་དབུགས་ལེན་ཀྱང་ཡིན་པའི་ཕྱིར་རོ། །དེས་མཚོན་ཚོགས་དྲུག་གི་ཡུལ་སྣང་ལ་ཞེན་པ་ཐམས་ཅད་ལ་རི་དྭགས་ཀྱིས་སྨིག་རྒྱུ་ཆུ་རུ་མཐོང་ནས་རྒྱུག་པ་ལྟ་བུ་ལས་སྙིང་པོ་རྡུལ་ཕྲན་ཙམ་ཡང་མ་གྲུབ་པས་ན་ཡུལ་སྣང་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོགས་པ་ལ་འབད་པར་བྱའོ། །གཉིས་པ་སྟོང་པར་གཏན་ལ་འབེབས་པ་ལ་ལོག་རྟོག་བསལ་བ་ནི། དེ་ལྟར་གཏན་ལ་ཕབ་ནས་སྟོང་པར་ཤེས་ཀྱང་སྔར་བཞིན་བདེན་པའི་ཚུལ་དུ་གནས་པ་ལས་མེད་དུ་ནི་མི་འགྲོ་བས་དེ་ལྟར་ཤེས་པ་ལ་དགོས་པ་ཅི་ཡོད་སྙམ་ན། བསྒོམ་བྱའི་རང་བཞིན་སྟོང་ཉིད་ཡིན་པར་མ་ཤེས་ན་སྒོམ་པ་ཐམས་ཅད་ལུང་མ་བསྟན་གྱི་ཕྱོགས་སུ་ངེས་པ་ཡིན་ལ། ལར་བསྐྱེད་སྒོམ་གཞན་ཐམས་ཅད་ཀྱིས་ཀྱང་གོ་ཙམ་རྟོགས་ཙམ་གྱིས་གྲོལ་བར་མི་འགྱུར་ན། སྟོང་པར་རྟོགས་ཙམ་གྱིས་རང་བཞིན་གྱིས་མེད་པའི་གནས་ལུགས་མངོན་དུ་གྱུར་དགོས་པའི་རྒྱུ་མཚན་ཅི་ཡོད། ཡང་གདོད་ནས་སྟོང་ན་སྟོང་པར་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་འདྲའོ་སྙམ་ན། རིག་དང་མ་རིག་ཤེས་དང་མ་ཤེས་གཉིས་ཀྱི་ཁྱད་པར་ལས་འཁོར་འདས་དང་གྲོལ་འཁྲུལ་འབྱུང་བ་ཡིན་པས་དེ་ལྟར་ཤེས་ཤིང་རིག་པ་ནི་གནད་དུ་ཆེའོ། །ད་ལྟ་འགའ་ཞིག་གིས་རང་སྟོབས་ཀྱིས་ཤེས་དགོས་པ་ཡིན་གྱི་བསླབ་སྦྱངས་ཀྱི་སྒོ་ནས་ཤེས་པས་ནི་གོ་མི་ཆོད་ཟེར་བའང་ཕྱིན་ཅི་ལོག་ཏུ་སྨྲ་བ་སྟེ། ཐོག་མ་མེད་པའི་དུས་ནས་རང་སྟོབས་ཀྱིས་མ་རྟོགས་ནས་འཁོར་བར་འཁྱམས་པ་ཡིན་ལ། བསླབ་ཅིང་སྦྱངས་པས་ནི་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པའི་ལྟ་བ་རྟོགས་པར་འགྱུར་བས་སོ། །གཞན་ཡང་བསླབ་སྦྱངས་སོགས་དཀའ་བ་ཆེན་པོ་སྤྱད་ནས་སྟོང་ཉིད་རྟོགས་ཀྱང་རུང་། དེ་ཅུང་ཟད་ཀྱང་མ་སྤྱད་པར་རྟོགས་ཀྱང་རུང་། དཔེར་ན་དཀའ་ཚེགས་ཆེན་པོའི་སྒོ་ནས་གསེར་རྙེད་པ་དང་། དེ་མ་ཡིན་པར་མལ་ས་ནས་རྙེད་ཀྱང་གསེར་ལ་ནི་བཟང་ངན་མེད་པ་དང་འདྲའོ། །གསུམ་པ་རྟོགས་བྱེད་ཤེས་རབ་ཀྱི་རྣམ་དབྱེ་བཤད་པ་ནི། སྣང་བ་ཐམས་ཅད་སྟོང་པར་གཏན་ལ་འབེབས་པའི་དཔྱོད་བྱེད་ཀྱི་ཤེས་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཅེས་བྱ་ལ། འཁོར་འདས་སྟོང་ཉིད་ཆེན་པོའི་རང་བཞིན་དུ་ངེས་པར་ཐག་ཆོད་པའི་རྗེས་ཤེས་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱ་སྟེ། ཤེས་རབ་དེ་གཉིས་རྒྱུད་ལ་སྐྱེད་དེ། དང་པོ་རྟོགས། བར་དུ་མྱོང་། ཐ་མ་གདིང་ཐོབ་པར་བྱ་བ་ནི་གནད་གདམས་པའོ། །བཞི་པ་ཇི་སྲིད་གཉིས་སྣང་གི་འཛིན་པ་མ་ནུབ་ཀྱི་བར་དུ་ཕན་གནོད་ཀྱི་སྣང་བ་འབྱུང་ཡང་དོན་ལ་མ་གྲུབ་པའི་ཚུལ་གྱིས་མཇུག་བསྡུ་བ་ནི། དེ་ལྟར་ལུས་ལ་སོགས་པ་སྣང་ཙམ་ལས་མ་གྲུབ་པར་འདོད་པ་ནི་མི་འཐད་དེ། སྟོང་པར་རྟོགས་ཀྱང་དེའི་ལུས་ལ་མེ་ཆུས་རེག་ཅིང་མདའ་མདུང་སོགས་ཀྱིས་བརྒྱབ་ནས་ཟུག་རྔུའི་གནོད་པ་འབྱུང་བས་སོ་ཞེ་ན་ཇི་སྲིད་ཆོས་ཉིད་ཟད་པའི་དབྱིངས་ལ་མ་སླེབ་ཀྱི་བར་དུ་གཉིས་སྣང་མི་ནུབ། དེ་མ་ནུབ་ཀྱི་བར་དུ་ཕན་གནོད་ཀྱི་སྣང་བ་རྒྱུན་མི་ཆད་པར་འབྱུང་ཡང་། དོན་དམ་པར་ནི་དམྱལ་བའི་མེ་ཡང་ཚིག་བྱེད་དུ་མ་གྲུབ་པས། སྣང་ངོས་ནས་སྣང་ཙམ་ལས་སྟོང་ངོས་ནས་ཅིར་ཡང་མ་གྲུབ་པའི་ཚུལ་ཤེས་པར་བྱའོ། །འདི་དག་ཀྱང་ཀུན་མཁྱེན་ཆེན་པོས་གསུངས་པའི་གདམས་པའོ། །ཀུན་ཁྱབ་གནས་ལུགས་ཀུན་ལ་རྗེས་འགྲོ་བས། །ལྟོས་འགྱུར་ཆོས་ལ་འགྱུར་མེད་བདེན་དངོས་མེད། །རང་བཞིན་མེད་མཉམ་སྣང་ཙམ་སྟོང་པ་རུ། །ཇི་བཞིན་རྟོགས་ཕྱིར་ཐོས་བསམ་ཤེས་རབ་བསྐྱེད། །ཅེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ཕན་གནོད་ཀྱི་མཚང་ལ་རྒོལ་བ་ལ་གསུམ། །གང་ལས་ཕན་གནོད་དུ་མཚན་འཛིན་གྱི་རྟོག་པ་འབྱུང་བའི་རྒྱུ་ངོས་བཟུང་བ། གང་ལ་ཕན་གནོད་དུ་སྣང་བའི་ཡུལ་གྱི་རང་བཞིན་ལ་བརྟགས་པ། དེ་ལྟར་རྟོགས་པའི་གདམས་པའི་ཆེ་བ་བསྟན་པའོ། །དང་པོ་གང་ལ་ཕན་གནོད་དུ་མཚན་འཛིན་གྱི་རྟོག་པ་འབྱུང་བའི་རྒྱུ་ངོས་བཟུང་བ་ནི། གདམས་པ་འདི་སྐོར་དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་ས་ར་ཧ་དང་མཇལ་ནས་གསུངས་པ་སྟེ། དགེ་སྡིག་སོགས་ལ་ཕན་གནོད་གཉིས་སུ་བདེན་པའི་མཚན་མར་འཛིན་པ་ཉིད་རྒྱུ་གང་ལས་བྱུང་ཞེ་ན། དེའི་རྒྱུ་ནི་སྒྲིབ་པ་སྟེ། སྐབས་འདིར་གཞི་སྟོང་ཉིད་ཀྱི་ངོ་བོ་མ་རིག་པ་དེ་ལ་སྒྲིབ་པ་དང་མ་རིག་པ་ཞེས་ཟེར་ལ། དེའི་ནུས་པ་རྒྱུད་ལ་བརྟན་པར་བྱས་པ་ལ་ནི་བག་ཆགས་ཞེས་བྱའོ། །དེ་དག་ནི་ལུས་ངག་གི་དགེ་སྦྱོར་ལ་འབད་པ་ལྟ་བུ་ཐབས་གཞན་གྱིས་སྦྱོང་བར་མི་ནུས་ལ། འདི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཉིད་གཏན་ལ་ཕབ་ན་སྒྲིབ་པ་དེ་ངང་གིས་དག་པར་འགྱུར་བས་དེའི་ཚུལ་ལ་ཐབས་དུ་མས་བརྩོན་པར་བྱའོ། །གཉིས་པ་གང་ལ་ཕན་གནོད་དུ་སྣང་བའི་ཡུལ་གྱི་རང་བཞིན་ལ་བརྟགས་པ་ལ་གཉིས། ཚེ་ཕྱི་མ་ཕན་ཆད་དུ་ཕན་གནོད་དུ་སྣང་བ་དགེ་སྡིག་གི་རང་བཞིན་ལ་བརྟགས་པ་དང་། ཚེ་འདིར་ཕན་གནོད་དུ་སྣང་བ་ལྷ་འདྲེའི་རང་བཞིན་ལ་བརྟགས་པའོ། །དེའི་དང་པོ་ལ་གཉིས། །ཇི་ལྟར་བརྟགས་ཚུལ་དངོས་དང་། དེ་ལྟར་བརྟགས་ཏེ་གཏན་ལ་འབེབས་དགོས་པའི་རྒྱུ་མཚན་ནོ། །དང་པོ་ཇི་ལྟར་བརྟགས་ཚུལ་ནི། ཕན་བྱེད་ལུས་ངག་གི་དགེ་བ་ཐམས་ཅད་གནས་གང་དུ་འདུག། བསགས་པའི་བང་མཛོད་གང་དུ་མཆིས་དང་། གཞན་ཡང་བྱུང་བའི་ཁུང་། གནས་པའི་ས། འགྲོ་བའི་ཡུལ་རྣམས་ཀྱི་རང་བཞིན་ལ་བརྟགས་ཤིང་། དེས་ཕན་གང་ལ་བཏགས། སེམས་འདིའི་ཕྱི་ནང་བར་གསུམ་མགོ་མཇུག་གང་ལ་ཕན་ཐོགས་པ་ཡོད་ཅེས་བརྟགས་ཤིང་དཔྱད་ན་སྟོང་པ་ཡུལ་མེད་དུ་འདུག་སྟེ། འཁོར་བ་རུ་བསོད་ནམས་བསགས་པར་སྣང་ཙམ་དུ་ཟད་དོ། །དེ་བཞིན་དུ་གནོད་བྱེད་ཀྱི་སྡིག་པ་ལའང་དཔྱད་ཅིང་། དེ་ཡང་གང་ལ་གནོད་པར་བྱས་སོགས་བརྟགས། །ཡང་དགེ་སྡིག་གཉིས་ཀས་ཕན་གནོད་ཅི་ཞིག་བྱས། །ད་ལྟ་རྟག་ཏུ་ལུས་ངག་དགེ་བ་ལ་སྦྱོར་བའི་སྐྱེས་བུ་དང་། ཚེ་གཅིག་ཏུ་སྡིག་ལ་སྤྱོད་པའི་སྐྱེས་བུ་གཉིས་ཀྱི་ཤེས་རྒྱུད་ཀྱི་སྟེང་དུ་ཡིན་ལུགས་ཀྱི་ངོས་ནས་བརྟགས་ཤིང་དཔྱད་ན། ཕན་གནོད་བྱས་པའི་ངོ་བོ་ནི་འདིའོ་ཞེས་སྟོན་དུ་མེད་པས་སྟོང་པ་རུ་ཐག་ཆོད་པར་བྱ། གཞན་ཡང་གང་ཟག་དེ་ཉིད་ཀྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། དགྲ་གཉེན་ལ་ཆགས་སྡང་། བཟང་ངན་ལ་རེ་དོགས་སོགས་ལ་ཁྱད་པར་མེད། གྲོལ་ནའང་ཤེས་རྒྱུད་གྲོལ་ཏེ་གྲོལ། འཁྲུལ་ནའང་ཤེས་རྒྱུད་འཁྲུལ་ཏེ་འཁྲུལ་དགོས་པ་ཡིན་ན། གཉིས་ཀ་ཤེས་རྒྱུད་མ་གྲོལ་ཞིང་འཁོར་བར་འཁྱམས་པ་ལ་ཁྱད་པར་མེད་ཅིང་། དེ་ལྟ་བུའི་དགེ་སྡིག་གཉིས་གནས་སྐབས་སུ་བདེ་སྡུག་སྐྱེད་པའི་ཁྱད་པར་ཙམ་ལས་འཁོར་བའི་བསྣོན་པ་ལས་མ་འདས་པས་ན། དེ་གཉིས་གང་གི་ངོས་ནའང་ཞེན་པར་བྱ་བའི་གཞི་ཞིག་གཏན་ནས་གྲུབ་པ་མེད་པའི་ཚུལ་ཤེས་པར་བྱའོ། །གཉིས་པ་དེ་ལྟར་བརྟགས་ཏེ་གཏན་ལ་འབེབས་དགོས་པའི་རྒྱུ་མཚན་ནི། འདི་ལྟར་དགེ་བ་སྟོང་པར་གཏན་ལ་མ་ཕབ་ན་རྣམ་པར་གྲོལ་བའི་ལམ་དང་། གནས་སྐབས་སུ་བསོད་ནམས་བསགས་པ་ཙམ་གྱི་དགེ་བ་གཉིས་ནོར་ནས་རྣམ་མཁྱེན་གྱི་འབྲས་བུ་མི་ཐོབ། སྡིག་པ་སྟོང་པར་གཏན་ལ་མ་ཕབ་ན་རང་ངོ་རང་གིས་མ་རིག་པ་ཉིད་སྒྲིབ་པ་དང་འཁྲུལ་གཞི་ཡིན་པར་མི་ཤེས་ནས་འཁྲུལ་པའི་རྒྱུ་ངོས་མི་ཟིན། དེས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ལས་འོས་མེད་པས་དེ་ལྟར་གཏན་ལ་དབབ་པ་གནད་དུ་ཤེས་པར་བྱའོ། །གཉིས་པ་ཚེ་འདིར་ཕན་གནོད་དུ་སྣང་བ་ལྷ་འདྲེའི་རང་བཞིན་ལ་བརྟགས་པ་ལ་གཉིས། ཇི་ལྟར་བརྟགས་ཚུལ་དངོས་དང་། ཕན་གནོད་དུ་སྣང་བ་ཉམས་ཀྱི་རྫུན་རིས་སུ་དཔེས་བསྟན་པའོ། །དང་པོ་ཇི་ལྟར་བརྟག་ཚུལ་དངོས་ནི། ཕན་སྐྱོབ་ཀྱི་ལྷ་ཞེས་བྱ་བ་དེ་བྱུང་གནས་འགྲོ་བའི་ཡུལ་གང་ཡིན། དབང་པོའི་ཡུལ་དུ་གྱུར་པའི་གཟུགས་སྒྲ་དྲི་རོ་རེག་བྱ་གང་གི་ངོ་བོར་གྲུབ། སྣོད་བཅུད་ཀྱི་འབྱུང་བའི་ཁམས་ཤིག་ཏུ་ཡོད་པར་སེམས་ན། རྡུལ་དང་རྡུལ་ཕྲན་ཆ་མེད་ཀྱི་ཁོང་ཚུན་ཆད་དུ་བརྟགས། འབྱུང་བ་རང་རང་གི་མིང་དང་དོན་གྱི་དངོས་པོའི་ཚུལ་ལའང་བསམ་སྟེ་དཔྱད། ལྷ་དེས་ཕན་ཇི་ལྟར་བཏགས། གནོད་བྱེད་ཀྱི་འདྲེ་ལའང་དེ་ལྟར་ཞིབ་ཏུ་བརྟགས་ནས་ལྷ་འདྲེ་གཉིས་ཀ་མིང་གིས་བཏགས་ཙམ་ལས་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ཤེས་པར་བྱའོ། །གཉིས་པ་ཕན་གནོད་དུ་སྣང་བ་ཉམས་ཀྱི་རྫུན་རིས་སུ་དཔེས་བསྟན་པ་ནི། དེ་ལྟར་ལྷ་འདྲེ་ལ་ཕན་གནོད་དུ་སྣང་བར་མ་ཟད་རང་ཅག་རྣམས་འཁྲུལ་པའི་དབང་གིས་ལུས་སྟོད་སྨད་ལའང་བཟང་ངན་དུ་ཁོག་སྟོད་གཙང་མར་སྣང་ནས་ལྷ་ལྟར་འཛིན། ཁོག་སྨད་རྩོག་པར་སྣང་ནས་འདྲེ་ལྟར་འཛིན་པའི་ཚུལ་གྱིས་རེ་དོགས་སྐབས་སྐབས་སུ་རྒྱུན་མ་ཆད་པར་འབྱུང་བ་དང་། གཞན་ཡང་བདག་འཛིན་གྱི་འཆིང་བ་དམ་པོའི་སྟོབས་ཀྱིས་བདེ་སྡུག་གི་ཉམས་ཅི་འབྱུང་བ་ཐམས་ཅད་འཁོར་བའི་སྣང་ཉམས་ཁོ་ན་ལས་གཞན་དུ་གྲུབ་པ་མེད་པར་རྨི་ལམ་ཉིད་ཀྱིས་སྟོན་ཏོ། །གསུམ་པ་དེ་ལྟར་རྟོགས་པའི་གདམས་ངག་གི་ཆེ་བ་བསྟན་པ་ནི། དེ་ལྟ་བུའི་ཚུལ་གྱིས་འདིའི་གནད་དོན་ཡིན་ལུགས་རྟོགས་ན་ཆོས་ཉིད་ཀྱི་དོན་ལ་ཡིད་ཆེས་ཤིང་ཐེ་མི་ཚོམ་པར་ལྟ་བའི་གདིང་ཐོབ་པ་དང་། སྒོམ་པ་ལ་ཡིད་མི་ཆེས་ཤིང་བློ་མི་གཏོད་པའི་གེགས་མཐའ་དག་སེལ་བས་ན་སྒོམ་པའི་གེགས་སེལ་དུ་འགྱུར་ལ། ཁྱད་པར་མ་རིག་པའི་སྒྲིབ་པ་དང་བྲལ་ནས་རིག་པའི་ཡོ་ལང་ཆེན་པོར་དབང་བསྒྱུར་ནས་འབྲས་བུ་མངོན་དུ་གྱུར་པ་དང་། རང་རིག་ལས་ལྷ་གཞན་དུ་མི་ཚོལ། རྣམ་རྟོག་ལས་འདྲེ་གཞན་ན་མེད་པར་ཐག་ཆོད་པར་འགྱུར་བས་ཞི་བྱེད་བདུད་གཅོད་ཟབ་མོའི་རྩ་བར་གྱུར་བས་ན་བརྟུལ་ཞུགས་ཀྱི་སྤྱོད་པའི་བོགས་འདོན་ཡང་ཡིན་ལ། དེ་ནི་ལྷ་བསྒྲུབ་པ་དང་འདྲེ་གདོན་ལ་གཏོ་ཡས་གཏོང་བ་གང་ལའང་མེད་ཐབས་མེད་ལ། དེ་ལྟར་ཤེས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་སྒྱུ་མའི་རྣལ་འབྱོར་ཆེན་པོར་ངེས་པར་འགྱུར་རོ། །དེས་ནས་གདམས་པ་དེའི་དོན་རང་གིས་ཉམས་སུ་བླངས་ཤིང་གཞན་ལ་སྟོན་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བར་གྲུབ་དབང་ཆེན་པོ་དེ་ཉིད་ཀྱིས། །ཀྱཻ་སེམས་མེད་རིག་པའི་ཁྱེའུ་ཆུང་ཁྱོད་ཀྱིས་འདི་གདུལ་བྱ་རྣམས་ལ་སྟོན་དང་། ངེས་གསང་ཐེག་པ་ཆེན་པོའི་རྣལ་འབྱོར་པ་ཤ་སྟག་འབྱུང་སྲིད་དོ། །ཞེས་གསུངས་ནས་མི་སྣང་བར་གྱུར་བ་ལྟར་རོ། །ཕན་གནོད་མཚན་འཛིན་མ་རིག་བག་ཆགས་ལས། །བྱུང་ཕྱིར་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ཕན་དང་གནོད་པའི་བདེན་པར་ཞེན་པ་ཡི། །མཚང་ལ་རྒོལ་བ་ཁྱད་འཕགས་གདམས་པ་ལགས། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་རེ་དོགས་ཀྱི་རྫུན་ཕུག་བརྡིབ་པ་ལ་གསུམ། རེ་ཡུལ་སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ། དོགས་ཡུལ་སེམས་ཅན་གྱི་གནས་རིགས་བདེ་སྡུག་དང་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ། རེ་དོགས་ཀྱི་ཡུལ་རང་བཞིན་མེད་པར་རྟོགས་པའི་བསྔགས་པ་མིང་གི་ཆེ་བརྗོད་ཀྱིས་བསྟན་པའོ། །དང་པོ་ལ་གསུམ། སངས་རྒྱས་ཞིང་ཁམས་དང་བཅས་པ་ལ་མཐར་འཛིན་གྱི་ཞེན་པ་དགག་པ། དེ་ལ་སྒོ་ལྔ་ཡུལ་དང་བཅས་པའི་ཚུལ་གྱིས་བདེན་པའི་སྒྲོ་འདོགས་བཟློག་པ། རང་ལུགས་ངེས་དོན་གྱི་སངས་རྒྱས་ངོས་བཟུང་བའོ། །དང་པོ་སངས་རྒྱས་ཞིང་ཁམས་དང་བཅས་པ་ལ་མཐར་འཛིན་གྱི་ཞེན་པ་དགག་པ་ནི། གདམས་པ་འདི་དག་འོད་གསལ་དག་པའི་སྣང་ངོར་དཔལ་ཆེན་ལག་ན་རྡོ་རྗེ་དང་མཇལ་ཚེ་གསུངས་པ་སྟེ། །སངས་རྒྱས་ཞེས་བྱ་བ་གཞི་རང་ཐོག་ནས་སངས་རྒྱས་པའི་ཚུལ་དུ་སྣང་བ་ལས། ད་ལྟ་རང་རེས་བཟུང་བ་ལྟར་ཡུལ་གཞན་དུ་བདེན་པའི་དངོས་མཚན་དུ་གྲུབ་པའི་གང་ཟག་རང་རྒྱུད་པ་ཞིག་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཞེས་ཡུལ་ཡངས་པ་ཆེན་པོ་ཞིག་ན་མི་རྗེ་གཟུགས་བཟང་བ་མཐོང་ན་མི་མཐུན་པ་མེད་པ་ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཞིག་གི་རྣམ་པ་བདེན་པར་ཡོད་པར་སེམས་ན། དེའི་ཕ་དང་མ་གང་ལགས། མ་ལས་སྐྱེས་ན་ནི་སྐྱེ་བའི་མཐའ་ཅན། གནས་ན་གནས་པའི་མཐའ་ཅན། འགག་ན་སྣང་མེད་ཆད་པའི་མཐའ་ཅན་ཏེ། འདི་དག་ནི་དོན་གྱི་གནད་ཞིབ་པར་ནི་ཞལ་ལས་ཤེས་དགོས་སོ། །རེ་ཞིག་གོ་སླ་བར་བཤད་ན་སྐྱེ་འགགས་གནས་གསུམ་ཚུགས་ཐུབ་བདེན་གྲུབ་ཀྱི་རྣམ་པར་ཡོད་ཕན་ཆད་མཐའ་གཉིས་དང་བྲལ་བའི་གནས་ལུགས་ཤིག་ཡོད་ཐབས་མེད་དེ། ཇི་ལྟར་སྣང་བ་འདི་དག་སྐྱེ་འགགས་ལྟར་སྣང་བ་ནི་བཏགས་པ་ཁོ་ནར་ཟད་དོ། །ཡང་དག་པ་རྣམ་བྱང་གི་ཕྱོགས་སུ་ཡང་བདེན་པར་བཟུང་ན་རང་གིས་རང་ཉིད་བཅིང་པར་འགྱུར་གྱི། འཁོར་འདས་ཀྱི་ཆོས་ཉིད་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་ན་སྲིད་ཞི་མཉམ་ཉིད་ཀྱི་གནས་ལུགས་ཟེར་བའང་ཁ་ཙམ་དུ་བས་ཤིང་། མང་པོ་ཞིག་མྱང་འདས་རང་མཚན་པར་ཞེན་ནས་རེ་དོགས་ཀྱི་གཟེབ་ཏུ་འཇུག་མོད། དག་པའི་ཞིང་དུ་ལོངས་སྤྱོད་རྣམ་པ་གྲངས་མང་ལ། བཀོད་པ་རྒྱ་ཆེ་བས་ཁྱད་པར་དུ་བྱས་ནས་དངོས་པོ་རང་མཚན་དུ་འཛིན་ན་དེ་ཡང་ཆོས་ཀྱི་བདག་འཛིན་དུ་འདུག་གོ། གཉིས་པ་སྒོ་ལྔ་ཡུལ་དང་བཅས་པའི་ཚུལ་གྱིས་བདེན་པའི་སྒྲོ་འདོགས་བཟློག་པ་ནི་དེ་བཞིན་གཤེགས་པ་ཐེར་ཟུག་དང་བདེན་གྲུབ་ཏུ་བལྟ་བ་དེ་མིང་ཇི་ལྟར་བཏགས་ཀྱང་དོན་ལ་གང་ཟག་གི་བདག་ཏུ་ལྟ་བ་ལས་མ་འདས། སངས་རྒྱས་ལ་མིག་ཡོད་པར་སེམས་ན། དེ་ལྟ་ན་མིག་གི་རྣམ་པར་ཤེས་པ་ཡང་ཡོད། མིག་གི་རྣམ་པར་ཤེས་པ་གྲུབ་ཙམ་ནས་གཟུགས་སུ་སྣང་བ་མི་མཆེད་པའི་ཐབས་མེད་པ་ཡིན་ན། དེ་ལ་ནི་མིག་གི་གཟུང་བ་ཡུལ་ཞེས་བྱ་ལ། དེ་ལྟར་གྲུབ་ཕྱིན་ཆད་གཟུགས་ཉེར་ལེན་གྱི་སེམས་རྟོག་ཕྲ་མོ་ཞིག་ཀྱང་མི་འབྱུང་བའི་ཐབས་མེད། དེ་ནི་མིག་གི་འཛིན་པ་སེམས་ཏེ། གཟུང་འཛིན་གཉིས་སུ་རྟོག་པ་ལ་སེམས་ཞེས་བྱ་སྟེ། སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བྱའོ། །དེ་བཞིན་དུ་རྣ་བ་ཡོད་པར་སེམས་ན། དེའི་རྣམ་པར་ཤེས་པ་སྒྲ་དང་བཅས་པ་དང་། སྣ་ཡོད་པར་སེམས་ན་སྣའི་རྣམ་པར་ཤེས་པ་དྲི་དང་བཅས་པ་དང་། ལྕེ་ཡོད་པར་སེམས་ན་ལྕེའི་རྣམ་པར་ཤེས་པ་རོ་དང་བཅས་པ་དང་། ལུས་ཡོད་པར་སེམས་ན་ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་དང་བཅས་པ་དེ་དག་ཐམས་ཅད་དེ་རྣམས་ཀྱི་གཟུང་ཡུལ་ཡིན་ཏེ། དེ་དག་ཉེར་ལེན་གྱི་རྟོག་ཚོགས་རྣམས་ནི་དེ་དག་གི་འཛིན་པ་སེམས་ཏེ། སྔ་མ་བཞིན་དེ་དག་གང་ལ་ཡོད་པ་ལ་ནི་སེམས་ཅན་ཞེས་བྱའོ། །དེས་ན་དེ་དག་དང་ལྡན་པའི་ཚུལ་གྱིས་སངས་རྒྱས་སུ་མངོན་པར་ཞེན་པར་མི་བྱའོ། །གསུམ་པ་རང་ལུགས་ངེས་དོན་གྱི་སངས་རྒྱས་ངོས་བཟུང་བ་ནི། སངས་རྒྱས་ནི་གཟུང་འཛིན་གྱི་ཚུལ་ལས་འདས་པ་ཡིན་གྱི། དེ་ལྟར་མ་ཡིན་པའི་སངས་རྒྱས་ཞིག་ཡོད་ན། དེའི་ཡོན་ཏན་སེམས་ཅན་ལ་འཇུག་ནའང་ཕལ་གྱི་མི་དང་མི་ལྟ་བུ་ལས་མ་འདས་ཤིང་། སངས་རྒྱས་ཀྱི་གཞན་ལ་ཆོས་སྟོན་ཏོ་སྙམ་དུ་མངོན་པར་ཞེན་ན། དེ་ལྟ་ན་སྟོན་པ་པོ་བདག་དང་། བསྟན་བྱའི་ཆོས་དང་། སྟོན་ཡུལ་སེམས་ཅན་དུ་སྣང་ཞིང་འཛིན་པ་ཡོད་དགོས་ན་སེམས་ཅན་ཡིན་ལ། ཡུལ་ཁམས་བདེ་བ། གཟུགས་མཛེས་པ། མཛའ་གྲོགས་ལེགས་པ། ལོངས་སྤྱོད་དང་བདེ་སྐྱིད་ཆེ་བ། ཁྲོ་བ་དང་ཆགས་པ་མེད་པ་རྣམས་ཁྱད་ཆོས་ཡིན་པའི་ཚུལ་དུ་མངོན་པར་ཞེན་ན། དེ་ཡང་གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པ་ཡིན་ནོ། །ངེས་པའི་དོན་དུ་ན། རང་གི་གཞི་ཀུན་ཏུ་བཟང་པོ་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་ཞེས་བྱ་བ་ཡིན་ནོ། །དོན་དམ་པར་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་དང་། ཆོས་སྟོན་མ་མྱོང་བ་ནི་རྒྱུད་ལུང་མན་ངག་མང་པོར་གདུལ་བྱ་རང་སྣང་གི་སྟོན་པ་རང་ལ་ཤར་བ་ཡིན་པའི་ཚུལ་གསལ་བར་གསུངས་པས་ཀྱང་ཤེས་སོ། །གཉིས་པ་དོགས་ཡུལ་སེམས་ཅན་གྱི་གནས་རིགས་བདེ་སྡུག་དང་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ་ལ་གཉིས། དེ་དག་ལ་བདེན་ཞེན་དགག་པ་དངོས་དང་། གོ་དོན་ཅུང་ཟད་བཤད་པས་ཁ་བསྐང་བའོ། །དང་པོ་བདེན་ཞེན་དགག་པ་དངོས་ནི། འཁོར་བའི་གནས་རིགས་གཞན་བདེན་པར་ཡོད་ཅིང་གྲུབ་ལ། སེམས་ཅན་མང་པོ་དེ་རུ་སོང་ཞིང་ཁ་བརྒྱུད་ནས་བདེ་སྡུག་མྱོང་བའོ་སྙམ་དུ་མངོན་པར་ཞེན་པ་ནི་མི་རིགས་ཏེ། སྔ་མའི་ལུས་རྟེན་ཤུལ་དུ་བོར་བར་སྣང་བ་དེ་ལྟར་བདེན་ན། བར་སྲིད་ཀྱི་ལུས་དེ་གང་ནས་ལོན། དེང་སང་གི་སེམས་ཅན་རྣམས་ལུས་ལ་རྨ་བྱུང་བ་དང་རྐང་ལག་ཚིག་པ་ཙམ་དང་། དགུན་ཉིན་ཞག་རེ་ཙམ་གྱི་གྲང་ལྷག་གིས་འཆི་བར་འགྱུར་ན། དམྱལ་བ་ཚ་གྲང་མྱོང་བྱེད་ཀྱི་ལུས་གྲུབ་ནས་བཙོ་བསྲེག་སོགས་ཡུན་རིང་བྱས་པས་མི་འཆི་བ་ཅིའི་ཕྱིར་ཡིན། དེ་བཞིན་དུ་དེང་སང་ཟླ་ཤས་ཞག་ཤས་ཙམ་དུ་མུ་གེ་བྱུང་བས་འཆི་ན། ཡི་དྭགས་ཀྱི་སེམས་ཅན་བསྐལ་པར་མུ་གེས་ཅིས་མི་འཆི། དེས་ན་འགྲོ་བ་རིགས་དྲུག་གི་སེམས་ཅན་བར་སྲིད་དང་བཅས་པ་ཐམས་ཅད་རྨི་ལམ་གྱི་སྣང་བ་མཆེད་པ་ལྟ་བུ་སྣང་ཙམ་ལས་མ་གྲུབ་པ་ལ་བདེན་ཞེན་སྐྱེས་པས་འཁྲུལ་པ་ཡིན་ནོ། །གཉིས་པ་གོ་དོན་ཅུང་ཟད་བཤད་པས་ཁ་བསྐང་བ་ནི། དེ་དག་གི་འགག་བསྡུ་ན། དགུན་ཟླའི་གྲང་ངར་ལྟ་བུ་འཆི་རྐྱེན་དུ་རང་ངོས་ནས་གྲུབ་ན་གྲང་དམྱལ་ཚེ་རིང་པོར་སྡོད་པ་འགལ་ཡང་། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་མིང་བརྡས་བཞག་པ་ཙམ་ཞིག་ཡིན་ན་མི་འགལ་བ་ལྟ་བུའི་དོན་དུ་ཤེས་པར་བྱ་ཡི། མིང་དང་བརྡས་བཞག་པའི་ཐ་སྙད་ལ་ཡང་གནོད་སྐྱེལ་བ་ནི་མིན་ཏེ། ཞིབ་ཏུ་རྒྱུ་མཚན་སྔ་མ་རྣམས་ཀྱིས་འགྲོ་ལུགས་ལ་བརྟགས་པས་ཤེས་སོ། །གཉིས་པ་རེ་དོགས་ཀྱི་ཡུལ་རང་བཞིན་མེད་པར་རྟོགས་པའི་བསྔགས་པ་མིང་གི་ཆེ་བརྗོད་ཀྱིས་བསྟན་པ་ནི། དེ་ལྟར་དོགས་ཡུལ་འཁྲུལ་སྣང་བདེན་མེད་སྟོང་པ་ཡུལ་མེད་དུ་རྟོགས་ན་འཁོར་བ་དོང་ནས་སྤྲུགས་པ་དང་། སངས་རྒྱས་རང་གཞི་ལས་མེད་པར་ཐག་ཆོད་དེ་རང་གདིང་ཐོབ་པར་བྱས་ན་སངས་རྒྱས་དུ་མ་རང་གྲོལ་ཞེས་བྱ་བའི་མིང་དོན་གྱིས་ཐོབ་པ་ཡིན་ནོ། །རེ་དང་དོགས་པ་བྱིས་བློ་འཁྲུལ་པ་སྟེ། །དེ་ཡི་རྫུན་ཕུག་སྟོང་པའི་ངང་དུ་བརྡིབ། གཉིས་འཛིན་རྟོག་པས་ཇི་ལྟར་སྒྲོ་བཏགས་ཀྱང་། །རང་གཞི་ཀུན་བཟང་དོན་གྱི་བདེ་གཤེགས་ཡིན། །ཞེས་དང་། ཡང་། གདགས་པའི་གཞི་མེད་རང་རང་ངོ་བོས་སྟོང་། །གཞན་གྱིས་བསྒྱུར་རུང་བཅོས་མ་བདེན་པ་མིན། །བླང་དོར་བདེན་མེད་སྲིད་ཞི་མཉམ་ཉིད་དུ། །ཤེས་ན་ཆོས་ཀྱི་བདག་མེད་རྟོགས་པ་ལགས། །ཞེས་བྱ་བའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟ་བུའི་གདམས་པ་བསྟན་པའི་མཐར། ཀྱཻ་ནམ་མཁའི་དབང་ཕྱུག་ཀུན་ཁྱབ་རྡོ་རྗེ། ཁྱོད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅང་མེད་སྟོང་པ་རུ་གཏན་ལ་ཕབ་ནས་མེད་པའི་རང་བཞིན་རྟོགས་པར་གྱིས་ཤིག། ཅེས་གསུངས་ནས་གསང་བའི་བདག་པོ་ཉིད་མི་སྣང་བར་ཡལ་བར་གྱུར་ཏོ། །གང་ཟག་ཉིད་དུ་རྣམ་པར་བཏགས་པ་དང་། །དེ་ལས་གཞན་པའི་ཆོས་རྣམས་ཇི་སྙེད་པ། །བརྟགས་ཤིང་དཔྱད་ན་ཡོངས་སུ་མ་གྲུབ་སྟེ། །མཁའ་བཞིན་དག་པ་མེད་པའི་གནས་ལུགས་ཡིན། །ཞེས་ཀྱང་དོན་བསྡུའི་ཚིགས་བཅད་དོ། །གཉིས་པ་ཆོས་ཐམས་ཅད་གཞི་དབྱིངས་གཅིག་པུའི་རང་བཞིན་ཅན་དུ་བསྟན་པ་ལ་གསུམ། གཞི་དབྱིངས་གཅིག་པུའི་རང་བཞིན་དུ་འགག་བསྡམ་པ། གཅིག་པུ་ལས་གྲོལ་འཁྲུལ་གྱི་རྣམ་པ་གཉིས་སུ་སྣང་ཚུལ། གནད་ཀྱི་འགག་དོན་བཤད་པས་མཇུག་བསྡུ་བའོ། །དང་པོ་གཞི་དབྱིངས་གཅིག་པུའི་རང་བཞིན་དུ་འགག་བསྡམ་པ་ནི། ཆེ་མཆོག་རྡོ་རྗེ་ཁྲོ་ལོད་འཁོར་འདས་སྟོང་ཉིད་ཀྱི་རོལ་པར་སྟོན་པའི་ཧཱུྃ་གླུ་གྱེར་བ་ཞིག་ཞལ་མཇལ་ནས་གསུངས་པའི་གདམས་པ་སྟེ། དེ་ལྟར་གཏན་ལ་ཕབ་པས་སྟོང་པ་མེད་པའི་ཡིན་ལུགས་ཙམ་ཤེས་ཀྱང་། འཁོར་འདས་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པ་རུ་ཐག་ཆོད་པའི་ཚུལ་དུ་གདིང་ཐོབ་པའི་བློ་བསྐྱེད་མ་བྱུང་ནས་སྟོང་པ་ཕན་མེད་གནོད་མེད་ལྟར་འདུག་ན་ནི། འཁོར་འདས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགག་བསྡམ། སྟོང་པ་ཉིད་ངོ་བོ་ཉིད་དུ་འགག་བསྡམ། ངོ་བོ་ཉིད་གཞི་རུ་འགག་བསྡམ་པའི་ཚུལ་གྱིས་འཁོར་འདས་གཞིའི་རོལ་པ་རུ་འགག་བསྡམ། འཁོར་འདས་སྤྱི་ཆིངས་གཞི་ཉིད་དུ་འགག་བསྡམ་དགོས་པ་ཡིན་ཏེ། འདི་ལྟར་རྒྱ་མཚོའི་གཟའ་སྐར་རྒྱ་མཚོ། སྣོད་བཅུད་ནམ་མཁའ། འཁོར་འདས་ཆོས་ཉིད་རྣམས་ཀྱི་རོལ་པ་དང་། ཆིངས་པ་དང་། ཆོས་ཉིད་ཁྱབ་ཅིང་བརྡལ་པ་དག་དཔེ་དང་དཔེ་ཅན་ཡིན་པའི་ཚུལ་ཤེས་ན་འཁོར་འདས་འུབ་ཆུབ་ཀྱི་རྣལ་འབྱོར་པ་རུ་འགྱུར་རོ། །དེ་ནས་ཡི་དམ་ཉིད་མི་སྣང་བར་གྱུར་ཏོ། །གཉིས་པ་གཅིག་པུ་ལས་གྲོལ་འཁྲུལ་གྱི་རྣམ་པ་གཉིས་སུ་སྣང་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། གདམས་པ་འདི་སྐོར་རྨི་ལམ་དག་པའི་སྣང་ངོར་ཆོས་སྐུའི་སྟོན་པ་རྡོ་རྗེ་འཆང་དང་ཞལ་མཇལ་ནས་གསུངས་པ་སྟེ། ཐར་པ་དང་རྣམ་མཁྱེན་གྱི་ལམ་དུ་ཇི་ལྟར་གྲོལ་བ་དང་། མ་དག་པ་འཁོར་བའི་ལམ་དུ་ཇི་ལྟར་འཁྲུལ་པ་ཡིན་སྙམ་ན། སངས་རྒྱས་དང་སེམས་ཅན་གཉིས་ཀ་རིག་པ་དང་མ་རིག་པ་གཉིས་ཀྱི་ཁྱད་པར་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གྲོལ་བ་མྱང་འདས་ཀྱི་ཕྱོགས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་ཚུལ། འཁྲུལ་སྣང་འཁོར་བའི་རོལ་པ་གློ་བུར་དུ་མཆེད་ཚུལ་ལོ། །དང་པོ་ལ་བཞི། གཞི་ལ་སྐུ་བཞི་ཡེ་ཤེས་ལྔ་རང་ཆས་སུ་རྫོགས་ཚུལ། ལམ་ལ་སྐུ་བཞི་ཡེ་ཤེས་ལྔ་རང་བབས་སུ་འཆར་ཚུལ། དེ་འདྲ་ཡིན་ལུགས་མ་རྟོགས་པའི་ཤེས་པ་བཟོ་མེད་ལམ་བྱེད་གོལ་སར་བཤད་པ། རྟོགས་མ་རྟོགས་ཀྱི་རྣམ་དབྱེ་ཤེས་ཕྱིར་ཤེས་རབ་དང་། སེམས་སེམས་བྱུང་ངོས་བཟུང་བའོ། །དང་པོ་གཞི་ལ་སྐུ་བཞི་ཡེ་ཤེས་ལྔ་རང་ཆས་སུ་རྫོགས་ཚུལ་ནི། གཞི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་དེ། ངོ་བོ་སྟོང་པའི་ཆ་ནས་ཆོས་སྐུ། རང་བཞིན་གསལ་བའི་ཆ་ནས་ལོངས་སྐུ། ཐུགས་རྗེ་རང་གྲོལ་བའི་ཆ་ནས་སྤྲུལ་སྐུ། འཁོར་འདས་ཀུན་ལ་ཁྱབ་ཅིང་བརྡལ་བའི་ཆ་ནས་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་དང་། ཆོས་ཐམས་ཅད་ཀྱི་གོ་འབྱེད་པའི་ཆ་ནས་ཆོས་དབྱིངས། དྭངས་གསལ་རྙོགས་པ་དང་བྲལ་བའི་ཆ་ནས་མེ་ལོང་། འཁོར་འདས་དག་མཉམ་དུ་རོལ་པའི་ཆ་ནས་མཉམ་ཉིད། མཁྱེན་གཟིགས་ཡེ་ཤེས་ཀྱི་གོ་མ་འགག་པའི་ཆ་ནས་སོར་རྟོག། དག་གྲོལ་གྱི་བྱ་བ་གྲུབ་པའི་ཆ་ནས་བྱ་གྲུབ་སྟེ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་གྲུབ་པས་སོ། །གཉིས་པ་ལམ་ལ་སྐུ་བཞི་ཡེ་ཤེས་ལྔ་རང་བབས་སུ་འཆར་ཚུལ་ནི། དེ་ལྟར་རང་བྱུང་གི་སངས་རྒྱས་སུ་གྲོལ་བའི་ལམ་རིག་པ་ཡང་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་མངོན་དུ་བྱེད་པ་སྟེ། རིག་པའི་ངོ་བོ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཡུལ་མེད་ཟང་ཐལ་ཆེན་པོ་གཞི་མེད་རྩ་བྲལ་གྱི་རོལ་པ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཅན་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆ་ནས་ཆོས་སྐུ། རང་བཞིན་རང་གསལ་གྱི་ཆ་ནས་ལོངས་སྐུ། ཡེ་ཤེས་ཀྱི་གསལ་སྒོ་མ་འགགས་པའི་ཆ་ནས་སྤྲུལ་སྐུ། འཁོར་འདས་སྤྱི་གཞི་ལྟ་བུར་གྱུར་པའི་ཆ་ནས་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་དང་། གཞི་གཏན་ལ་ཕབ་ནས་འཁོར་འདས་ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་དུ་རྟོགས་པའི་ཆ་ནས་ཆོས་དབྱིངས་ཡེ་ཤེས། སྟོང་པ་བེམ་སྟོང་དུ་མ་སོང་བར་དྭངས་གསལ་རྙོགས་བྲལ་ཅིར་ཡང་འཆར་དུ་རུང་བ་མེ་ལོང་གཡའ་བྲལ་ལྟ་བུའི་ཆ་ནས་མེ་ལོང་ཡེ་ཤེས། འཁོར་འདས་སྟོང་ཉིད་ཆེན་པོ་དག་མཉམ་དུ་ཡོད་པའི་ངང་ཚུལ་ཤེས་པའི་ཆ་ནས་མཉམ་ཉིད་ཡེ་ཤེས། རིག་རྩལ་སོ་སོར་རྟོག་པའི་གསལ་སྒོ་མ་འགགས་པའི་ཆ་ནས་སོར་རྟོག་ཡེ་ཤེས། རིག་པ་ལ་རང་དབང་བསྒྱུར་བ་ལས་དག་གྲོལ་གཉིས་ལྡན་གྱི་བྱ་བ་རང་གྲུབ་པའི་ཆ་ནས་བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་རོལ་པ་ཅན་ནོ། །གསུམ་པ་དེ་འདྲའི་ཡིན་ལུགས་མ་རྟོགས་པའི་ཤེས་པ་བཟོ་མེད་ལམ་བྱེད་གོལ་སར་བསྟན་པ་ནི། དེ་ལྟར་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་སེམས་རིག་གི་དབྱེ་བ་ཕྱེས་པའི་ཤེས་པ་བཟོ་མེད་ལམ་དུ་བྱེད་པ་མང་ཡང་། དེ་རྣམས་ནི་ཕྱི་སྣང་བ་ལ་ལུང་མ་བསྟན་དངོས་པོ་མཚན་མ་ཅན་དུ་བཟུང་། ནང་རང་ལུས་ལ་ལུང་མ་བསྟན་རྟག་པ་དངོས་འཛིན་གྱི་ཞེན་པས་དམ་དུ་འཁྱུད། དེ་གཉིས་ཀྱི་བར་ལྟ་བུར་ཤེས་པ་གསལ་རིག་གོ་མ་འགགས་པ་ཙམ་ལ་བརྟན་པ་ཐོབ་ཀྱང་། ཁམས་གོང་མ་གཉིས་སུ་འཕེན་བྱེད་ཀྱི་དགེ་བར་འགྱུར་སྲིད་པ་ཙམ་ལས་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་རྒྱུར་ནི་མི་འགྲོ་བས་སྐྱོན་དང་བཅས་པ་ཡིན་ནོ། །བཞི་པ་རྟོགས་མ་རྟོགས་ཀྱི་རྣམ་དབྱེ་ཤེས་ཕྱིར་ཤེས་རབ་དང་སེམས་སེམས་བྱུང་ངོས་བཟུང་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངང་དུ་རོ་གཅིག་ཅིང་དག་མཉམ་དུ་གནས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཇི་ལྟ་བ་ཤེས་པའི་ཤེས་རབ་དང་། དེ་ལྟར་རིག་པའི་ངོ་བོ་ངང་དུ་གནས་ཀྱང་ཀུན་ཤེས་ཀུན་རིག་གི་ཤེས་པ་གོ་མ་འགགས་པར་རང་བྱུང་བ་ནི་ཇི་སྙེད་པ་ཤེས་པའི་ཤེས་རབ་སྟེ། དེ་དེ་ལྟར་གོ་མ་འགགས་ཀྱང་ཡུལ་ལ་མི་འཇུག་པ་ནི་དཔེར་ན་དངུལ་ཆུའི་ཐིག་པ་ས་ལ་ལྷུང་པ་ལྟ་བུའོ། །སེམས་ནི་འཁོར་འདས་རང་རྒྱུད་པར་བལྟ་ཞིང་སྣང་བ་ལ་དངོས་པོར་འཛིན་པ་གཞིའི་གནས་ལུགས་མ་ཤེས་ཤིང་མ་རིག་པའོ། །དེ་ལས་སེམས་བྱུང་གི་རྟོག་པ་སྐྱེ་འགག་ཅན་ཡུལ་དང་འདྲེས་པར་བྱུང་བ་ནི། དཔེར་ན་ས་སྐམ་དུ་ཆུ་ཐིག་བབས་པ་ལྟ་བུར་ཤེས་པར་བྱའོ། །གཉིས་པ་འཁྲུལ་སྣང་འཁོར་བའི་རོལ་པ་གློ་བུར་དུ་མཆེད་ཚུལ་ལ་གསུམ། ཕྱི་འབྱུང་ལྔའི་སྣང་བ་མཆེད་ཚུལ། ནང་ཚོགས་བརྒྱད་ཡུལ་སྣང་དང་བཅས་པ་མཆེད་ཚུལ། དེའི་དོན་སྣང་བ་སེམས་སུ་སྟོན་པ་མ་ཡིན་པར་རྒྱུ་རྐྱེན་རྟེན་འབྲེལ་ལས་སྣང་ཚུལ་ཙམ་ཡིན་པར་བཤད་པས་གནད་བསྡུ་བའོ། །དང་པོ་ཕྱི་འབྱུང་ལྔའི་སྣང་བ་མཆེད་ཚུལ་ནི། གཞི་ལ་རང་དབང་བསྒྱུར་བ་དག་པ་གཞིའི་སངས་རྒྱས་ཀྱི་རང་ཞལ་མ་རིག་པས་བསྒྲིབ་པ་ལས། གཞིའི་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ནང་མདངས་སུ་ནུབ་སྟེ། ཕྱི་གདངས་ཕྱི་རུ་འཕོས་ཏེ་འོད་ལྔའི་རྣམ་པས་འབྱུང་ལྔའི་ཚུལ་དུ་མཆེད་ཚུལ་ནི། ཆོས་དབྱིངས་ཡེ་ཤེས་མ་རིག་པས་བསྒྲིབས་པས་ཕྱི་གདངས་འོད་མཐིང་དུ་སྣང་བ་ལ་ནི། ནང་འབྱུང་དང་ནམ་མཁའི་དྭངས་མ་འབྱུང་ཆེན་ཞེས་བྱ་ལ། འོད་ལ་བདེན་པའི་དངོས་འཛིན་སྐྱེས་པས་ནམ་མཁར་སྣང་སྟེ་དེ་ལ་ནི་ཕྱི་འབྱུང་དང་འབྱུང་ཆུང་ངམ་འབྱུང་ཕྲན་སྙིགས་མའི་སྣང་བ་ཞེས་བྱའོ། །དེ་བཞིན་དུ་མེ་ལོང་ཡེ་ཤེས་ནང་མདངས་སུ་ནུབ་པས་ཕྱི་མདངས་འོད་དཀར་པོའི་ཁ་དོག་ཏུ་སྣང་བ་ཆུའི་དྭངས་མ་དང་འབྱུང་ཆེན་ནང་འབྱུང་དང་། དེ་ལས་ཆུ་རུ་སྣང་བ་འབྱུང་ཆུང་སྙིགས་མ་ཕྱི་འབྱུང་། མཉམ་ཉིད་ཡེ་ཤེས་ནང་མདངས་སུ་ནུབ་པས་ཕྱི་གདངས་འོད་སེར་པོའི་ཁ་དོག་ཏུ་སྣང་བ་ས་ཡི་དྭངས་མ་དང་འབྱུང་ཆེན་ནང་འབྱུང་། དེ་ལས་ས་རུ་སྣང་བ་འབྱུང་ཆུང་སྙིགས་མ་ཕྱི་འབྱུང་སོར་རྟོག་ཡེ་ཤེས་ནང་མདངས་སུ་ནུབ་པས་ཕྱི་གདངས་འོད་དམར་པོའི་ཁ་དོག་ཏུ་སྣང་བ་མེའི་དྭངས་མ་དང་འབྱུང་ཆེན་ནང་འབྱུང་། དེ་ལས་མེ་རུ་སྣང་བ་འབྱུང་ཆུང་སྙིགས་མ་ཕྱི་འབྱུང་། བྱ་གྲུབ་ཡེ་ཤེས་ནང་མདངས་སུ་ནུབ་པས་ཕྱི་གདངས་འོད་ལྗང་ཁུའི་ཁ་དོག་ཏུ་སྣང་བ་རླུང་གི་དྭངས་མ་དང་འབྱུང་ཆེན་ནང་འབྱུང་དང་། དེ་དངོས་པོར་བརྟག་སྟེ་བདེན་པར་བཟུང་བས་རླུང་དུ་སྣང་བ་འབྱུང་ཆུང་སྙིགས་མ་ཕྱི་འབྱུང་སྟེ། དེ་ལྟར་འོད་གདངས་དེ་དག་ནང་ན་གནས་པའི་རྐྱེན་ལས་ཁ་དོག་སྣ་ཚོགས་དང་འབྱུང་བ་ལྔ་ཡི་སྣང་བ་རྒྱུན་མི་ཆད་པར་སྣང་བ་ཡིན་ནོ། །གཉིས་པ་ནང་ཚོགས་བརྒྱད་ཡུལ་སྣང་དང་བཅས་པ་མཆེད་ཚུལ་ནི། འཁྲུལ་པའི་གཞི་ལྔ་དེ་དག་གི་རྩལ་དུ་ཤར་བ་ནི་འདི་ལྟ་སྟེ། གཞི་མ་རིག་པས་བསྒྲིབ་པ་ལས་ཀུན་གཞི་མཚན་ཉིད་པ་ཅིའང་མི་སེམས་ཤིང་མི་སྣང་བ་བེམ་སྟོང་ནམ་མཁའ་འདྲ་བ། དཔེར་ན་གཉིད་འཐུག་པོ་དང་བརྒྱལ་བའི་གནས་སྐབས་ལྟ་བུ་སྟེ། དེའི་ངང་དུ་འབྱམས་ཀླས་པ་ནི་གཏི་མུག་གི་ངོ་བོའམ་བདག་ཉིད་ཅན་ཏེ། མ་རིག་པའི་ཡོ་ལང་ཆེན་པོའོ། །དེ་ལས་བསྐལ་པ་ལས་ཀྱི་རླུང་འགུལ་བ་ནི་ཕྲག་དོག་གི་ངོ་བོ་ཡིན། དེའི་བྱེད་ལས་ཀྱིས་སྟོང་པ་ལས་གསལ་ཆ་བཏོན་པ་ནི་ཀུན་གཞིའི་རྣམ་ཤེས་ཏེ་ཞེ་སྡང་གི་ངོ་བོར་གནས། དེ་ལས་བདག་སྣང་ཙམ་ལ་ངར་འཛིན་སྐྱེས་པ་ཉོན་ཡིད་དེ་ང་རྒྱལ་གྱི་ངོ་བོར་གནས། དེ་ལས་ཡིད་ལངས་ཏེ་གཞི་བེམ་སྟོང་ལ་སྣང་བ་མཆེད་རུང་གི་ནུས་པ་བཞག་ཅིང་གསལ་ཆ་ཐོན་པ་འདོད་ཆགས་ཀྱི་ངོ་བོ་རུ་གནས་པ་ཡིན་ནོ། །དེ་དག་ཀྱང་ནང་མདངས་ལས་ངོ་བོ་ལྔ་ཕྱི་རྩལ་དུ་ཤར་བ་ཡིན་ལ། དུག་ལྔའི་ངོ་བོ་མེ་ལྟ་བུ་ལས་ཉོན་མོངས་པའི་རྟོག་ཚོགས་མེ་སྟག་མཆེད་པ་ལྟ་བུ་འབྱུང་ངོ་། །དེ་ལྟར་ཀུན་གཞི་དང་ཡིད་མཉམ་པར་བརྡལ་བའི་སྟོང་གསལ་གྱི་ཆ་ལ་གཟུགས་སོགས་སྣང་བ་མཆེད་པའི་ཡུལ་གོ་མ་འགགས་པར་ཡོད་པ་ལས། ལས་རླུང་གཡོ་བའི་རྐྱེན་དང་རྒྱུ་གཞི་འཆར་རུང་གི་ནུས་པ་ཅན་གཉིས་ཀ་རྒྱུ་རྐྱེན་དུས་འཛོམ་པ་ལས། གཞི་ལ་རྟེན་ཅིང་གཞི་རང་ལས་མི་གཞན་པར་འབྲེལ་བའི་ཚུལ་གྱིས་གཟུགས་སུ་སྣང་བ་སྣ་ཚོགས་མཆེད་དེ། དེ་ལྟར་གཟུགས་སྣང་མཆེད་པའི་ཡུལ་གང་ཡིན་པ་དེ་ལ་མིག་གི་རྣམ་པར་ཤེས་པ་ཞེས་ཐ་སྙད་ཙམ་དུ་བརྗོད་པ་སྟེ། དཔེར་ན་སྣང་ཡུལ་རྒྱ་མཚོ་ལྟ་བུ་ལ་ཡུལ་དང་། གཟུགས་སྣང་གཟའ་སྐར་ལྟ་བུ་ལ་གཟུང་བ་ཞེས་བརྗོད་པའོ། །དེ་ལས་འཛིན་པ་ཡིད་ཀྱི་རྣམ་ཤེས་ཕྲ་མོས་གཟུགས་དེ་ལ་མིང་བཏགས། དོན་དུ་བཟུང་། དངོས་པོར་བལྟ་བའི་ཚུལ་གྱིས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ཤར་བ་ལ་ནི་མིག་གི་འཛིན་པ་སེམས་ཞེས་བརྗོད་དོ། །དེ་བཞིན་དུ་སྒྲ་མཆེད་པའི་ཡུལ་གོ་མ་འགགས་པ་ལ་ཡུལ་དང་། སྒྲ་རུ་སྣང་བ་མཆེད་པ་ལ་གཟུང་བ་དང་། ཉེར་ལེན་ཡིད་ཤེས་ལ་འཛིན་པ་སེམས་ཞེས་བྱ་སྟེ། དེ་ཡང་གོང་ལྟར་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལོ། །དེ་ལྟ་བུའི་ཚུལ་གྱིས་དྲི་རུ་སྣང་བ་མཆེད་པ་ལ་སྣའི་རྣམ་པར་ཤེས་པ་དང་། རོ་རུ་སྣང་བ་མཆེད་པ་ལ་ལྕེའི་རྣམ་པར་ཤེས་པ་དང་། རེག་བྱའི་སྣང་བ་མཆེད་པ་ལ་ལུས་ཀྱི་རྣམ་པར་ཤེས་པ་ཞེས་ཐ་སྙད་དུ་བརྗོད་པ་ཙམ་ལས་བུག་སྒོ་ཐ་དད་པར་སྣང་བ་ནི་མ་ཡིན་པ་རྨི་ལམ་དང་བར་སྲིད་ཀྱི་སྣང་བས་སྟོན་ཏོ། །གསུམ་པ་དེའི་དོན་སྣང་བ་སེམས་སུ་སྟོན་པ་མ་ཡིན་པར་རྒྱུ་རྐྱེན་རྟེན་འབྲེལ་ལས་སྣང་ཚུལ་ཙམ་ཡིན་པར་བཤད་པས་གནད་བསྡུ་བ་ནི། དེ་ལྟར་ནང་མདངས་ལས་ཕྱི་མདངས་མཆེད་ཚུལ་གསུངས་པ་དེ་དག་སྣང་བ་སེམས་སུ་སྟོན་པ་ལྟ་བུ་མ་ཡིན་པར་ནང་གི་རྒྱུ་རྐྱེན་ཙམ་ལས་ཕྱི་རོལ་གྱི་སྣང་བ་རྣམས་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་འབྱུང་བར་བསྟན་པ་སྟེ། དཔེར་ན་རྒྱ་མཚོ་ཟླ་བ་སོགས་གཟའ་སྐར་གྱི་གཟུགས་བརྙན་སྣང་བ་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་ཡིན་པ་བཞིན་ནོ། །དེ་ལས་གཞན་དུ་འགའ་ཞིག་གིས་སྣང་བ་སེམས་སུ་འདོད་ཅིང་། ཕྱི་རོལ་གྱི་ཡུལ་སྣང་འདི་དག་རྣམ་རྟོག་དང་རང་སེམས་དངོས་ཡིན་ནོ་སྙམ་དུ་སེམས་ཀྱང་། དེ་ལྟར་མ་ཡིན་ཏེ། སྣང་བ་རྣམས་ནི་སྣང་ཙམ་ཉིད་ནས་གནས་འགྱུར་ཏེ་སྐད་ཅིག་སྔ་ཕྱིའི་རིམ་པས་འགགས་ཏེ་འགྲོ་བ་ལ་སེམས་ནི་དེ་དང་དེའི་ངོ་བོར་འཕོས་ཏེ་རང་ཉིད་སེམས་མེད་དུ་མ་སོང་བ་དེས་སྟོན་ཏོ། །དེས་ན་དེ་ལྟར་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་ཚོགས་བརྒྱད་ཀྱི་སྣང་བ་ལུགས་སུ་འབྱུང་བས་འཁོར་བའི་ཕྱོགས་ཡོངས་སུ་མཆེད་ལ། བྱེ་བྲག་གནས་སྐབས་སུ་ཀུན་གཞིའི་རྣམ་ཤེས་ཀྱི་བར་ལུགས་སུ་ལྡོག་པའི་ཚུལ་ལས་སྲིད་པའི་རྩེ་རུ་དུབ་པ་ཡིན་ནོ། །གསུམ་པ་གནད་ཀྱི་འགག་དོན་བཤད་པས་མཇུག་བསྡུ་བ་སྟེ། དེ་ལྟར་སྣང་སྲིད་འཁོར་འདས་ཐམས་ཅད་གཞི་རང་ལས་མི་གཞན་པར་གཞི་ཉིད་དུ་རོ་གཅིག་པ། དཔེར་ན་རྒྱ་མཚོར་གཟའ་དང་རྒྱུ་སྐར་གྱི་གཟུགས་བརྙན་སྣ་ཚོགས་སྣང་ཡང་དོན་ལ་ཆུ་ཉིད་དུ་རོ་གཅིག་པ་ལྟ་བུར་ཤེས་པར་བྱ་སྟེ། འདི་ནི་སྣང་བ་ཐམས་ཅད་རང་སྣང་དུ་སྟོན་པ་རྡོ་རྗེ་འཆང་གི་མན་ངག་ཁྱད་པར་ཅན་ཡིན་ནོ། །དེ་ནས་སྟོན་པ་ཉིད་ཀྱང་མི་སྣང་བར་འགྱུར་ཏོ། །དུ་མར་སྣང་བ་དག་དང་མ་དག་པའི། །གྲོལ་འཁྲུལ་རོལ་པ་སྒྱུ་མ་ལྟར་འཆར་ཡང་། །གཞི་དབྱིངས་ངོ་བོ་ཉིད་ཀྱི་རང་བཞིན་ལས། །འདས་པ་མེད་དེ་གཅིག་པུའི་བདག་ཉིད་ཡིན། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ཕྱལ་བ་མཉམ་པ་ཉིད་སྤྲོས་པའི་སྐྱོན་གྱིས་མ་གོས་པར་བསྟན་པ་ལ་གཉིས། སྣང་ཕྱོགས་ནས་སྣང་ཙམ་སྒྱུ་མ་ལྟ་བུར་ཕྱལ་བར་བསྟན་པ་དང་། །སྟོང་ཕྱོགས་ནས་རང་བཞིན་བདེན་མེད་དུ་ཕྱལ་བ་བསྟན་པའོ། །དང་པོ་སྣང་ཕྱོགས་ནས་སྣང་ཙམ་སྒྱུ་མ་ལྟ་བུར་ཕྱལ་བར་བསྟན་པ་ནི། གདམས་པ་འདི་སྐོར་རིག་འཛིན་ཆེན་པོ་ཧཱུྃ་ཆེན་ཀ་ར་དང་ཞལ་མཇལ་བའི་ཚེ་གནང་བ་སྟེ། དེ་ཡང་སྣང་བའི་བཀོད་པ་འདི་དག་ཇི་ལྟ་བུ་ཡིན་སྙམ་ན། མ་དག་པའི་སྣང་བ་མཚོན་ན་སྒྱུ་མ་ལྟ་བུར་སྣང་བའི་ཚུལ། སྒོ་ལྔའི་རྣམ་ཤེས་ནམ་མཁའི་དབྱིངས་ལྟ་བུ་ཅི་ཡང་མཆེད་དུ་རུང་བ་དང་། རྣམ་པར་རྟོག་པ་སྒྱུ་མའི་རྫས་སྔགས་ལྟ་བུ་གཉིས་དུས་འཛོམ་པ་ལས། སྣང་བའི་བཀོད་པ་སྒྱུ་འཕྲུལ་ལྟ་བུར་འབྱུང་བ་ཡིན་ལ། ཉེར་ལེན་གྱི་ཤེས་པ་ནི་ལྟད་མོ་མཁན་ལྟ་བུའོ། །དག་པའི་སྣང་བ་གདུལ་བྱ་འདུལ་བྱེད་ཀྱི་རྣམ་པར་སྣང་བ་དག་ཀྱང་། སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས། སྤྲུལ་པ་ལྟ་བུའི་སེམས་ཅན་ལ། གྲོང་ཁྱེར་ལྟ་བུའི་སྣང་ཡུལ་བཀོད་དེ། རྨི་ལམ་ལྟ་བུའི་དམིགས་བསྒྱུར་གྱིས་བསྒྲལ་འདྲེན་སོགས་བྱེད་པའི་སྒྱུ་མའི་རྣལ་འབྱོར་ཆེན་པོར་དབང་བསྒྱུར་བ་ལྟ་བུར་རྟོགས་པར་བྱའོ། །དེ་ལྟར་སྒྱུ་མ་ལྟ་བུའི་དོན་ངེས་པར་བྱས་ནས་སྒྱུ་མའི་རྣལ་འབྱོར་དེའི་འཇུག་སྒོར་ད་ལྟ་རང་རེས་མཆོད་སྦྱིན་སོགས་ཀྱི་དམིགས་པ་རྣམས་ཀྱི་ཚེ་ནའང་མཆོད་རྫས་སམ་སྦྱིན་པའི་རྫས་ཐམས་ཅད་སྒྱུ་མའི་རྫས་ལྟ་བུ་དང་། སྦྱངས་སྔགས་ཀྱིས་སྟོང་ཉིད་དུ་སྦྱངས་ནས། སྤེལ་སྔགས་ཀྱིས་མཆོད་སྦྱིན་གྱི་ཡུལ་གང་ཡིན་པ་དེའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གང་འདོད་ཀྱི་འདོད་ཡོན་གྱི་སྣང་བ་དཔག་ཏུ་མེད་པ་མཆེད་པར་བྱས་ཏེ། མཉེས་པར་བྱས་པའི་ཚུལ་ལ་བསླབ་པར་བྱའོ། །གཉིས་པ་སྟོང་ཕྱོགས་ནས་རང་བཞིན་བདེན་མེད་དུ་ཕྱལ་བར་བསྟན་པ་ལ་གཉིས། ཆོས་ཉིད་གཅིག་གིས་ཆིངས་པའི་ཚུལ་གྱིས་མདོར་བསྟན་པ། ཇི་ལྟར་ཕྱལ་བའི་རྣམ་གྲངས་གསལ་བར་བསྟན་པས་རྒྱས་པར་བཤད་པའོ། །དང་པོ་ཆོས་ཉིད་གཅིག་གིས་ཆིངས་པའི་ཚུལ་གྱིས་མདོར་བསྟན་པ་ནི། དཔེར་ན་ཆུ་ནང་དུ་ཤར་བའི་གཟའ་སྐར་གྱི་གཟུགས་བརྙན་ཇི་ལྟར་མང་ཡང་ཆུ་ཉིད་ཀྱིས་ཆིངས་པ་དང་། སྣོད་བཅུད་ཀྱི་རྣམ་པ་ཇི་ལྟར་མང་ཡང་ནམ་མཁའ་གཅིག་གིས་ཆིངས་པ་ལྟར། འཁོར་འདས་ཀྱི་སྣང་བ་ཇི་ལྟར་རྒྱ་ཆེ་ལ་གྲངས་མང་ཡང་སེམས་ཉིད་གཅིག་གིས་ཆིངས་པའི་ཚུལ་གྱིས་མཉམ་པ་ཉིད་དུ་རྟོགས་པར་བྱའོ། །གཉིས་པ་ཇི་ལྟར་ཕྱལ་བའི་རྣམ་གྲངས་གསལ་བར་བསྟན་པས་རྒྱས་པར་བཤད་པ་ལ་གསུམ། ཕན་གནོད་མཚན་མ་ལས་འདས་པའི་ངོ་བོར་ཕྱལ་བར་བསྟན་པ། མཐའ་བརྒྱད་སྤྲོས་བྲལ་གྱི་རང་བཞིན་དུ་ཕྱལ་བར་བསྟན་པ། རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་ཕྱལ་བར་བསྟན་པའོ། །དང་པོ་ཕན་གནོད་མཚན་མ་ལས་འདས་ངོ་བོར་ཕྱལ་བར་བསྟན་པ་ནི། རང་བཞིན་གྱི་གནས་ལུགས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ནི། དཔེར་ན་སངས་རྒྱས་ནམ་མཁའ་གང་བ་ཞིག་ཡོད་སྲིད་ནའང་དེའི་ཡེ་ཤེས་ཡོན་ཏན་གྱིས་ཕན་བཏགས་པའི་ཡུལ་དུ་དོན་དམ་པར་མ་གྲུབ་པ་དང་། དེ་བཞིན་དུ་སེམས་ཅན་རང་རྒྱུད་པ་ནམ་མཁའི་མཐའ་དང་མཉམ་པ་ཙམ་ཡོད་སྲིད་ནའང་དེའི་སྐྱོན་གྱིས་གནོད་པ་བྱ་བའི་ཡུལ་དུ་མ་གྲུབ་པས་ན་ཡོངས་སུ་ཕྱལ་བའོ། །གཉིས་པ་མཐའ་བརྒྱད་སྤྲོས་བྲལ་གྱི་རང་བཞིན་དུ་ཕྱལ་བར་བསྟན་པ་ནི། གཞིའི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་དེ། སྐྱེས་པའི་གནས་ཡུལ་བདག་པོ་ཐམས་ཅད་དང་བྲལ་བས་སྐྱེ་བའི་མཐའ་རུ་མ་ལྷུང་བ་དང་། འགག་པའི་དུས་དང་བདག་པོ་ལས་འདས་པས་འགག་པའི་མཐའ་དང་བྲལ་བ་དང་། ཡོད་པ་དངོས་པོའི་ཕྱོགས་སུ་ལྷུང་བ་ཞིག་རྒྱལ་བའི་སྤྱན་གྱིས་ཀྱང་མི་གཟིགས་པས་ན་རྟག་པའི་མཐའ་དང་བྲལ་བ་དང་། མེད་པ་ཅང་མེད་དུ་མ་སོང་བར་འཁོར་འདས་ཀྱི་སྤྱི་གཞིར་གྱུར་པས་ན་ཆད་པའི་མཐའ་དང་བྲལ་བ་དང་། འགྲོ་བའི་གནས་ཡུལ་སོགས་ལས་འདས་པས་འགྲོ་བའི་མཐའ་དང་བྲལ་བ་དང་། འོང་བའི་གནས་ཡུལ་སོགས་ལས་འདས་པས་འོང་བའི་མཐའ་དང་བྲལ་བ་དང་། རང་གི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་ཤར་བའི་ཕྱིར་ན་དོན་གཅིག་པའི་མཐའ་དང་བྲལ་བ་དང་། འཁོར་འདས་ཀྱི་རྣམ་པ་ཇི་ལྟར་ཤར་ཡང་གཞི་བདེ་གཤེགས་སྙིང་པོ་ཉིད་དུ་རོ་གཅིག་པའི་ཕྱིར་ན་ཐ་དད་པའི་མཐའ་དང་བྲལ་བ་སྟེ། །སྤྲོས་པའི་མཐའ་བརྒྱད་པོ་གང་དུའང་མ་ལྷུང་བའི་ཕྱིར་ན་ཕྱལ་བའོ། །གསུམ་པ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་ཕྱལ་བར་བསྟན་པ་ནི། གཞིའི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་དེ་ནི་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ། སྤྱིར་ན་སྟེང་འོག་ཕྱོགས་མཚམས་བར་དང་དུས་ཀྱི་མཚན་མ་ལས་འདས་པའི་རང་བཞིན་ཅན་གྱི་སྟོང་པ་དང་། ཡོངས་ལ་ཁྱབ་ཅིང་ཡོངས་སུ་བརྡལ་བའི་བདག་ཉིད་ཅན་གྱི་སྟོང་པ་དང་། བྱེ་བྲག་ཏུ་ཕྱི་སྣང་བ་ཐམས་ཅད་ལ་དངོས་མཚན་བདེན་གྲུབ་མ་མཆིས་པས་ཕྱི་སྟོང་པ་ཉིད། ནང་རང་སེམས་གཞི་རྩ་ཐམས་ཅད་ལས་འདས་པས་ནང་སྟོང་པ་ཉིད་དང་། བར་གཟུང་འཛིན་གཉིས་སུ་མེད་པའི་བརྡལ་ཁྱབ་ཆེན་པོ་དོར་བ་མེད་པ་སྟོང་པ་ཉིད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ཚིག་ཏུ་བརྗོད་བྱའི་མཚན་མ་དང་བྲལ་བ་དང་། དཔེའི་མཚུངས་ཟླ་དང་བྲལ་བ་དང་། དོན་གྱིས་བསྟན་བྱའི་དངོས་པོས་སྟོང་པ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། ལམ་གང་ལགས་ན་རང་ཐོག་ཏུ་རང་ས་བཟུང་བ་ཉིད་དང་། རྟོགས་པ་གང་ལགས་ན་རང་ངོ་གནས་ལུགས་ཚུལ་བཞིན་ཤེས་པ་ཉིད་དང་། གྲོལ་བ་གང་ལགས་ན་རང་ངོར་སངས་རྒྱས་པ་ཡིན་པ་ལས། གྲོལ་ས་དང་གྲོལ་ལུགས་གཞན་དུ་འཛིན་ཅིང་འབད་རྩོལ་བྱེད་པ་ནི་ཤིན་ཏུ་འཁྲུལ་བ་ཡིན་པ་དེས་ན། དོན་དམ་པར་འབྲས་བུ་ལ་ཡིད་སྨོན་ཙམ་ཡང་འཆའ་བའི་གནས་མ་མཆིས་པས་ན་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པའོ། །དེ་ནས་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས། ཀྱཻ་ཁྱེའུ་ཆུང་རིག་པའི་དབང་པོ་ཁྱོད་ཀྱིས་འདི་ལྟར་བཤད་པ་དང་ཐོས་པ་ཙམ་གྱིས་གྲོལ་བར་མི་འགྱུར་ཏེ། བཤད་ཟིན་པ་དེ་དག་གི་ངང་ཚུལ་ལ་རྟོགས་ཤིང་དཔྱོད་ལ་མྱོང་བ་གཏིང་ནས་ཐོན་ཅིང་ཤེས་རིག་རྒྱུད་བརྟན་པ་ཞིག་མཛོད་ལ་སྣོད་དང་ལྡན་པའི་སྐལ་ལྡན་རྣམས་ལ་སྟོན་ཅིགརྩེ་གཅིག་ཉམས་སུ་ལེན་པའི་སྐྱེས་བུ་ཐམས་ཅད་ལ་ངའི་དགོངས་བརྒྱུད་འཕོས་ཏེ་རིང་པོར་མི་ཐོགས་པར་གྲོལ་བ་ཐོབ་པར་གདོན་མི་ཟའོ། །ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །ཆོས་ཀུན་སྒྱུ་མའི་ཚུལ་དུ་སྣང་བ་སྟེ། །དོན་ལ་ཕན་གནོད་མཚན་མའི་ཡུལ་ལས་འདས། །སྤྲོས་པའི་སྐྱོན་གྱིས་རྣམ་པར་དབེན་པ་ཡི། །ཕྱལ་བའི་ངང་དུ་རང་བཞིན་མཉམ་པར་བརྡལ། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་ཡོན་ཏན་མ་ལུས་ནང་གདངས་ལྷུན་གྲུབ་རིན་པོ་ཆེའི་བདག་ཉིད་དུ་ཡོངས་སུ་གྲུབ་པའི་ཚུལ་བཤད་པ་ལ་གསུམ། ཐབས་ཤེས་དྲང་ངེས་ཀྱི་སྒོ་ནས་སྤྱིར་བསྟན་པ། །ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ། །དེ་ལྟར་རྟོགས་པའི་ཐེག་པའི་ཚུལ་ལའང་ཡོན་ཏན་གྱི་ཁྱད་པར་དུ་མ་རྫོགས་ཚུལ་ལོ། །དང་པོ་ཐབས་ཤེས་དྲང་ངེས་ཀྱི་སྒོ་ནས་སྤྱིར་བསྟན་པ་ནི། གདམས་པ་འདི་དག་འོད་གསལ་ཉམས་ཀྱི་སྣང་ངོར་འཇམ་དཔལ་སྨྲ་བའི་སེང་གེ་དང་མཇལ་ཚེ་གསུངས་པ་སྟེ། སྣོད་བཅུད་སྣང་བ་ཐམས་ཅད་རང་སྣང་ལས་མི་གཞན་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་སངས་རྒྱས་ཀྱི་མཚན་དང་ཞིང་ཁམས་ཐ་དད་དུ་ཡོད་པར་སྣང་བ་རྣམས་ཡུལ་རང་རྒྱུད་པར་ཡོད་དམ། དེ་ལྟར་གྲུབ་པ་དང་མ་གྲུབ་པའི་ཚུལ་ཇི་ལྟ་བུ་ཡིན་སྙམ་ན་དེའི་ཚུལ་ཐབས་ཤེས་རབ་གཉིས་སམ། །བདེན་པ་གཉིས་སམ། དྲང་ངེས་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་ཞིང་དང་ཡབ་ཡུམ་གཞལ་ཡས་ཁང་དུ་བསྟན་པ་རྣམས་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་ནང་གདངས་ལྷུན་གྲུབ་རིན་པོ་ཆེའི་ཡོན་ཏན་ལ་གཞི་བྱས་ནས་བཤད་པ་རྣམས། གཞི་རང་ལ་རང་ཆས་སུ་རྫོགས་པ་ནི་ཤེས་རབ་ཀྱི་ཆ་དང་། ཡུལ་གཞན་ལྟར་གྲུབ་པར་བསྟན་པ་ནི་ཐབས་ཀྱི་ཆ། གཞི་རང་ལ་ཡོན་ཏན་རྫོགས་པ་ནི་དོན་དམ་པ། གཞན་དུ་ཡུལ་སྣོད་བཅུད་ཀྱི་རྣམ་པར་ཡོད་པར་འཆད་པ་ཀུན་རྫོབ། གཞི་རང་གི་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ནི་ངེས་དོན་དང་། ཡུལ་གཞན་དུ་སངས་རྒྱས་ཀྱི་ཞིང་དང་ལྷ་ཕོ་མོའི་མིང་དང་དངོས་པོ་མཚན་མ་ཅན་དུ་འཆད་པ་ཐམས་ཅད་དྲང་དོན་ཡིན་ནོ། །གཉིས་པ་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ལ་ལྔ། སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ། རིགས་ལྔ་ལྷུན་གྱིས་གྲུབ་ཚུལ། ཞིང་ཁམས་ལྔ་ལྷུན་གྱིས་གྲུབ་ཚུལ། སངས་རྒྱས་ལྔ་ལྷུན་གྱིས་གྲུབ་ཚུལ། མཁའ་འགྲོ་ལྔ་ལྷུན་གྱིས་གྲུབ་ཚུལ་ལོ། །དང་པོ་སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། འཇིག་རྟེན་འཁོར་བའི་ཕྱོགས་དང་སྒོ་བསྟུན་ནས་དོན་དམ་ཀུན་རྫོབ་ཀྱི་རྣམ་པར་བསྟན་པ་ནི་འདི་ལྟ་སྟེ། རྒྱལ་བ་ཐམས་ཅད་སྐུ་ལྔའི་ཆིངས་ཀྱིས་བཅིང་ཚུལ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་དབྱིངས་སྟོང་ཉིད་ཆེན་པོར་མ་བཅོས་རང་ཆས་སུ་ཡོད་པའི་ཆོས་ཉིད་ཆེན་པོ་ལ་ཆོས། །ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས། །ལམ་གྱི་འཇུག་སྒོ་དང་། ཉམས་ཀྱི་མྱོང་བ་དང་། འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་རང་ཆས་སུ་ཡོད་པ་ལ་སྐུ་སྟེ་ཆོས་ཀྱི་སྐུ་དང་། ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པ་ལ་ལོངས་སྐུ། །སྤྲུལ་པ་འགྱེད་སྙམ་གྱི་བློ་ཡིད་མ་གཡོས་ཤིང་གཞི་རང་ལས་མི་གཞན་པའི་ཚུལ་དུ། ངར་འཛིན་གྱི་ཤེས་པ་ཆུ་སྣོད་ལྟ་བུ་དང་། བདེ་གཤེགས་སྙིང་པོའི་དབྱིངས་ཀྱི་ཡོན་ཏན་ནམ་མཁའི་གཟའ་སྐར་ལྟ་བུ་དུས་འཛོམ་པའི་རྟེན་འབྲེལ་ལས། སྟོན་པ་སྤྲུལ་པའི་སྐུ་དང་། བཟོ་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ་དང་། བེམ་པོ་སྤྲུལ་སྐུ་སྟེ་སྤྲུལ་པ་རྣམ་པ་བཞིར་སྣང་བ་ནི་སྤྲུལ་སྐུ་སྟེ། དོན་ལ་སྣོད་བཅུད་སྐུ་གསུམ་གྱི་རོལ་པ་ལས་མ་འདས་པ་སྟེ། མདོར་ན་ངོ་བོ་སྟོང་པའི་ཆ་ལ་ཆོས་སྐུ། རང་བཞིན་ལྷུན་གྲུབ་ཀྱི་ཆ་ལ་ལོངས་སྐུ། སོ་སོར་སྣང་བའི་ཆ་ལ་སྤྲུལ་སྐུ་ཞེས་བྱའོ། །ཡང་གཞི་ཉིད་འཁོར་འདས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་ངོ་བོ་ཉིད་དུ་ཐམས་ཅད་རོ་གཅིག་པས་ངོ་བོ་ཉིད་དང་། ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུ་ལ་སྐུ་སྟེ་ངོ་བོ་ཉིད་སྐུ་དང་། དུས་གསུམ་འཕོ་བ་མེད་ཅིང་ངོ་བོ་གཞན་དུ་མི་འགྱུར་བས་མི་འགྱུར་དང་། རྡོ་རྗེ་ཆོས་བདུན་དང་དམ་བཅའ་བཞི་དང་ལྡན་པས་ན་རྡོ་རྗེ་སྟེ་མི་འགྱུར་རྡོ་རྗེའི་སྐུ་སྟེ། དེ་ཡང་གཞན་གང་གིས་རྨ་མི་འབྱུང་བས་མི་ཆོད་པ་དང་། རང་དང་གཞན་གྱིས་མི་ཤིགས་པ། འཁོར་འདས་ཀྱི་སྤྱི་གཞིར་གནས་པས་བདེན་པ། བཟང་ངན་གྱི་བསླད་མི་འཇུག་པས་སྲ་བ། གཡོ་འགུལ་དང་བྲལ་བས་བརྟན་པ། ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིགས་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ། ཡུལ་རྐྱེན་གང་གིས་མི་ཐུབ་པས་ཐམས་ཅད་མ་ཕམ་པ་སྟེ་ཆོས་བདུན་དང་། དེ་ལྟར་དོན་དམ་མི་ཤིགས་པའི་རྡོ་རྗེའི་གནས་ལུགས་དང་ཡིན་ལུགས་རྣམས་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་མ་གཏོགས་སེམས་ཅན་གང་ཡང་རུང་བ་ཡིས་རྟོགས་མི་སྲིད་པ། རྟོགས་ན་ཉམས་སུ་བླངས་པས་གདིང་མི་ཐོབ་མི་སྲིད་པ། གདིང་ཐོབ་ཚད་མི་གྲོལ་མི་སྲིད་པ། གྲོལ་ཚད་སངས་མི་རྒྱ་མི་སྲིད་པ་ནི་དམ་བཅའ་བཞི་དང་ལྡན་ནོ། །དེ་ལྟར་སྐུ་ལྔ་པོ་དེ་དག་གཞི་རང་ལ་རང་ཆས་སུ་ཡོད་པ་དོན་དམ་པ་ཡིན་ལ། དེ་ལས་ཐ་དད་པར་འཆད་པ་ནི་ཀུན་རྫོབ་ཐབས་ཀྱི་ལམ་ཞེས་བྱའོ། །གཉིས་པ་རིགས་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། འགྲོ་བ་རྣམས་རིགས་ལ་མངོན་པར་ཞེན་པ་དེ་དང་བསྟུན་ཏེ་ལྷ་ལ་རིགས་བརྗོད་པའི་གཞི་ནི། གཞི་ཉིད་བག་ཆགས་ཀྱི་དྲི་མ་དབྱིངས་སུ་སངས་པས་དང་ཡེ་ཤེས་དང་ཡོན་ཏན་གྱི་ངང་རྒྱས་པས་སངས་རྒྱས་དང་། མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་རིན་པོ་ཆེ། སྐྱོན་དང་དྲི་མས་མ་གོས་པས་པདྨ། ཕྲིན་ལས་ཡོངས་སུ་གྲུབ་པས་ལས་ཏེ། རིགས་ཞེས་བྱ་བ་ནི་ཆིངས་དེས་བཅིངས་པས་རང་རང་གི་ཁྱབ་པ་ལ་བརྗོད་པའོ། །གསུམ་པ་ཞིང་ཁམས་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། མི་རྣམས་ཡུལ་ལ་མངོན་པར་ཞེན་པའི་ཡུལ་དང་བསྟུན་པའི་ཞིང་ཁམས་ལྔ་རུ་བསྟན་པ་ནི། གཞི་དབྱིངས་ཡོན་ཏན་ལྷུན་སྟུག་པའི་ཆ་ལ་སྟུག་པོ་བཀོད་པ། ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་དང་ལྡན་པས་མངོན་པར་དགའ་བ། ཡེ་ཤེས་དང་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པས་དཔལ་ལྡན། བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པས་བདེ་བ་ཅན། དག་པ་དང་གྲོལ་བའི་ལས་ཐམས་ཅད་རབ་ཏུ་རྫོགས་པས་ལས་རབ་རྫོགས་པ་སྟེ། ཞིང་ཞེས་བྱ་བ་དབྱིངས་ལ་བརྗོད་པ་དང་། ཁམས་ཞེས་བྱ་བ་ནི་ཁམས་དེ་ལས་མི་གཞན་པ་ལ་བྱ། ཡང་གཞི་ལ་ཡོན་ཏན་གཞལ་དུ་མེད་པས་གཞལ་ཡས་དང་། འཁོར་འདས་ཡོངས་སུ་གང་བས་ན་ཁང་པའོ། །བཞི་པ་སངས་རྒྱས་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། གཞི་དབྱིངས་ཁྱབ་བརྡལ་གྱི་རང་མདངས་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་པའི་ཚེ་ན་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་ཐམས་ཅད་རྣམ་པར་སྣང་བར་མཛད་པ་དང་། མི་ཤིགས་པ་ཆོས་བདུན་དང་ལྡན་ཅིང་དུས་གསུམ་གཡོ་འགུལ་བྲལ་བས་མི་བསྐྱོད་རྡོ་རྗེ། ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་རིན་ཆེན་འབྱུང་ལྡན། གཞི་སྣང་མཐའ་ཡས་པ་ལ་སྣང་བ་མཐའ་ཡས། ཡང་དག་པའི་དོན་ཐམས་ཅད་རང་བྱུང་དུ་ཡོད་པ་ལ་དོན་ཡོད་གྲུབ་པའོ། །ལྔ་པ་མཁའ་འགྲོ་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། དོན་གྱི་རྡོ་རྗེ་སྟོང་པ་ཉིད་ཀྱི་མཁའ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་འགྱུར་ལྟར་སྣང་བས་ན་རྡོ་རྗེ་མཁའ་འགྲོ། རིན་པོ་ཆེའི་མཛོད་ཁང་ལྟ་བུར་ཡེ་ཤེས་ཡོན་ཏན་ཐམས་ཅད་རང་བྱུང་བའི་ཆ་ལ་རིན་ཆེན། ཆགས་པ་དང་བྲལ་བའི་ཆ་ལ་པདྨ། ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་ལས་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་སྒྲུབ་པར་རང་བྱུང་བའི་ཆ་ལ་ལས་ཀྱི། ཉོན་ཤེས་ཀྱི་དྲི་མ་དབྱིངས་སུ་སངས་ཤིང་ཡོན་ཏན་གྱི་ངང་རྒྱས་པས་སངས་རྒྱས་ཏེ། དེ་ལྟ་བུའི་ཚུལ་གྱིས་སྟོང་པ་ཉིད་ཆེན་པོའི་མཁའ་ཀློང་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་བས་ན་མཁའ་འགྲོ་ཞེས་བརྗོད་པའོ། །ཀུན་རྫོབ་དངོས་མཚན་སྣང་བའི་རྣམ་གྲངས་དག། ཐབས་ཀྱི་ཆ་སྟེ་དྲང་དོན་ཉིད་དུ་བཏགས། །ངེས་དོན་ཤེས་རབ་ཆ་རུ་ནང་དབྱིངས་སུ། །ཡེ་ནས་ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ། །ཅེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་དེ་ལྟར་རྟོགས་པའི་ཐེག་པའི་ཚུལ་ལའང་ཡོན་ཏན་གྱི་ཁྱད་པར་དུ་མ་རྫོགས་ཚུལ་ལ་གསུམ། དོན་དམ་པ་ཆོ་གའི་ཡན་ལག་རྫོགས་ཚུལ། ཐེག་པ་རང་གི་མིང་དོན་གྱི་ཆེ་བ་རྫོགས་ཚུལ། འདས་མ་འདས་ཀྱི་ཐེག་པ་གཞན་རྣམས་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་རྫོགས་ཚུལ་ལོ། །དང་པོ་དོན་དམ་པའི་ཆོ་གའི་ཡན་ལག་རྫོགས་ཚུལ་ལ་གཉིས། ཇི་ལྟར་རྫོགས་ཚུལ་དངོས་དང་། ཀུན་རྫོབ་ཐབས་ཀྱི་སྒོའི་བསྐྱེད་རིམ་བསྟན་པའི་དགོས་པའོ། །དང་པོ་ཇི་ལྟར་རྫོགས་ཚུལ་དངོས་ནི། དེ་ལྟར་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོའི་ངང་མངོན་དུ་བྱེད་པ་ཉིད་ནི། རིག་པ་མཐའ་གྲོལ་ཆེན་པོ་ཡིན་ལ། དེ་ལ་དོན་དམ་པའི་སྒྲུབ་པ་ཐམས་ཅད་འདུས་པ་ནི། དེ་ལྟ་བུའི་རིག་པ་དེ་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོར་རང་དབང་བསྒྱུར་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་བླ་ན་མེད་པ་ཡིན་ལ། ཚེ་རབས་ཐོག་མ་མེད་པའི་དུས་ནས་རང་ཉིད་བདེན་པར་བཟུང་ཞིང་ཡུལ་ལ་མངོན་པར་ཞེན་པས་བློ་རྒྱ་ཤིན་ཏུ་ཆུང་བ་ལ། ད་ནི་འཁོར་འདས་རིག་པ་གཅིག་གི་ཡོ་ལང་དུ་ཐག་བཅད་ནས་སེམས་ཀྱི་རྒྱ་བསྐྱེད་པ་ནི་སེམས་བསྐྱེད་ཐམས་ཅད་ཀྱི་དམ་པར་གྱུར་བ་དང་། དེ་བཞིན་དུ་གཟུང་འཛིན་གྱི་སེམས་ནི་ཁམས་གསུམ་འཁོར་བར་འཁྱམས་པའི་སྲིད་པའི་འདྲེ་བོ་ཆེ་ཡིན་ལ། དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་མེད་སྟོང་པ་ཉིད་དུ་བསྐྲད་པ་དང་། བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱེད་པ་ནི་བྱང་ཆུབ་སེམས་ཀྱི་སྲུང་འཁོར་གཞོམ་གཞིག་དང་བྲལ་བ་དང་། མ་རིག་པའི་མུན་ཁམས་སུ་རིག་པ་ཡེ་ཤེས་ཀྱི་བྱིན་ཆེན་དབབ་པ་བྱིན་འབེབས་དང་། སྣང་བ་རིག་པའི་རྒྱན་དུ་ཤར་བའི་ངང་ཚུལ་རྟོགས་པ་རང་བྱུང་འདོད་ཡོན་གྱི་བཀོད་པ་ཉིད་ཀྱང་ཡིན། ཀུན་གཞི་ཆོས་སྐུར་འཕོ་བ་གདོད་མ་གཞིའི་སངས་རྒྱས་ཏེ། དེའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པ་ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང་། ཀུན་ཤེས་ཀུན་གསལ་གྱི་བདག་ཉིད་ཇི་སྙེད་གཟིགས་པའི་ཤེས་རབ་མངོན་དུ་གྱུར་པ་ཉིད་ནི་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་གསང་བ་འདུས་པ་ཡིན་ལ། དེ་ཡང་དང་པོར་རྟོག་པའི་ཆ་ལ་བཀའ་སྲུང་དྲེགས་ཚོགས། ས་བརྒྱད་ཡན་ཆད་དུ་དབང་བསྒྱུར་བ་ལ་བྱང་ཆུབ་སེམས་དཔའ། མངོན་སངས་རྒྱས་པའི་ཆ་ལས་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་བཀོད་པ་ཐབས་ཀྱི་ལམ་དང་། བྱེ་བྲག་ཏུ་ཀུན་གཞི་མ་རིག་པའི་ཆ་ལ་དབང་ཕྱུག་ཆེན་པོ། དེ་ལས་ལྡང་བའི་རྟོག་ཚོགས་ཐམས་ཅད་བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་ལྷ་འདྲེ་རུ་བཤད་པ་ཐབས་ཀྱི་སྒོ་སྟེ། གདོད་མ་གཞིའི་ཆོས་སྐུ་མངོན་དུ་གྱུར་པ་ལས་རང་བྱུང་གི་ཡེ་ཤེས་རྩལ་དུ་ཤར་བ་རྣམས་དུམ་བུར་བཅད་དེ་ཐབས་ཀྱི་ལམ་དུ་བཅོས་པ་ཡིན་ནོ། །དེ་ལྟ་བུར་ཤེས་པའི་ཚུལ་གྱིས་དོན་དམ་པའི་སངས་རྒྱས་མངོན་དུ་བྱེད་པ་ནི་སྒྲུབ་པ་ཡིན་ཏེ། སྒྲུབ་ཐབས་དང་དཀྱིལ་འཁོར་ཐམས་ཅད་འདིར་འདུས་ཤིང་རྫོགས་པས་སོ། །ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་ཆེན་པོ་གཅིག་གི་རོལ་པ་རུ་འཕོས་ཏེ་མངོན་དུ་བྱེད་པ་སྤྱན་འདྲེན། དུས་གསུམ་འཕོ་འགྱུར་དང་བྲལ་བར་རང་ཐོག་ཏུ་རང་ས་འཛིན་པ་བཞུགས་གསོལ། །ལྟ་བའི་རྒྱལ་པོ་གདོད་མ་གཞིའི་ཆོས་སྐུ་དང་རང་ཞལ་མཇལ་བའི་ཚེ་ན་ངོ་མཚར་ཆེན་པོ་ཐོབ་པ་ལྟ་བ་མཇལ་བའི་ཕྱག་དང་། ཆོས་ཅན་ཆོས་ཉིད་དུ་རོལ་པའི་མཆོད་པ། འཁོར་འདས་རྫོགས་པ་ཆེན་པོའི་གནས་ལུགས་དང་ཡིན་ལུགས་མཐོང་ནས་ངོ་མཚར་བ་དང་དགའ་བ་དང་ཡིད་ཆེས་པ་དོན་གྱི་བསྟོད་པ་ཉིད་དེ། མདོར་ན་སྣ་ཚོགས་སྣང་བ་སྐུ་ཡི་བཀོད་པ། ལྷུན་གྱིས་རྫོགས་ཤིང་གྲུབ་པ་གསུང་གི་རོལ་པ། ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས་ཉིད་ཐུགས་ཀྱི་རོལ་པ། སྐུ་དང་ཡེ་ཤེས་ཀྱི་རོལ་པ་མ་བཙལ་ལྷུན་གྱིས་གྲུབ་པའི་ངང་ཚུལ་རྟོགས་པ་ཡོན་ཏན། རྣམ་བཞིའི་ཕྲིན་ལས་ལ་དབང་བསྒྱུར་བ་ཕྲིན་ལས་ཏེ། དེ་རྣམས་རྫོགས་ཆེན་རིག་པའི་མཚན་ཉིད་མངོན་དུ་བྱས་པ་ལ་དོན་གྱིས་ཚང་ལ། དེ་བཞིན་དུ་དབང་བཞི་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རང་བྱུང་ཉིད་ལ་གཅིག་ཆར་དུ་རྫོགས་པ་ཡིན་ལ། དེ་ལྟར་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པ་ནི་རྫོགས་པ་ཆེན་པོ་སྟེ། དེ་མ་ཤེས་པའི་དབང་གིས་སྔོན་ཡང་འཁོར་བར་འཁྱམས་པ་ཡིན། གདོད་ནས་རྫོགས་ཀྱང་མ་རིག་པས་བསྒྲིབ་སྟེ་ཆུ་རང་གྲོལ་དུ་ཡོད་པ་འཁྱག་པས་བསྡམས་པ་དང་། གསེར་དང་ནོར་བུ་ངོ་མ་ཤེས་པས་རྒུད་པ་མི་སེལ་བ་ལྟ་བུར་གྱུར་པའོ། །དོན་དམ་པར་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དང་ཡོན་ཏན་རྩལ་དུ་རྫོགས་པ་རྟེན་དང་བརྟེན་པའི་འཁོར་ལོ་སོ་སོ་རུ་བཤད་པ་རྣམས་ནི་གདུལ་བྱ་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་དོན་དམ་རྩོལ་མེད་ཀྱི་དབྱིངས་སུ་ཁ་དྲངས་པའི་ཐབས་སུ་བསྟན་པ་སྟེ། གསལ་དག་སྟོང་པ་གསུམ་གྱི་གནད་དང་ལྡན་པས་འབྲས་བུ་བླ་ན་མེད་པའི་དབྱིངས་སུ་སྐྱེལ་པ་ཡིན་ནོ། །དེ་ནས་ལྷག་པའི་ལྷ་ཉིད་མི་སྣང་བར་ཡལ་ལོ། །གཉིས་པ་ཀུན་རྫོབ་ཐབས་ཀྱི་སྒོའི་བསྐྱེད་རིམ་བསྟན་པའི་དགོས་པ་ནི། སླར་ཡང་བར་སྐབས་ཤིག་ཏུ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་ཞལ་མཇལ་བའི་ཚེ་གདམས་པ་སྟེ། འོ་ན་ཞིང་ཁམས་དང་གཞལ་ཡས་ཁང་དང་ལྷ་རུ་བསྐྱེད་ཅིང་བསྒྲུབ་པ་རྣམས་ཅིའི་ཕྱིར་བསྟན་པ་ཡིན་སྙམ་ན། གཞན་ནམ་མཁས་གར་ཁྱབ་ཀྱི་འཇིག་རྟེན་འདི་དག་མངོན་པར་ཞེན་པ་ནི་ཕྱི་བདག་ལྟའི་རཱུ་ཏྲ་སྟེ། དེའི་གཉེན་པོར་ཡེ་ཤེས་ཀྱི་འོད་སྣང་ལས་གྲུབ་པའི་ཞིང་ཁམས་སྦྱངས་པ་དང་། རང་གི་གནས་ཁང་དང་ལོངས་སྤྱོད་ལུས་དང་བཅས་པ་རུ་འཛིན་པ་ནང་བདག་ལྟའི་རཱུ་ཏྲ་སྟེ། དེའི་གཉེན་པོར་གཞལ་ཡས་ཁང་དང་ལྷ་བསྒོམ་པ་དང་། དུས་དང་རྣམ་པ་ཀུན་ཏུ་ང་ཞེས་བདག་ཏུ་སྣང་བའི་ཤེས་པ་བག་ལ་ཉལ་བ་རྒྱ་དང་རྒྱུན་མ་ཆད་པ་ནི་གསང་བའི་བདག་ལྟའི་རཱུ་ཏྲ་སྟེ་འཁོར་བའི་སྣང་སེམས་ཐམས་ཅད་ཀྱི་སྤུན་ཐག་ཡིན་ལ། དེའི་གཉེན་པོ་རུ་ལྷའི་ང་རྒྱལ་བརྟན་པའི་བཟུང་བ་ཡིན་ནོ། །འདིའི་གནད་མ་ཤེས་ན་ལ་ལས་ནི་བསྐྱེད་གསལ་དང་ང་རྒྱལ་བཟུང་བ་བཅས་དོར་ནས་ངག་བཟླས་ཁོ་ན་ལ་འབད། ལ་ལས་ནི་ལྷ་དང་ཞིང་ཁམས་རང་རྒྱུད་པར་བདེན་པར་བཟུང་ནས་སྒྲུབ་ཀྱང་འཚང་མི་རྒྱ་བས་ན་གནད་དེ་ཤེས་པ་ཤིན་ཏུ་གལ་ཆེའོ། །དེ་ལྟར་གསུངས་ནས་མི་སྣང་བར་ཡལ་ལོ། །གཉིས་པ་ཐེག་པ་རང་གི་མིང་དོན་ཆེ་བ་རྫོགས་ཚུལ་ནི། དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཏི་དང་མཇལ་བའི་ཚེ། ཀྱཻ། ཨ་མའི་བུ་ཆུང་། ཁྱོད་ལ་དགོངས་བརྒྱུད་ལུས་ཀྱི་ཚུལ་དུ་རྫོགས་པར་བྱས། བརྡ་བརྒྱུད་ནུ་ཞོའི་ཚུལ་བསྣུན་ནས་ནར་སོན་པར་བྱས། སྙན་བརྒྱུད་སྙིང་གཏམ་ལྟ་བུར་གདམས་ནས་བློ་དང་ལྡན་པར་བྱས་ཡོད། གདུལ་བྱ་ལས་སྨོན་གྱིས་འབྲེལ་བའི་སྐལ་ལྡན་རྣམས་ལ་སྟོན་དང་འབྲེལ་ཚད་དོན་དང་ལྡན་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྒྱལ་པོ་ངའི་མིང་ནི་སྒྲ་གྲགས་ཚད་ཐམས་ཅད་ང་གླེང་བ་དང་། མིང་བརྗོད་ཚད་ཐམས་ཅད་ང་ཡི་མིང་ཡིན་པས། ངེས་གསང་བླ་ན་མེད་པའི་མཁའ་སྤྱོད་ཨ་མའི་མཁའ་རུ་འུབ་ཆུབ་པའི་རོལ་པ་འདི་ལ་མིང་གི་རྣམ་གྲངས་དུ་མ་ཡོད་ཀྱང་མིང་བདུན་དུ་ངས་སྨྲའོ། །ཞེས་ཤིན་ཏུ་དགྱེས་པའི་གསུང་གིས་དབུགས་དབྱུང་བ་དང་བཅས་གདམས་པ་སྟེ། ཆོས་འདི་གསང་ཆེན་གཉིས་དང་ལྡན་པས་གསང་། བདག་རྟོག་མཚན་མ་ཡིད་བྱེད་ཀྱི་འཇིགས་པ་ལས་སྐྱོབ་པར་བྱེད་པས་ན་སྔགས། དོན་དམ་མི་ཤིགས་པའི་བདག་ཉིད་ཡིན་པས་རྡོ་རྗེ། ལམ་ཐམས་ཅད་ཀྱི་ཡོན་ཏན་བཅུད་དུ་འདུས་པས་ཐེག་པ་སྟེ། གསང་སྔགས་རྡོ་རྗེའི་ཐེག་པ་དང་། ཆོས་ཐམས་ཅད་ཀྱི་ཡིན་ལུགས་མཐར་ཐུག་ཏུ་གནས་པས་དོན། རྟོགས་བྱ་རྣམས་ཀྱི་གཙོ་བོར་གྱུར་པས་དམ་པ། སྐྱོན་དང་དྲི་མ་ཐམས་ཅད་བྱང་བ། སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་འུབ་ཆུབ་པ་དང་། དག་མཉམ་གྱི་རོལ་པ་སྣ་ཚོགས་པའི་འཆར་གཞི་རྡོ་རྗེ་གསུམ་གྱི་སྲོག་གཅིག་པོར་བཞུགས་པས་ཙིཏྟའམ་སྙིང་སྟེ་སེམས་ཞེས་བྱ་བས་ན་དོན་དམ་བྱང་ཆུབ་ཀྱི་སེམས་དང་། འཁོར་འདས་ལམ་གསུམ་རྫོགས་པ་དང་། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་གི་དོན་གཅིག་ཏུ་དྲིལ་མདོ་གཅིག་ཏུ་བསྡུས་པ་དང་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ན་ཆེན་པོ་སྟེ་རྫོགས་པ་ཆེན་པོ་དང་། རྟོག་པའི་གྲྭ་ཟུར་ཐམས་ཅད་ལས་འདས་པས་ཐིག་ལེ། འཁོར་འདས་བྱང་ཆུབ་སེམས་སུ་རོ་གཅིག་པས་ཉག་གཅིག་སྟེ་ཐིག་ལེ་ཉག་གཅིག་དང་། རིག་པ་བདེ་གཤེགས་སྙིང་པོའི་ངང་དྭངས་གསལ་རྙོགས་མ་དང་བྲལ་བས་འོད་གསལ། མི་ཤིགས་པ་ཆོས་བདུན་དང་ལྡན་པས་རྡོ་རྗེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བཅུད་དུ་གནས་པས་སྙིང་པོ་སྟེ། འོད་གསལ་རྡོ་རྗེ་སྙིང་པོ་དང་། འཁོར་འདས་མཐའ་དག་བདེ་གཤེགས་སྙིང་པོའི་ངང་དུ་འུབ་ཀྱིས་འདུས་ཤིང་། ཡོངས་སུ་ཆུབ་པས་ན་འཁོར་འདས་འུབ་ཆུབ་དང་། སྐྱེ་འཆི་བགྲེས་རྒུད་ཐམས་ཅད་དང་བྲལ་བས་གཞོན་ནུ། ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་པས་བུམ་པ། ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུར་གྱུར་པས་སྐུ་སྟེ། གཞོན་ནུ་བུམ་པའི་སྐུ་ཞེས་པའི་མཚན་རྣམས་དོན་དང་ལྡན་པར་ཆགས་པ་ཡིན་ནོ། །གསུམ་པ་འདས་མ་འདས་ཀྱི་ཐེག་པ་རྣམས་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་རྫོགས་ཚུལ་ནི། ཐེག་མཆོག་རྒྱལ་པོའི་ལམ་འདིར་ཞུགས་ནས་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་པའི་དུས་སུ། སེམས་དང་སྣང་བ་མ་བཅོས་རང་གར་ཡན་པའི་ཚུལ་དུ་གནས་པས་ན། འཁོར་བའི་སེམས་སྣང་རྫོགས་པ་ལས་ཡེ་ཤེས་མངོན་དུ་གྱུར་པས་ཁྱད་པར་དུ་འཕགས། ཆོས་ཉིད་ཆད་ལྟ་རུ་མ་སོང་བས། རྟག་ལྟའི་ཚུལ་རྫོགས་པ་ལས་བདེན་དངོས་སུ་མི་འཛིན་པས་ཁྱད་པར་དུ་འཕགས། ཆོས་ཉིད་རྟག་ལྟ་རུ་མ་སོང་བས་ཆད་ལྟའི་ཚུལ་རྫོགས་པ་ལས། གཞི་དབྱིངས་འཁོར་འདས་ཀྱི་ངོ་བོར་རྟོགས་པས་ཁྱད་པར་དུ་འཕགས་པ་སྟེ། དེ་ཡང་རྟག་ལྟ་བ་རྣམས་ཆད་ལྟར་མ་སོང་བ་དང་། ཆད་ལྟ་བ་རྣམས་རྟག་ལྟར་མ་སོང་བའི་ཚུལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་རྫོགས་པའོ། །དེ་བཞིན་དུ་གང་ཟག་གི་བདག་མེད་ཙམ་རྟོགས་པས་ཉན་རང་གི་ཐེག་པ། བདག་མེད་རྣམ་པ་གཉིས་རྟོགས་པས་འཕགས། རྟག་ཆད་ཀྱི་མཐའ་རུ་མ་ལྷུང་བས་དབུ་མའམ་བྱང་སེམས། སྟོང་ཉིད་ལ་སྟོང་འཛིན་གྱི་བློས་མི་འཆིང་བས་འཕགས། བྱ་བྱེད་ཐ་མལ་དུ་མི་འཆོལ་པས་བྱ་རྒྱུད། ཡེ་ནས་གནས་སུ་དག་པའི་ངང་ཚུལ་རྟོགས་པས་འཕགས། ལྟ་སྤྱོད་གཉིས་མེད་དུ་རྫོགས་པས་སྤྱོད་རྒྱུད། ལུས་ངག་ཡིད་གསུམ་གྱི་ལྟ་སྤྱོད་སོ་སོར་བྱེད་དུ་མེད་པས་འཕགས། ལྟ་བ་གཙོ་བོར་སྟོན་པས་ཡོ་ག། ལྟ་བ་ལ་དམིགས་བསལ་མི་ལྟོས་པས་འཕགས། ལྷ་དང་རང་སྣང་གཉིས་མེད་དུ་རྟོགས་པས་མ་ཧཱ། བློ་ཡིད་འཛིན་རྩོལ་དང་བྲལ་བས་འཕགས། དབྱིངས་ཡེ་གཉིས་མེད་དུ་རྟོགས་པས་ཨ་ནུ། དེ་གཉིས་རྒྱུ་འབྲས་སུ་མི་ལྟ་བས་འཕགས། འགྱུ་བ་རང་སར་གྲོལ་བས་སེམས་སྡེ། སེམས་དང་སེམས་བྱུང་ཡེ་ཤེས་སུ་འཕོས་པས་འཕགས། དབྱིངས་རིག་གཉིས་སུ་མེད་པས་ཀློང་སྡེ། དེ་ཡང་གཟའ་གཏད་དང་བྲལ་བས་འཕགས་པའོ། །དེ་ལྟར་ཐེག་པ་ཐམས་ཅད་ཀྱི་ཡོན་ཏན་གཅིག་ཆར་དུ་རྫོགས་ཤིང་ཁྱད་འཕགས་ཀྱི་ཆེ་བ་དུ་མ་དང་ལྡན་པ་གསང་བ་མན་ངག་གི་སྡེ་ཞེས་བྱ་བ་འདི་ནི། ཐེག་པ་ཐམས་ཅད་ཀྱི་སྤྱི་ཆིངས་དང་། ཐེག་པ་ཐམས་ཅད་གཅིག་དྲིལ་གྱི་ངོ་བོ་ལྟ་བུར་གྱུར་པས་ན། ཐེག་པ་གཞན་རྣམས་ནི་དེ་ཡི་ཉག་ཕྲན་རེ་ཙམ་གྱི་ཚུལ་དུ་རྟོགས་པར་བྱའོ། །དེ་ནས་དབྱིངས་ཡུམ་མ་ཉིད་མི་སྣང་བར་གྱུར་ཏོ། །གཞི་དོན་རིག་པས་མངོན་དུ་བྱས་འདིར་ཡང་། །དོན་གྱི་ཆོ་གའི་ཡན་ལག་ཀུན་ཚང་ཞིང་། མིང་དོན་བདུན་ལྡན་ཐེག་གཞན་ཡར་ལྡན་དུ། །རྫོགས་ཕྱིར་བགྲོད་པ་གཅིག་པུའི་ལམ་མཆོག་ལགས། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དེའི་དོན་སྒོམ་པས་ཉམས་སུ་ལེན་ཚུལ་ལ་གཉིས། སྒོམ་པ་དམིགས་གཏད་དང་བྲལ་བའི་ཚུལ་སྤྱིར་བསྟན་པ། མཉམ་རྗེས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྒོམ་པ་དམིགས་གཏད་དང་བྲལ་བའི་ཚུལ་སྤྱིར་བསྟན་པ་ནི། འདི་སྐོར་རིག་འཛིན་གྱི་རྒྱལ་པོ་ཤྲཱི་སིང་ཧ་དང་མཇལ་ནས་གདམས་པ་སྟེ། རྫོགས་པ་ཆེན་པོ་ཞེས་བྱ་བ་ནི་འཁོར་འདས་ལམ་གསུམ་རྫོགས་པའི་དབྱིངས་ཆེན་པོ་ཡིན་ལ། དེའི་ངང་ཚུལ་ཡིན་ལུགས་ཤེས་པ་ནི་རྫོགས་པ་ཆེན་པོའི་ལྟ་བ་སྟེ། དེ་ལྟར་ཤེས་ནས་གདོད་མའི་ཡེ་གཞི་ཆེན་པོ་རང་དབང་བསྒྱུར་བའི་ཚུལ་གྱིས་རང་ཐོག་ཏུ་སད་ཅིང་བརྡལ་བ་ནི་སྒོམ་པ་དམིགས་གཏད་དང་བྲལ་བ་སྟེ། དཔེར་ན་ཆུ་ཐིག་རྒྱ་མཚོ་དང་འདྲེས་ཚེ་རྒྱ་མཚོ་བཅོས་སུ་མེད་པར་རྒྱ་མཚོ་རུ་འགྱུར་བའམ། བུམ་ནང་གི་ནམ་མཁའ་དང་ཕྱིའི་ནམ་མཁའ་འདྲེས་ཚེ་ནམ་མཁའ་བཅོས་སུ་མེད་པར་ནམ་མཁར་འབྱམས་ཀླས་པ་ལྟ་བུའོ། །དེ་ཡང་གཞི་དང་སེམས་ལ་ཕྱི་ནང་མེད་ཀྱང་བདག་འཛིན་གྱིས་ཕྱི་ནང་ལྟར་བཅད་པ་ཙམ་དུ་ཟད་དེ། །ཆུ་རང་གྲོལ་དུ་ཡོད་པས་གྲང་རེག་གི་སྤུན་ཐག་གིས་ཆབ་རོམ་དུ་བསྡམས་པ་བཞིན་དུ་གཞི་རང་གྲོལ་དུ་ཡོད་པ་ལས་བདག་འཛིན་གྱི་སྤུན་ཐག་གཅིག་པུས་འཁོར་བ་ཡོངས་སུ་གྲུབ་པའོ། །གཉིས་པ་མཉམ་རྗེས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟ་བུའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། ལུས་ཀྱི་སྒོ་ནས་བཟང་ངན་བར་གསུམ་གྱི་བྱ་བ་བཏང་སྟེ་བྱར་མེད་དུ་དུར་ཁྲོད་ཀྱི་རོ་ལྟར་སྡོད་པ་དང་། ངག་གི་བྱ་བ་གསུམ་པོ་ཡང་དེ་བཞིན་དུ་བཏང་སྟེ་ལྐུག་པ་ལྟར་སྡོད་པ་དང་། སེམས་ཀྱི་བྱ་བ་གསུམ་པོ་བཏང་སྟེ་སྟོན་གནམ་སླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བ་ལྟ་བུར་བཟོ་མི་འཆོས་པར་འཇོག་པ་ལ་ནི་མཉམ་པར་བཞག་པ་ཞེས་བྱ་སྟེ། བྱ་བ་དགུ་ཕྲུགས་སུ་བཏང་བས་བྱ་བཏང་དང་བྱར་མེད། བློས་མ་བཅོས་པས་བློ་འདས་ཞེས་ཀྱང་བྱའོ། །དེ་ལྟ་ན་གནད་དེ་ཉིད་ཀྱི་ངང་དུ་རང་གདིང་ཆེན་པོ་ཐོབ་པར་འགྱུར་རོ། །གཞན་ཡང་འགྲོ་འདུག་འགུལ་བསྐྱོད་བཟླས་བརྗོད་བསམ་སྤྱོད་ཐམས་ཅད་ཀྱི་དུས་ཀུན་ཏུ། ལྟ་བའི་སྟངས་མ་ཤོར་བར་སྣང་སྲིད་སྒྱུ་མ་ལྟ་བུ། སྒོམ་པའི་གདིང་མ་ཤོར་བར་ངང་མངོན་གྱུར་གྱི་རིག་པ། སྤྱོད་ལམ་བག་མེད་དུ་མ་ཤོར་བར་སྤྱོད་ལམ་རྣམ་བཞི་ཆོས་མཐུན་དུ་སྤྱོད་པ་ནི་རྗེས་ཐོབ་ཀྱི་ཚུལ་ཏེ། གནད་དེ་གཉིས་ནི་ཤི་བའི་མཐར་མ་ཐུག་བར་དུ་བརྟེན་དགོས་པ་ཡིན། དེ་ལ་ནི་སྒོམ་པ་རང་གྲོལ་བློ་འདས་ཞེས་ཀྱང་བྱའོ། །འཁོར་འདས་ལམ་གསུམ་རྫོགས་པའི་ཆོས་དབྱིངས་ཆེ། །ཡེ་གཞིར་རང་དབང་བསྒྱུར་ཞིང་རང་ཐོག་སད། །རང་གྲོལ་མཉམ་བརྡལ་ཆུ་ལས་ཆུ་རླབས་བཞིན། །མཉམ་རྗེས་གཉིས་ལྡན་བློ་འདས་སྒོམ་པ་ཡིན། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་དེ་གཉིས་ཀྱི་གྲོགས་སྤྱོད་པས་བསྟན་པ་ལ་གསུམ། ལྟ་སྤྱོད་ཕྱོགས་རེར་མི་འཆོལ་བའི་ཚུལ་ལ་བསླབ་པ། ལམ་གྱི་གོལ་ས་གཅོད་པ། ཡང་དག་པའི་སྤྱོད་ཚུལ་གཞན་བསྟན་པའོ། །དང་པོ་ལྟ་སྤྱོད་ཕྱོགས་རེར་མི་འཆོལ་བའི་ཚུལ་ལ་བསླབ་པ་ནི། སྤྱོད་པའི་གནད་ལ། ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་སྒོ་གསུམ་བག་ཡངས་སུ་སྤྱོད་ཀྱང་ཉེས་པས་མི་གོས་སོ་ཟེར་བ་ལྟ་བུ། ལྟ་བའི་ཕྱོགས་སུ་སྤྱོད་པ་འཆོལ་བ་མ་ཡིན་པར་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་དུག་བཞིན་སྤངས་ཏེ་ཞི་དུལ་བག་ཡོད་དང་ལྡན་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབ་པ་ལྟ་བུ་དང་། སྒོ་གསུམ་གྱི་དགེ་བ་ཟབ་ཟབ་འདྲ་བ་མང་པོ་ཞིག་ལ་མངོན་པར་ཞེན་པས་ཡང་དག་པའི་ལྟ་སྒོམ་ཟིལ་གྱིས་མནན་པའི་ཚུལ་དུ་འཁོར་བར་བསོད་ནམས་བསགས་པ་ཙམ་ལ་མི་ཚེ་འདའ་བར་དཔེར་ན་གསེར་གྱི་སྒྲོག་གིས་བཅིངས་པ་ལྟ་བུར་གྱུར་པ་སྤྱོད་པའི་ཕྱོགས་སུ་ལྟ་བ་འཆོལ་བ་མ་ཡིན་པར་སྡེར་ཆགས་གང་གིས་ཟིལ་གྱིས་མི་གནོན་པར་སེང་གེ་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས་པ་ཡིན། གཞན་ཡང་ལྟ་བ་སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་གཞན་ནས་བསྒོམ་དགོས་ཟེར་བ་ནི། ཆུ་རང་ལ་ཡོད་ཀྱང་རླན་གཞན་ནས་འཚོལ་དགོས་པར་སྐད་པ་ལྟ་བུ་མ་ཡིན་པར་འཁོར་འདས་སྟོང་ཉིད་ཆེན་པོ་རུ་ཐག་ཆོད་པ་ལས་རྫོགས་པ་ཆེན་པོ་གཞིའི་གནས་ལུགས་རིག་པའི་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པ་ནི་འཁོར་འདས་དག་མཉམ་དུ་རོལ་པ་དོན་དམ་པའི་སྙིང་རྗེ་དང་བྱང་སེམས་ཀྱི་སེམས་ཡིན་པས་དེའི་རྩལ་ཀུན་རྫོབ་ཐབས་ཀྱི་སྙིང་རྗེ་དང་བྱང་ཆུབ་སེམས་སུའང་རང་ཤུགས་ཀྱིས་འཆར་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཚུལ་ལས་མི་འདའ་བ་ལ་བསླབ་པར་བྱའོ། །གཉིས་པ་ལམ་གྱི་གོལ་ས་གཅོད་པ་ལ་གཉིས། ཉམས་ཀྱི་གོལ་ས་ངོས་ཟིན་པར་བྱས་ཏེ་སྤོང་བ། བདུད་གཅོད་ཟབ་མོའི་ཉམས་ལེན་དང་འབྲེལ་བར་སློང་གསུམ་གཅོད་པའོ། །དང་པོ་ཉམས་ཀྱི་གོལ་ས་ངོས་ཟིན་པར་བྱས་ཏེ་སྤོང་བ་ནི། ཉམས་ཀྱི་སྣང་བ་ནི་སེམས་དང་ཤེས་རྒྱུད་སྔར་ལྟར་མ་ཡིན་པར་འདོད་ལྷར་འཕེན་པའི་བདེ་སྣང་འབོལ་ལེ་བ་དང་། གཟུགས་ཁམས་སུ་འཕེན་པའི་གསལ་ཉམས་གསལ་ཧྲིག་གེ་བ་དང་། གཟུགས་མེད་མུ་བཞིར་འཕེན་པའི་སྟོང་ཉིད་མི་རྟོགས་པ་ཁ་ནང་དུ་བསྟན་པའི་ཐོམ་ཡོ་རེ་བ་དྲན་མེད་ཤེས་མེད་གཉིད་འཐུག་ལྟ་བུ་དང་། ལྟ་བ་སྟོང་ཉིད་ལ་རྒྱུས་མེད་ཅིང་སེམས་སྟོང་པ་དངོས་པོ་མ་གྲུབ་པ་ཙམ་ལ་བློ་ཐག་བཅད་དེ་དེའི་ངང་དུ་རྩེ་གཅིག་ཏུ་འཇོག་པ་ནི་སྲིད་པའི་རྩེ་དང་འདུ་ཤེས་མེད་པའི་ལྷ་རུ་འཕེན་པའི་ལྟ་བ་ཡིན་པར་ཤེས་ནས་དེའི་ངང་དུ་མི་གཏོང་བར་བྱའོ། །གཉིས་པ་བདུད་གཅོད་ཟབ་མོའི་ཉམས་ལེན་དང་འབྲེལ་བར་སློང་གསུམ་གཅོད་པ་ནི། གཞན་ཡང་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་དང་། ནང་སློང་ལུས་ཀྱི་ན་ཚ་ཟུག་རྔུ་སྣ་ཚོགས་པ་འབྱུང་བ་དང་། གསང་སློང་སེམས་ཀྱི་བདེ་སྡུག་མ་ངེས་པར་འབྱུང་བ་ལ། བདེན་ཞེན་རེ་དོགས་ཀྱི་ངང་བརྟན་པར་འགྱུར་ན་སྨྱོ་འབོག་བརྒྱལ་བ་ལ་སོགས་པས་འཆི་བ་སྲོག་ལ་བབས་པའི་རྒྱུ་རྐྱེན་དུ་འགྱུར་བ་དང་། ལྷ་སྣང་འདྲེ་སྣང་ལ་མངོན་པར་ཞེན་པའི་དབང་དུ་གྱུར་ཏེ་སྒོམ་ཆེན་ཐ་མལ་དུ་འཆོར་བའི་རྒྱུ་རུ་འགྱུར་བས་ན། དེ་ཐམས་ཅད་ཉམས་རྫུན་པོ་ཆེའི་རང་མཚངས་སུ་རིག་ཅིང་ཐག་བཅད་ནས་རང་ཡལ་དུ་འགྲོ་བ་ལ་བསླབ་པའོ། །དེ་ནས་གྲུབ་དབང་ཆེན་པོ་ཉིད་མི་སྣང་བར་ཡལ་ལོ། །གསུམ་པ་ཡང་དག་པའི་སྤྱོད་ཚུལ་གཞན་བསྟན་པ་ནི། འདི་མན་ཆད་རང་སྣང་དོན་གྱི་འོག་མིན་དུར་ཁྲོད་མེ་རི་འབར་བའི་གནས་ནས་ཟུར་ཆུང་ཤེས་རབ་གྲགས་པ་དང་མཇལ་ཚེ་གདམས་ངག་ཐུགས་ཀྱི་ཡང་བཅུད་ཚིག་ཉུང་ལ་དོན་བསྡུས་པར་བསྟན་པ་སྟེ། སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པར་འདོད་ན། བླ་མ་ལ་མོས་གུས་ཐང་ལྷོད་མེད་པས་སྤྱོད་ལམ་ཀུན་ཏུ་བསྙེན་པ་དང་། མཆེད་གྲོགས་ལ་བརྩེ་གདུང་དང་དག་སྣང་སྦྱོང་བ་རྒྱུན་མི་ཆད་པ་དང་། སེམས་ཅན་ལ་སྙིང་རྗེ་དྲག་པོའི་སྒོ་ནས་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་དང་། འདུས་བྱས་ཐམས་ཅད་མི་རྟག་པའི་ངང་ཚུལ་ལ་རྟག་ཏུ་བསམ་ནས་འཁོར་བའི་བྱ་བ་བཏང་ནས་བྱར་མེད་ཀྱི་ངང་དུ་གནས་པར་བྱ་བ་ནི་དམ་པའི་ཆོས་ཀྱི་ཡང་སྙིང་དམ་པ་བླ་ན་མེད་པ་ཡིན་ལ། གཞན་ཡང་བླ་མའི་ཞབས་ཏོག་བསྒྲུབ་པ་གདམས་ངག་ཆུད་ཟོས་སུ་མི་འགྲོ་བའི་ཐབས་དང་། དམ་ཚིག་ལ་ངོ་ལྐོག་མེད་པ་ལྷ་དང་སྲུང་མའི་བླ་རྡོ། །མི་ཚེ་ཆོས་ལ་དྲིལ་བ་འཆི་དུས་བློ་ལྷག་མེད་པའི་གནད་ཡིན་པས་དེ་གསུམ་དང་ལྡན་པར་བྱ་བ་དང་། ཡང་དམ་ཚིག་དང་སྡོམ་པ་སྲོག་ལྟར་བསྲུང་བ་སྒོམ་ཆེན་ཐ་མལ་དུ་མི་འཆོར་བའི་གནད་དང་། འདོད་ཡོན་ལ་ཆོག་ཤེས་བརྟེན་པ་ཡུལ་ངན་ལ་མགོ་མི་འཁོར་བའི་གདམས་པ། འཁོར་བ་ལ་སྙིང་པོ་མེད་པར་ཤེས་པ་ཆགས་སྡང་གི་ཞེན་པ་གཅོད་པའི་གདམས་པ་དང་། འཇིག་རྟེན་གྱི་བྱ་བ་ལ་ཟིན་དུས་མེད་པ་སྤོས་རྒྱའི་རི་མོ་ལྟ་བུར་ཤེས་པ་ནི་བྱ་བ་ངན་པ་མཐའ་སྡུད་པའི་མན་ངག་ཡིན་པའི་ཚུལ་རྟོགས་པར་བྱས་ནས་བླང་དོར་མ་ནོར་བར་བྱའོ། །ལྟ་སྤྱོད་མ་འཆོལ་ཕྱོགས་རེར་མ་འགྱུར་པ། །སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་དུ་བསླབ། །ཉམས་སློང་རང་ཡལ་དགེ་སྡིག་བླང་དོར་ལ། །རྟག་ཏུ་བག་ཡོད་ཡང་དག་སྤྱོད་པ་ཡིན། །ཞེས་པའང་སྐབས་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་འབྲས་བུ་མངོན་དུ་གྱུར་ཚུལ་ལ་གསུམ། འབྲས་བུ་གཏན་གྲོལ་གྱི་ས་ལ་ཕྱིན་ཚུལ་གྱི་རིམ་པ་དངོས། དེའི་གནད་མི་འཆུགས་པའི་གཟེར་ཤན་འབྱེད་ཀྱི་མན་ངག། རྒྱུ་མཚན་མཐར་ཐུག་འཁོར་འདས་ཆོས་ཉིད་ཆེན་པོས་ཆིངས་པའི་ཚུལ་ལོ། །དང་པོ་འབྲས་བུ་གཏན་གྲོལ་གྱི་ས་ལ་ཕྱིན་ཚུལ་གྱི་རིམ་པ་དངོས་ནི། དང་པོ་མཚན་ཉིད་དང་ལྡན་པའི་རྡོ་རྗེའི་བླ་མ་དམ་པ་བསྟེན་ཏེ་གང་ཉམས་སུ་བླང་བྱའི་དོན་དེ་མ་ནོར་བར་བསླབ་པ་ལ་བརྟེན་ནས་ཐོས་པའི་ཤེས་རབ་ཀྱི་སྒོ་ནས་ཤེས། བར་དུ་བརྟགས་ཤིང་དཔྱད་པས་རང་རྒྱུད་ལ་མྱོང་བ་ཐོན་པའི་ཚུལ་དུ་བསམ་པའི་ཤེས་རབ་ཀྱི་སྒོ་ནས་རྟོགས། དེ་ལྟར་ཤེས་པ་དང་རྟོགས་པ་ཙམ་གྱིས་གྲོལ་བ་མི་ཐོབ་པ་ནི་དཔེར་ན་ཟས་ཡོད་ཀྱང་མ་ཟོས་ན་མི་འགྲང་བ་ལྟ་བུ་ཡིན་པས། བྱ་བ་དགུ་སྤྲུགས་སུ་བཏང་ནས་གོམས་པར་བྱས་པས་སྒོམ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་རང་ཐོག་ཏུ་བརྟན་པ་ཐོབ་ནས་ནམ་ལངས་ཚེ་མུན་པ་མི་འབྱུང་བ་ལྟ་བུར་རིག་པའི་ཁོར་ཡུག་ཏུ་རྒྱ་མ་ཆད་པའི་དུས་སུ་ནི་རིག་པ་རང་ཐོག་ཏུ་རང་གདིང་ཐོབ་པ་ཡིན་ལ། ད་དུང་དེ་ཙམ་གྱིས་སངས་རྒྱས་པར་མི་འགྱུར་བས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་དུ་ཟད་ནས་འཁོར་བའི་སྣང་སེམས་ཀྱི་དྲི་ཙམ་ཡང་མེད་པར་ཆོས་དབྱིངས་ཀུན་ནས་ཟླུམ་པ་ཆེན་པོའི་ངང་དུ་འབྱམས་ཀླས་པར་གྱུར་པ་ནི་གྲོལ་བའི་ས་རུ་ཕེབས་པ་ཡིན་ལ། སྣང་བ་དེ་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཡུལ་མེད་དུ་སངས་ནས། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཆེན་པོར་དབང་བསྒྱུར་ནས་ཆོས་སྐུ་ནམ་མཁའ་ལྟ་བུར་སྐུ་གསུམ་མཉམ་བརྡལ་གྱི་རོལ་པའི་ཡོན་ཏན་ཡོངས་སུ་རྒྱས་པས་ན་སངས་རྒྱས་པ་ཡིན་ནོ། །གཉིས་པ་དེའི་གནད་མི་འཆུག་པའི་གཟེར་ཤན་འབྱེད་ཀྱི་མན་ངག་ལ་བཞི། སེམས་དང་རིག་པའི་ཤན་འབྱེད། ཡིད་དང་ཤེས་རབ་ཀྱི་ཤན་འབྱེད། རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་འབྱེད། ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་དོ། །དང་བོ་སེམས་དང་རིག་པའི་ཤན་འབྱེད་ནི། གཞི་མ་རིག་པ་ལས་རྩལ་རྣམ་པར་རྟོག་པ་སྐྱེ་འགག་གི་བདག་ཉིད་ཅན་ནི་སེམས་ཡིན་ལ། གཞི་མངོན་དུ་གྱུར་པ་ལས་རྩལ་ཡེ་བབས་ཆེན་པོའི་རང་བཞིན་ཅན་ནི་རིག་པ་སྟེ། ཕྱི་མ་ལ་གཞིའི་གནས་ལུགས་སམ་ཡིན་ལུགས་ཤེས་པ་གཞི་རིག་པ་དང་། ཆོས་ཉིད་མངོན་བྱེད་ཀྱི་ཤེས་པ་དྭངས་གསལ་རྙོག་མ་དང་བྲལ་བ་ནི་ལམ་རིག་པ། དེ་གཉིས་ཀ་དུས་འཛོམ་པ་ནི་ཁྱབ་བརྡལ་གྱི་རིག་པ་རྫོགས་པ་ཆེན་པོ་སྟེ་གསུམ་དུ་དབྱེའོ། །གཉིས་པ་ཡིད་དང་ཤེས་རབ་ཀྱི་ཤན་འབྱེད་ནི། རྣམ་པར་རྟོག་པའི་ཆོ་འཕྲུལ་མཆེད་པའི་སྣང་བ་ཐམས་ཅད་མངོན་དུ་བྱེད་པའི་ཤེས་པ་ལ་ཡིད་དང་། སྣང་བ་མཆེད་པའི་ཡུལ་དྲུག་གོ་མ་འགགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བརྗོད་དེ། ཤེས་རབ་ལ་ནི་གསུམ་སྟེ། འཁོར་འདས་སྟོང་ཉིད་ཆེན་པོའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་གཞིའི་ཤེས་རབ། ཤེས་པ་ཟང་ཀ་རྒྱ་ཡན་གོ་མ་འགགས་པ་དེ་ཉིད་ངོ་འཕྲོད་པ་ལམ་གྱི་ཤེས་རབ། དེ་གཉིས་ཀ་དུས་འཛོམ་པ་ལ་ཁྱབ་བྱེད་ཀྱི་ཤེས་རབ་བོ། །གསུམ་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་འབྱེད་ནི། འདོད་ཡོན་གྱི་སྣང་བ་མཆེད་པའི་སྣང་ཡུལ་གོ་མ་འགགས་པ་ལ་རྣམ་པར་ཤེས་པ་དང་། སྣང་བ་ལ་དངོས་པོར་འཛིན་པའི་རྣམ་པར་རྟོག་པ་གཡོ་བ་ལ་ནི་ལས་རླུང་ཞེས་ཀྱང་བྱའོ། །ཡིད་ཀྱི་ཤེས་པ་ཕྲ་རགས་དུས་འཛོམ་པ་ལས་འཁོར་བ་ཡོངས་སུ་གྲུབ་པའོ། །ཆོས་ཉིད་བདེ་གཤེགས་སྙིང་བོའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པའི་དུས་སུ་ཀུན་ཤེས་ཀུན་རིག་གི་གོ་མ་འགགས་པ་ལ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས། དེ་གཉིས་མཉམ་དུ་བརྡལ་བ་ལ་ཀ་དག་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །བཞི་པ་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་ལ། ཤན་འབྱེད་དངོས་དང་། དོམ་དམ་ཀུན་རྫོབ་གཉིས་སུ་གནད་བསྡུ་བའོ། །དང་པོ་ཤན་འབྱེད་དངོས་ནི། །གཞི་དབྱིངས་མ་རིག་པའི་དབང་གིས་ལུང་མ་བསྟན་དུ་སོང་བ་ནི་ཀུན་གཞི་སྟེ། དཔེར་ན་གཉིད་ཀྱི་ངང་དུ་རྨི་ལམ་སྣ་ཚོགས་སུ་སྣང་བ་ལྟར་དེའི་ངང་ལས་ལས་རླུང་སྣ་ཚོགས་གཡོས་པས་འཁོར་བ་ཀུན་གྱི་གཞི་དང་རྩ་བར་གྱུར་པས་དེ་སྐད་ཅེས་བརྗོད་པའོ། །ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་མཐའ་བྲལ་བར་ཧར་སངས་པའི་ངང་དུ་རྒྱ་ཡན་པ་ཆོས་ཀྱི་སྐུའོ། །གཉིས་པ་དོན་དམ་ཀུན་རྫོབ་གཉིས་སུ་གནད་བསྡུ་བ་ནི། དེ་ལྟར་གཞིའི་ཆོས་སྐུ་གཏིང་གསལ་ཆེན་པོ་མངོན་སུམ་བྱས་པའི་དུས་དེར། ངོ་བོ་འཁོར་འདས་དག་མཉམ་གྱི་ཆོས་སྐུ། གདངས་རང་བཞིན་ཡེ་ཤེས་ཡོན་ཏན་གྱི་ལོངས་སྐུ། རྩལ་ཐུགས་རྗེ་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་སྤྲུལ་སྐུ་སྟེ། དེའི་རོལ་པའམ་རང་བཞིན་ནི་དོན་དམ་པའོ། །གཞི་ཀ་དག་གི་ཡིན་ལུགས་དང་ངང་ཚུལ་མ་རིག་པའི་དུས་སུ། ངོ་བོ་ཀུན་གཞི། གདངས་མ་དག་པའི་སྣང་བ། རྩལ་སེམས་དང་སེམས་བྱུང་། དེའི་རོལ་བ་ནི་ཀུན་རྫོབ་ཅེས་བྱའོ། །གསུམ་པ་རྒྱུ་མཚན་མཐར་ཐུག་འཁོར་འདས་ཆོས་ཉིད་ཆེན་པོས་ཆིངས་པའི་ཚུལ་ནི། ཆུ་ཟླ་སོགས་ཆུ་རུ་སྣང་བའི་གཟུགས་བརྙན་ཐམས་ཅད་ཆུའི་རོལ་པ་ཆུ་ལས་མ་འདས་པ་དང་། སྣོད་བཅུད་ཐམས་ཅད་ནམ་མཁའི་རོལ་པ་ནམ་མཁའ་ཉིད་ལས་མ་འདས་པ་དང་། འཁོར་འདས་ཐམས་ཅད་སེམས་ཉིད་གཅིག་གི་རོལ་པ་སེམས་ཉིད་ལས་མ་འདས་པས་ན། གཟུགས་བརྙན་ཐམས་ཅད་ཆུ་ཉིད་ཀྱིས་ཆིངས་པ་དང་། བརྟན་གཡོ་ཐམས་ཅད་ནམ་མཁས་ཆིངས་པ་ལྟར། འཁོར་འདས་ཐམས་ཅད་ཆོས་ཉིད་ཆེན་པོས་ཆིངས་བས་ན། ཉེ་ལམ་མན་ངག་ཟབ་མོ་འདི་ལྟ་བུ་ལ་ཞུགས་ནས་དོན་གྱི་ཡིན་ལུགས་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་པའི་སྒོ་ནས་འབྲས་བུ་མངོན་དུ་གྱུར་བ་ལ་དཀའ་ཚེགས་མེད་པ་ཡིན་ནོ། །འཁོར་བའི་སྣང་སེམས་རྟོག་པའི་གྲྭ་ཟུར་ལས། །འདས་པ་ཀུན་ཟླུམ་ཐིག་ལེ་ཉག་གཅིག་ཏུ། །སྐུ་གསུམ་མཉམ་བརྡལ་མཐར་ཕྱིན་འབྲས་བུ་སྟེ། །ཤན་འབྱེད་མན་ངག་གནད་དང་ལྡན་པ་གཅེས། །ཞེས་པའང་དོན་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རོལ་པ་དང་། ཆིངས་པ་དང་། ཁྱབ་པ་དང་། བརྡལ་བའི་ངང་ཚུལ་ཐམས་ཅད་ཤེས་པར་བྱ་སྟེ་ཆོས་ཉིད་རང་ཁར་འདུག་པ། ངང་བཞག་བློ་འདས་རྒྱ་ཡན་ཆོས་ཉིད་ཅི་ཡང་མ་ཡིན་པའི་བརྗོད་བྲལ་ཆེན་པོ་ཉིད་དུ་ལ་བཟླ་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་མ་ཐོབ་ཀྱི་བར་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པ་གནད་མཆོག་ཏུ་ཟུངས་ཤིག། ཅེས་གསུངས་ཤིང་ཆོས་ཉིད་ཀྱི་དབྱིངས་སུ་འབྱམས་ཀླས་སོ། །ཞེས་པ་འདིས་ནི་འདི་ཡན་གྱི་གཞུང་གི་དོན་མཐའ་དག་མདོར་བསྡུས་པའི་ཚུལ་དུ་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་བདེན་མེད་ཀྱི་རོལ་པར་རྟོགས་པ་དང་། གཞི་དབྱིངས་གཅིག་པུའི་ངོ་བོ་ཉིད་དུ་ཆིངས་པ་དང་། སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་ཁྱབ་པར་རམ་ཕྱལ་བ་དང་། ཡོན་ཏན་ལྷུན་གྱིས་གྲུབ་པར་བརྡལ་བའི་ཚུལ་ཤེས་པར་བྱས་ནས་ཆོས་ཉིད་རང་གར་འདུག་པ་སྟེ། རང་བཞིན་གྱི་འདུག་ལུགས་སམ་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པའི་ལྟ་བ་དང་། དེའི་ངང་དུ་བློ་འདས་རྒྱ་ཡན་ཆེན་པོར་ལ་བཟླ་བ་བསྒོམ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དང་། ཞེས་པས་ནི་འབྲས་བུ། དེ་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པ་གནད་མཆོག་ཏུ་བཟུང་བས་མཚོན་སྤྱོད་པ་བསྟན་པ་ཡིན་པས་སོ། །དེས་ན་དེ་ནི་གཞུང་འདིའི་དོན་བསྡུ་ལྟ་བུར་དོན་གྱིས་སོང་བའི་གདམས་པ་ཁྱད་པར་ཅན་ཡིན་པར་ཤེས་པར་བྱའོ། །སླར་སྨྲས་པ། ཆོས་ཀུན་ལྷུན་རྫོགས་དོན་དམ་དབྱིངས་ཀྱི་ཚུལ། །ལྟ་སྒོམ་དབྱེར་མེད་རིག་པས་མངོན་དུ་བྱས། །ཚུལ་དོན་སྤྱོད་པས་ཀུན་རྫོབ་ཐབས་དང་བསྟུན། །མཐར་ཐུག་གྲོལ་འབྲས་བསླུ་མེད་ངེས་པར་ཐོབ། །ཐེག་བརྒྱད་བློས་བྱས་ཆོས་ཀྱིས་མ་བསླད་པ། །རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་ཨ་ཏི་ཡི། །ཐུན་མོང་མ་ཡིན་ཟབ་གནད་མཐར་ཐུག་དོན། །ཆོས་ཚུལ་འདི་ལས་གཞན་དུ་འདའ་བ་མེད། །དེ་ཕྱིར་ཤིན་ཏུ་ཟབ་ཅིང་རྟོགས་དཀའ་བས། །བླ་མའི་བྱིན་རླབས་སྔོན་བསགས་ལས་འཕྲོ་ལས། །ཀུན་ཁྱབ་ཚད་མ་གསུམ་གྱི་གཞལ་བྱ་སྟེ། །རྟོག་མེད་རྒྱུད་བསླད་མཁས་རློམས་སྤྱོད་ཡུལ་མིན། །ཀུན་བཟང་སྟོན་པ་པདྨ་ཀ་ར་ཡི། །རྣམ་འཕྲུལ་བསམ་ཡས་ཆུ་ཟླའི་རོལ་གར་ལས། །ཡོངས་སུ་སྣང་བ་རྒྱལ་བའི་བཀའ་ལ་ནི། །ནོར་དང་འཁྲུལ་བའི་དྲི་མ་ཡོད་སྲིད་དམ། །གོ་དོན་ཚུལ་བཞིན་སློང་བ་ཙམ་གྱིས་ཀྱང་། །དངོས་འཛིན་བརྟན་པ་འཇིགས་ལ་མངོན་ཕྱོགས་ཤིང་། །ཡང་དག་ལྟ་སྒོམ་གནད་ལ་བབས་ཀྱིས་གཞོལ། །རྟོགས་པའི་གཏེར་ཆེན་ཤུགས་ཀྱིས་རྡོལ་བར་འགྱུར། །བློ་ཡི་ཡུལ་མིན་བརྗོད་དང་བྲལ་བའི་དོན། །རྗོད་བྱེད་ཚིག་གི་འཕྲུལ་གྱིས་གསལ་བྱེད་པ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་གནས། །གདུལ་བྱའི་ཁམས་ལ་འཇུག་པའི་ཚུལ་གཅིག་ཡིན། །གཟིགས་པ་སྒྲིབ་བྲལ་ནུས་མཐུ་ཐོགས་མེད་པའི། །ལྷག་པའི་ལྷ་དང་ཌཱ་ཀི་ཆོས་སྲུང་ཚོགས། །ཆོས་འདི་སྣོད་མིན་སྐྱེ་བོར་སྦ་བྱེད་ཅིང་། །སྣོད་ལྡན་སྐལ་བཟང་ཚོགས་ལ་དར་རྒྱས་མཛོད། །འདིར་བརྟེན་ལེགས་བྱས་འོད་ཀྱི་དཀྱིལ་འཁོར་ཅན། །འགྲོ་རྒྱུད་དག་པ་བདེ་གཤེགས་སྙིང་པོའི་མཁར། །རབ་ཞུགས་ལྷན་སྐྱེས་འཁྲུལ་པའི་མུན་པ་སངས། །འཁྲུལ་མེད་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག། ཅེས་པ་འདི་ཡང་སྐྱེ་བ་དུ་མར་ལས་དང་སྨོན་ལམ་གྱིས་འབྲེལ་བའི་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོ་དང་མཁྱེན་རབ་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར། །ཁྲག་འཐུང་བདུད་འཇོམས་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཀློང་མཛོད་ལས་གཏན་ལ་ཕབ་པ་ཆོས་ཀྱི་བདག་པོ་སྐྱེས་མཆོག་དྲུག་ཅུ་རྩ་བརྒྱད་དུ་མཁའ་འགྲོས་ལུང་བསྟན་ནས་རྟེན་འབྲེལ་གྱི་དུས་ཚིགས་ཐོག་མ་ཡིན་ཅེས་ཨོ་རྒྱན་ཆེན་པོས་བཀའ་ཡིས་གནང་བ་ཕེབས་པའོ། །སྔོན་ཆད་རྗེ་རང་ཉིད་ཀྱི་སྐུའི་སྲས་མཁྱེན་རབ་ཀྱི་དབང་ཕྱུག་གྲུབ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཞུས་དག་ཅུང་ཟད་དུ་གནང་ཀྱང་། མ་ཕྱི་རྣམས་མང་དུ་རྒྱུན་འབྱམས་སུ་སོང་བ་ལ་ཡི་གེ་འབྲུ་ནོར་ཤིན་ཏུ་མང་བར་གྱུར་པ་ལས། གྲུབ་དབང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ནས་བཀའ་སྩལ་སྤྱི་བོར་ཕེབས་པ་དང་རྡོ་རྗེའི་མཆེད་པོ་འགའ་ཞིག་གིས་ཀྱང་ནན་བཞེད་ངོར་ལུགས་གཉིས་ཀྱི་བྱ་བཞག་གང་ལའང་སྙོམས་ལས་ཀྱི་ལེ་ལོས་དུས་འདའ་བཞིན་པ། བྱིམ་གྱི་དྲུང་དུ་སོས་དལ་དུ་སྡོད་པའི་དམ་པའི་སྐྱེས་མིང་དུ་སྒྲོ་བཏགས་པ་ཆོས་སྨྲ་བའི་གཟུགས་བརྙན་པདྨ་ལུང་རྟོགས་རྒྱ་མཚོར་འབོད་པས། ཞུས་དག་དང་བཅས་ས་བཅད་ཀྱི་ཁོང་དུ་ལེགས་པར་དྲངས་ཏེ་སུག་བྲིས་བགྱིས་པ་དགེ་བའི་མཐུ་ལས། དཔལ་ལྡན་བླ་མ་དམ་པ་ཡུམ་སྲས་ཀྱི་ཞབས་པད་བསྐལ་པ་རྒྱ་མཚོར་རབ་ཏུ་བརྟན་ཅིང་བདག་ཅག་རེས་ལྟོས་ཀུན་ཀྱང་སྐྱབས་འོག་ཏུ་ཚུད་པ་དང་། དུས་ཀྱི་ཡོ་ལང་ངན་པ་མཐའ་དག་མིང་གི་ལྷག་མར་གྱུར་ཅིང་གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག། ཨོཾ་སྭ་སྟི། བསྒྲངས་ཡས་ཐེག་པའི་ཡང་རྩེ་རྨད་བྱུང་བ། །སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་སྲོལ། །གསང་བ་མན་ངག་ཨ་ཏིའི་མཐར་ཐུག་ལམ། གདོད་མའི་གནས་ལུགས་རང་ཞལ་མཇལ་བའི་ཐབས། །གྲུབ་དབང་གཏེར་ཆེན་བདུད་འཇོམས་གླིང་བ་རྩལ། །གང་གི་ཐུགས་ཀློང་ཡེ་ཤེས་སྒྱུ་འཕྲུལ་ལས། །བརྒྱུད་གསུམ་རང་སྣང་སྟོན་པའི་ཕ་ཕོག་ཏུ། །རྩལ་བའི་གདམས་ཟབ་བདུད་རྩིའི་ཟེག་མ་འདི། །སྐལ་ལྡན་གདུལ་བྱའི་ཡིད་ཀྱི་པད་ཚལ་དུ། །རྡོ་རྗེ་སྙིང་པོའི་འོད་སྟོང་འབར་བའི་གཟི། །ནུབ་མེད་སྤྲོ་ཕྱིར་སྤར་གཞིའི་མཁའ་ལམ་ངོས། །ལྷག་བསམ་རྣམ་དཀར་ཤིང་རྟའི་འཕྲུལ་གྱིས་དྲངས། །ལེགས་བྱས་དེ་མཐུས་གསང་བསྟན་དྲི་བསུང་ཆེ། །མུ་མེད་ཕྱོགས་ཀྱི་ཕ་མཐར་བསྒྲོད་ནས་ཀྱང་། །ཡིད་ཅན་རྐང་དྲུག་ཚོགས་རྣམས་ཡོངས་བསྡུས་ཏེ། །རྣམ་གྲོལ་ཟིལ་མངར་མཆོག་ལ་སྦྱོར་གྱུར་ཅིག། ཅེས་པའང་སྦས་ལྗོངས་པདྨ་བཀོད་དུ་རྣམ་དཀར་བྱེད་པ་པོ་རིག་འཛིན་བདུད་འཇོམས་གླིང་པའི་མཚན་གྱི་བྱིན་རླབས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ཀྱིས་སྤར་བྱང་སྨོན་ཚིག་ཏུ་སྤེལ་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག། དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།