TTDL-ZABTER-12-NA-031

From Dudjom Wiki
Revision as of 07:56, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-031
Wylie title TTDL-ZABTER-12-NA-031.pdf
Location bdud 'joms gling pa zab gter
Volume 12, Text 31, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
[edit]
༠༠༠༠༠བརྡ་ཡིག༡༤༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་བཅུད་ཀྱི་དྭངས་མ་མྱུར་ལམ་འཕོ་བ་ཆེན་པོའི་གདམས་པ་མ་བསྒོམ་སངས་རྒྱས་བཞུགས་སོ༔ ༠༠༠༠༠བརྡ་ཡིག༡༤༨རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ སྒྱུ་འཕྲུལ་རོལ་པ་རང་ཤར་བའི༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷར༔ མི་ཕྱེད་དད་པས་གུས་ཕྱག་འཚལ༔ ༠༠༠༠༠བརྡ་ཡིག༡༤༨བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ ཚེ་སྔོན་ཚོགས་སྨོན་ལས་འཕྲོ་དུས་འཛོམ་པས༔ སྐལ་བཟང་སྐྱེས་བུ་ཁོ་ནའི་སྐལ་པ་རུ༔ མྱུར་ལམ་འཕོ་ཆེན་གདམས་པ་འདི་བསྟན་བྱ༔ སྒོ་འདི་ཉམས་སུ་ལེན་པའི་སྐྱེས་བུ་ཡིས༔ འཁོར་འདས་སྟོང་ཉིད་ཆེན་པོར་འུབ་ཆུབ་པའི༔ རོལ་པ་ཆེན་པོར་མངའ་དབང་བསྒྱུར་བ་དང་༔ ཇི་ལྟ་ཇི་སྙེད་ཤེས་རབ་ཆེན་པོ་ཡི༔ གནས་ལུགས་ཡིན་ལུགས་མངོན་བྱེད་བརྟན་ཐོབ་མཐར༔ སྒོ་གསུམ་མངོན་ཞེན་ལྡོག་ཕྱིར་དབེན་པའི་ས༔ མི་ཡི་རྒྱུ་འགྲུལ་མཐོང་ཚོར་མེད་པ་རུ༔ ཕྱིན་ཏེ་སྡེ་བརྒྱད་ཟོ་དོར་དྲེགས་པ་ཅན༔ བདེན་པའི་སྟོབས་ཀྱིས་སྔགས་དང་ཕྱག་རྒྱས་བཀུག༔ སྐྱེམས་དང་གཏོར་མ་འདོད་རྒུར་བསྒྱུར་ཏེ་ཕུལ༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་སྒྲུབ་པ་དང་༔ ས་ལམ་བར་ཆད་སེལ་བའི་གྲོགས་སུ་བསྐུལ༔ གླུད་དང་ལན་ཆགས་འབྲས་ཆན་བཏང་ནས་སུ༔ བགེགས་དང་ལོག་འདྲེན་བར་ཆད་བསྐྲད་བྱས་ཏེ༔ བསྲུང་བའི་འཁོར་ལོ་རིམ་པ་ལྔ་རུ་བསྐྱེད༔ དེ་དག་སྔོན་འགྲོའི་རིམ་པའི་ལེའུ་སྟེ་དང་པོའི༔ ས་མ་ཡ༔ གུ་ཧྱ༔ དེ་ནས་འཁོར་འདས་རུ་ཤན་འབྱེད་པ་ལ༔ ཕྱི་དང་ནང་དང་གསང་བ་རྣམ་གསུམ་ལས༔ དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ལ༔ བླ་མ་སྤྱི་བོར་བསྒོམས་ཤིང་དབང་བཞི་བླངས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད༔ ཚེ་རབས་དུ་མའི་ལས་ངན་བག་ཆགས་ཀྱི༔ རྒྱུ་དང་འབྲས་བུ་སྡུག་བསྔལ་མྱོང་འགྱུར་ཀུན༔ སྦྱངས་ཏེ་རྣམ་མཁྱེན་ས་རུ་བསྒྲོད་སྙམ་ཞིང་༔ དམྱལ་བ་ཡི་དྭགས་དུད་འགྲོ་རྣམ་གསུམ་དང་༔ ལྷ་མིན་ལྷ་དང་མི་དང་རྣམ་པ་གསུམ༔ ཡས་རིམ་བཞིན་དུ་ཡུལ་དང་སྡུག་བསྔལ་རྣམས༔ ཡིད་ལ་བྱས་ཏེ་སྡུག་བསྔལ་བློ་ཐོག་ཏུ༔ བླང་ཞིང་ལུས་དང་ངག་གི་རྣམ་འགྱུར་གྱིས༔ བྱ་སྤྱོད་རྣམ་པ་སྣ་ཚོགས་རིམ་བཞིན་སྤྱོད༔ སླར་ཡང་མས་རིམ་དེ་ལྟར་ཡང་ཡང་བསྐྱར༔ དཀའ་ཚེགས་སྐྱོ་ངལ་གཅེས་འཛིན་ཁྱད་བསད་དེ༔ ལུས་ཀྱི་མཆོང་རྒྱུག་འགྲེ་ལྡོག་བྱ་བ་དང་༔ ངག་གི་ཀྭི་བསྭོ་ཅ་ཅོ་སྣ་ཚོགས་དང་༔ ཡིད་ཀྱི་དུག་ལྔ་དུག་གསུམ་རྣམ་རྟོག་ཚོགས༔ བཙན་ཐབས་ཉིད་དུ་སློང་བར་བྱ་བ་སོགས༔ མདོར་ན་ཡིད་ལ་གང་དྲན་སྤྱོད་པ་སྤྱོད༔ མཐར་ཡང་རང་ཉིད་ཤཱཀྱ་ཐུབ་པར་བསྒོམ༔ ས་གནོན་མཉམ་བཞག་སྐྱིལ་ཀྲུང་གིས་འདུག་སྟེ༔ རིགས་དྲུག་སེམས་ཅན་གཅིག་ཀྱང་མ་ལུས་པ༔ བྱང་སེམས་ཉན་རང་འཁོར་གྱི་རིམ་པར་གྱུར༔ དེ་དག་རང་རང་རྒྱུད་དང་མཐུན་པ་ཡི༔ གང་འདུལ་ཆོས་འཁོར་བསྒོར་བར་བསམ་ནས་སུ༔ ཤེར་ཕྱིན་སྙིང་པོ་ལ་སོགས་འདོན་པར་བྱ༔ ཁམས་གསུམ་འཁོར་བའི་གནས་ཡུལ་སྣང་བ་ཀུན༔ སྒྱུ་མ་སྨིག་རྒྱུ་རྨི་ལམ་ཇི་བཞིན་དུ༔ ཤེས་ནས་མངོན་ཞེན་ལྡོག་ཚེ་འབྱོངས་པའི་ཚད༔ ཕྱི་ལྟར་རུ་ཤན་དབྱེ་བའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ གུ་ཧྱ༔ དེ་ནས་ནང་ལྟར་རུ་ཤན་དབྱེ་བ་ལ༔ སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་དང་༔ རྐང་མཐིལ་རྣམས་སུ་རིམ་པ་བཞིན་དུ་ནི༔ ལྷ་དང་ལྷ་མིན་མི་དང་བྱོལ་སོང་དང་༔ ཡི་དྭགས་དམྱལ་བའི་ས་བོན་རིམ་པ་བཞིན༔ ཨཿདཀར་སུཿསེར་ནྲྀཿལྗང་ཏྲིཿདམར་ནག༔ བྲེཿཡིག་ཐལ་སྐྱ་དུཿཡིག་ནག་པོ་རྣམས༔ རང་མདོག་བག་ཆགས་ཐིག་ལེའི་ཀློང་དུ་བསྐྱེད༔ འོད་འཕྲོས་འགྲོ་དྲུག་སོ་སོའི་སྡུག་བསྔལ་དང་༔ སྡིག་སྒྲིབ་བག་ཆགས་གནས་ཡུལ་དང་བཅས་པ༔ མ་ལུས་བསྡུས་ཏེ་ས་བོན་རྣམས་ལ་བསྟིམ༔ སྦྱོང་བྱེད་རྡོ་རྗེ་གསུམ་གྱི་ས་བོན་ནི༔ དཔྲལ་བར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་མཐིང་ལས་ནི་འོད་འཕྲོས་པས༔ བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀུན༔ བསྡུས་ཏེ་ཡི་གེ་འབྲུ་གསུམ་ལ་ཐིམ་པས༔ འོད་དང་འོད་ཕུང་བསྐལ་བའི་མེ་ལྟར་འབར༔ ས་བོན་དྲུག་པོ་བག་ཆགས་དང་བཅས་པ༔ རྩྭ་སྦུར་ཕྲ་མོར་དུས་མཐའི་མེ་མཆེད་བཞིན༔ རིམ་བཞིན་བསྲེགས་ཏེ་རྗེས་ཤུལ་ལྷག་མེད་དུ༔ སོང་མཐར་འོད་ཕུང་མེ་ཡི་རང་བཞིན་ཅན༔ ཆེར་མཆེད་ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ སྐུ་གསུམ་མཉམ་བརྡལ་རོལ་པར་བསྲེག་བྱས་ཏེ༔ འཁྲུལ་མི་ཤེས་པའི་དབྱིངས་སུ་བརྟན་ཐོབ་བསམ༔ མཐར་ནི་སྤྲོས་པ་བྲལ་བའི་དབྱིངས་སུ་བཞག༔ བསྔོ་བ་དང་ནི་སྨོན་ལམ་རྒྱ་ཡིས་གདབ༔ འབྲུ་གསུམ་རྡོ་རྗེའི་བཟླས་པ་བདུན་འབུམ་བསྐྱལ༔ ནམ་མཁའ་གཡའ་དག་ཉི་ཟླ་ཤར་བ་དང་༔ མཁའ་ལ་འཕུར་དང་དུང་དང་རོལ་མོ་སྒྲོགས༔ ཉམས་དང་རྟོགས་པའི་ཡོན་ཏན་གསར་དུ་སྐྱེ༔ དེ་དག་སྒྲིབ་པ་དག་པའི་ལྟས་སུ་འབྱུང་༔ རུ་ཤན་ནང་ལྟར་དབྱེ་བའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ གུ་ཧྱ༔ གསང་བ་ལྟར་དུ་རུ་ཤན་དབྱེ་བ་ལ༔ ལུས་ཀྱི་བྱ་བ་རྡོ་རྗེར་སྦྱང་བ་ནི༔ རང་ལུས་གནམ་ལྕགས་རྡོ་རྗེ་མེ་འབར་བ༔ རྩེ་གསུམ་ཡར་རྩེ་སྐུ་གསུམ་མཚོན་བྱེད་ལ༔ མར་རྩེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ སྐེད་པ་ལྷུན་གྲུབ་ཐབས་ཤེས་ཟུང་འཇུག་མཚོན༔ གསལ་ཞིང་ཐལ་མོ་སྤྱི་བོར་སྦྱར་བྱས་ཏེ༔ གྲུ་མོ་བསྒྲེང་ཞིང་རྐང་མཐིལ་ཁ་སྦྱར་ཏེ༔ པུས་མོ་བསྒྲད་ཅིང་གཞན་དུ་མི་ཡེངས་པར༔ དམིགས་པའི་གནད་ལ་འབད་ཅིང་གསལ་བར་བྱ༔ དཀའ་ཞིང་ངལ་དུབ་སྡོད་མི་ཚུགས་པའི་དུས༔ གན་རྐྱལ་ལོག་སྟེ་སྔར་བཞིན་དམིགས་གསལ་འབད༔ ཙོག་པུར་འདུག་སྟེ་སྔར་བཞིན་ཕྱག་རྒྱ་དང་༔ དམིགས་པའི་གནད་བཟུང་དེ་ལྟར་རེས་མོས་བསྐྱར༔ རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ་ཡིས༔ སྔོན་ལས་འཕྲལ་རྐྱེན་ངན་པའི་རྒྱུས་བསྐྱེད་པའི༔ བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཀུན༔ རྡུལ་དུ་བརླག་ཅིང་ཡུལ་མེད་ཆེན་པོར་བསྲེགས༔ གནད་དེས་ཕྱི་ནང་བར་ཆད་གེགས་སེལ་བྱེད༔ མཐར་ཐུག་ལུས་ཀྱང་སྐུ་ཡི་རོལ་པར་འཕོས༔ རྡོ་རྗེར་མཐོང་སྟེ་བགེགས་རྣམས་ཉེ་མི་ནུས༔ ལུས་ཀྱི་རུ་ཤན་དབྱེ་བའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ གུ་ཧྱ༔ དེ་ནས་ངག་སྦྱངས་བྱེད་པའི་རིམ་པ་ནི༔ རང་ཉིད་གསང་བདག་ཕྱག་ན་རྡོ་རྗེར་བསྒོམ༔ དུས་དང་བསྟུན་ཏེ་སྐུ་དང་སྲོག་སྙིང་གི༔ ཁ་དོག་དཀར་སེར་དམར་དང་མཐིང་གར་བསྒོམ༔ དང་པོ་ཕྱི་ཡི་སྣང་བར་རྒྱས་གདབ་པ༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཔག་མེད་པ༔ ཁ་ནས་ཐོན་ཏེ་སྣོད་བཅུད་བརྟན་གཡོ་ཀུན༔ ན་བུན་འཐིབ་བཞིན་གང་ནས་མ་ལུས་པ༔ ཐམས་ཅད་ཡི་གེ་ཧཱུྃ་དུ་ཞུ་བསམ་ཞིང་༔ སྐད་ཆེར་སྙན་ལ་རིང་བས་ཧཱུྃ་གླུ་གྱེར༔ སླར་ཡང་རང་གི་ལུས་ལ་རྒྱས་གདབ་ནི༔ བརྟན་གཡོ་ཧཱུྃ་དུ་གྱུར་པ་ཐམས་ཅད་དང་༔ སྤྲོས་པའི་ཧཱུྃ་རྣམས་ཚུར་འདུས་ཁ་ནས་ཞུགས༔ ལུས་གང་ལུས་པོ་ཧཱུྃ་གི་རྡུལ་ཕྲན་གྱིས༔ ཆ་ཙམ་འཚོགས་པའི་ཕུང་པོར་གསལ་ཏེ་གྱེར༔ མཐར་ནི་འཇའ་ཚོན་ནམ་མཁར་ཡལ་ལྟར་བསྡུ༔ དེ་ནས་ཕྱི་ཡི་དངོས་པོ་ཐམས་ཅད་ཀུན༔ སྟོང་པར་བཤིགས་པའི་རྩལ་ཆེན་སྦྱང་བ་ལ༔ རང་གི་སྙིང་གའི་ཧཱུྃ་མཐིང་གྲུ་གང་ཙམ༔ རྣོ་མྱུར་ཤུགས་དང་ལྡན་པ་ཞིག་འཕྲོས་ཏེ༔ མདུན་གྱི་རི་བྲག་ཐོག་རེག་རིམ་བཞིན་དུ༔ ཕྱི་ཐལ་ནང་ཐལ་ཟང་ཐལ་གྱིས་འབིག་ནས༔ གཞན་ཡང་རི་བྲག་དངོས་པོ་ཐོག་རེག་གི༔ རི་ཐང་རྫས་དང་དངོས་པོར་གྲུབ་བོ་ཅོག༔ ཕྱི་ཐལ་ནང་ཐལ་ཕུག་ཅིང་སྟོང་པར་སྦྱངས༔ སྣང་སྲིད་སྟོང་དབྱིངས་ནམ་མཁའི་རང་བཞིན་དུ༔ གསལ་བཞིན་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་བརྗོད༔ སླར་ཡང་རང་གི་ལུས་ལ་རྩལ་སྦྱང་བ༔ ཧཱུྃ་དེ་ཚུར་འདུས་ལུས་ཀྱི་ཕྱི་ནང་ཀུན༔ ཕྱི་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག༔ མཐར་ནི་སྟོང་གཟུགས་འོད་ཀྱི་ཕུང་པོར་བསྒོམ༔ དེ་ནས་མཉེན་བཙལ་མདུན་དུ་ཤིང་བུ་བཙུག༔ རང་གི་སྙིང་གར་ཧཱུྃ་ཞིག་བསྒོམ་བྱས་ཏེ༔ མེ་ལས་མེ་སྟག་ཆད་པ་ཅི་བཞིན་དུ༔ ཧཱུྃ་ལས་ཧཱུྃ་ཡིག་ལུ་གུ་རྒྱུད་དུ་འབྲེལ༔ ཁ་ནས་ཐོན་ཏེ་ཤིང་བུའི་རྩེར་སླེབ་ནས༔ གཡས་འཁོར་གྱིས་ནི་སྦྲུལ་འཁྱུད་ལྟར་དཀྲིས་ཏེ༔ ཧཱུྃ་ཡིག་སྔ་མ་དམིགས་རྟེན་རྩེར་ཕྱིན་ལ༔ ཤེས་པ་གཏད་དེ་ཧཱུྃ་གླུ་དལ་གྱིས་བརྗོད༔ སླར་ཡང་ལུགས་སུ་ལྡོག་སྟེ་སྙིང་གར་བསྡུ༔ དེ་ནས་ལམ་དུ་ཞུགས་པའི་རིམ་པ་ལ༔ རང་ལུས་ཧཱུྃ་ཡིག་མཐོ་གང་ཙམ་དུ་གསལ༔ སྲིན་བུའི་འགྲོས་ཀྱིས་ས་སྟེང་ཀུན་ཏུ་འགྲོ༔ རིགས་དྲུག་གནས་ཉུལ་འོད་ཀྱིས་འགྲོ་ཀུན་བསྒྲལ༔ སླར་ཡང་དཔག་ཆེན་མདའ་འཕང་ཇི་བཞིན་དུ༔ དབུས་ཕྱོགས་སྟུག་པོ་བཀོད་དང་ཤར་མངོན་དགའ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་དང་ནུབ་བདེ་ཆེན༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་རྣམས་སུ༔ ཕྱིན་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ༔ བསྐོར་བ་བྱ་ཞིང་ཕྱག་འཚལ་མཆོད་པ་འབུལ༔ དབང་ཞུ་ལུང་ནོད་སངས་རྒྱས་ལུང་བསྟན་ཐོབ༔ དེ་དག་ཀུན་ལ་ཧཱུྃ་གླུ་དལ་གྱིས་བརྗོད༔ མཐར་ནི་བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ དེ་དག་ནང་གི་རུ་ཤན་དབྱེ་བའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ གུ་ཧྱ༔ ཡིད་ཀྱི་རུ་ཤན་དབྱེ་བའི་རིམ་པ་ལ༔ མི་ཡི་རྒྱུ་འགྲུལ་མེད་པའི་གནས་དབེན་པར༔ ལུས་ནི་དུར་ཁྲོད་མི་རོ་ལྟ་བུ་རུ༔ གཡོ་འགུལ་མེད་པར་ཅི་བདེར་གནས་པ་དང་༔ ངག་ནི་ལྐུགས་པ་ལྟ་བུར་ཇི་བཞིན་དུ༔ སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ནས་བཞག༔ སེམས་ནི་སྤྲིན་མེད་ནམ་མཁའ་ཇི་བཞིན་དུ༔ བཅས་བཅོས་མེད་པར་ལྷོད་དེ་ཤིག་གེར་བཞག༔ དེ་མཐར་རྣམ་སྣང་མཛད་ཀྱི་ཆོས་བདུན་ནས༔ ལྟ་སྟངས་སྣ་རྩེར་ཕབ་སྟེ་སྡོད་པ་དང་༔ སླར་ཡང་སྐྱིལ་ཀྲུང་དང་བཅས་མཉམ་བཞག་སྟེ༔ མིག་ནི་བར་སྣང་ཁམས་སུ་ཧ་རེ་ལྟ༔ དེ་ནས་ལངས་ཏེ་གྱད་ཀྱི་འདོར་སྟབས་བསྒྲད༔ སྡིགས་མཛུབ་སྟེང་གི་ནམ་མཁར་འཕང་ནས་སུ༔ ཤེས་པ་ནམ་མཁར་མདུང་ཚུགས་ཀྱིས་གཏད་དེ༔ ཧཱུྃ་སྒྲ་བསྒྲགས་ཤིང་མིག་ཀྱང་ནམ་མཁར་བསྒྲད༔ ཡང་ཅིག་སྡིགས་མཛུབ་གཡོན་གྱི་ནམ་མཁར་འཕང་༔ མིག་དང་ཤེས་པ་མཁར་གཏད་རུ་ལུ་བསྒྲགས༔ དེ་བཞིན་སྔོན་འགྲོའི་སྤྱོད་པ་ཐམས་ཅད་ཀུན༔ ཞག་གྲངས་བརྒྱད་ཅུར་གནད་དུ་བསྣུན་ཏེ་བྱ༔ དེ་མཐུས་གནས་སྐབས་བར་ཆད་གེགས་སེལ་ཞིང་༔ མཐར་ཐུག་སྒོ་གསུམ་མ་དག་སྐྱོན་བྲལ་ནས༔ རྡོ་རྗེ་གསུམ་གྱི་རོལ་པར་སྨིན་གྲོལ་བྱེད༔ ཡིད་ཀྱི་རུ་ཤན་དབྱེ་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ གུ་ཧྱ༔ དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ༔ འདུག་སྟངས་རྣམ་པ་གསུམ་གྱི་གནད་མཆིས་པའི༔ དང་པོ་རྐང་མཐིལ་སར་ཕབ་པུས་བྲང་སྦྱར༔ ལག་པའི་སོར་བསྣོལ་པུས་མོར་འཁྱུད་པ་དང་༔ དཔུང་བསྣོལ་མཆན་ཁུང་འཆང་བའི་མཐིལ་དང་སྤྲད༔ ཡང་གཅིག་ལྐོག་མ་ལག་རྒྱབ་ཁ་སྦྱར་ཏེ༔ པུས་མོའི་སྟེང་དུ་གྲུ་མོ་བཙུག་ནས་སྡོད༔ དེ་ལ་སྤྲུལ་སྐུའི་ལམ་ཁྱེར་བྱ་བ་གནད༔ རྐང་མཐིལ་ཕྱིར་ཕུལ་ཁ་སྦུབས་པུས་བྲང་སྦྱར༔ གྲུ་མོ་སར་བཙུག་ལག་མཐིལ་འགྲམ་པ་བཏེགས༔ ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར་བྱ་བ་གནད༔ ཡང་གཅིག་རྐང་མཐིལ་མདུན་དུ་མཐིལ་སྤྲད་པའི༔ དབུས་སུ་རྡོ་རྗེ་ཁུ་ཚུར་སར་བཙུག་སྟེ༔ རྒལ་རྒྱུད་དྲང་པོར་བསྲངས་ཏེ་སྡོད་པ་ལ༔ ཆོས་སྐུའི་ལམ་ཁྱེར་བྱ་བ་གནད་དུ་ཤེས༔ ལྟ་སྟངས་འདུག་སྟངས་དང་པོར་སྣ་རྩེར་ཕབ༔ གཉིས་པར་གཡས་གཡོན་མདུན་ཐད་དྲང་པོར་ལྟ༔ གསུམ་པ་གྱེན་དུ་བཟློག་སྟེ་ལྟ་བ་ཡིན༔ སྒོ་གནད་མིག་ནི་ཕྱེད་བཙུམ་ཟིམ་བུར་བལྟ༔ རླུང་གནད་མཆུ་སོ་ཅུང་ཟད་མ་རེག་པའི༔ བར་ནས་དབུགས་ཀྱི་འབྱུང་འཇུག་དལ་བར་བསླབ༔ ཤེས་པ་མངོན་གྱུར་ངང་ལ་གཡོ་མེད་སྡོད༔ དེ་དག་རླུང་རིག་དལ་བའི་གནད་དུ་མཆོག༔ ལུས་མི་འགུལ་བར་དུར་ཁྲོད་རོ་བཞིན་སྡོད༔ ངག་ནི་མི་འགུལ་ལྐུག་པ་ལྟ་བུར་སྡོད༔ ཤེས་པ་མི་གཡོ་མངོན་གྱུར་ངང་དུ་བཞག༔ སྒོ་གསུམ་བྱ་བ་དགུ་ཕྲུགས་གནད་དུ་ཤེས༔ སྒོ་གསུམ་གྱི་གནད་བཤད་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ གུ་ཧྱ༔ གནས་ལུགས་གཞི་ཡི་སྒྲོན་མ་རྣམ་པ་དྲུག༔ ལུས་ཀྱི་དྭངས་མ་ཙིཏྟ་ཤ་ཡི་སྒྲོན༔ རྩ་ཡི་དྭངས་མ་ཀ་ཏི་ཤེལ་གྱི་སྦུག༔ སྒོ་ཡི་དྭངས་མ་རྒྱང་ཞགས་ཆུའི་སྒྲོན་མ༔ འདི་གསུམ་སྣོད་ཀྱི་སྒྲོན་མ་རྣམ་གསུམ་སྟེ༔ ཕྱི་འབྱུང་དྭངས་མ་ནང་དབྱིངས་རྣམ་དག་དང་༔ ནང་འབྱུང་དྭངས་མ་ཐིག་ལེ་སྟོང་སྒྲོན་དང་༔ འཆར་གཞི་ཤེས་རབ་རང་བྱུང་སྒྲོན་མ་རྣམས༔ བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ཞེས་བྱ༔ མདོར་ན་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་དང་༔ ཤེས་རབ་རང་བྱུང་སྒྲོན་མ་དང་བཅས་པ༔ རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་སྟེ༔ ཡེ་ནས་གནས་ལུགས་གཞི་ཡི་སྒྲོན་མ་དྲུག༔ སེམས་ཅན་ཀུན་ལ་རང་བྱུང་གནས་པ་ལ༔ མངོན་དུ་མ་གྱུར་བག་ལ་ཉལ་ནས་ཡོད༔ གཞི་དང་ལམ་གྱི་སྒྲོན་མའི་ངང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ༔ གུ་ཧྱ༔ ད་ནི་ཚུལ་བཞིན་ཤེས་པའི་ཤེས་རབ་ཀྱི༔ མངོན་གྱུར་སྙིགས་མ་དྭངས་མར་སྦྱོར་བའི་ཐབས༔ བརྒྱུད་གསུམ་རིག་འཛིན་བླ་མ་དམ་པ་དང་༔ ཕྱོགས་བཅུའི་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པ་རུ༔ ཐིབས་ཀྱིས་བྱུང་ནས་མིག་གི་ཨ་འབྲས་ནས༔ ཀ་ཏིའི་ལམ་ཞུགས་དབྱིངས་ཐིག་རོལ་པར་ཐིམ༔ ཆེར་མཆེད་རང་ལུས་ཕུང་ཁམས་སྐྱེ་མཆེད་དང་༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ འོད་ཕུང་རྣམ་ལྔའི་རོལ་པར་མེར་གྱིས་ཞུ༔ ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པ་རུ༔ གསལ་ཞིང་ཡུན་ཅིག་མཉམ་པར་བཞག་ནས་ཀྱང་༔ བསམ་བྱ་བསྒོམ་དམིགས་ཐམས་ཅད་ཆམ་བཞག་སྟེ༔ འོད་གདངས་མངོན་གྱུར་ལམ་བྱེད་བྱར་མེད་སྡོད༔ ཕྱི་ཡི་ནམ་མཁའ་སྟོང་དབྱིངས་ལས་གཞན་པའི༔ འོད་གདངས་ཅི་ཤར་གང་སྣང་ཐམས་ཅད་ཀུན༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྟེ༔ བཟང་ངན་རེ་དོགས་ཡིད་དཔྱོད་བཅས་བཅོས་སོགས༔ སྤངས་ཏེ་མངོན་གྱུར་ངང་ལ་ཆམ་གྱིས་བཞག༔ སྤྱིར་ན་འགྲོ་དྲུག་འཁྲུལ་པའི་སྣང་བ་རྣམས༔ ཤེས་པ་དང་པོ་ཡུལ་གྱི་རྣམ་པར་མཆེད༔ རྣམ་རྟོག་ཕྱི་མས་ཨ་འཐས་ཉེར་ལེན་པའི༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ལྔ་རུ་འཐས༔ མངོན་པར་ཞེན་པའི་རྐྱེན་གྱིས་འཁྲུལ་པར་འཕྱན༔ ལམ་འདིར་བསྟེན་པས་ཤེས་པ་དངོས་པོ་ཉིད༔ དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་ཏེ༔ མ་དག་བསྐལ་པ་དབྱིངས་སུ་འཇིག་པ་ཡིན༔ གནད་དེ་ཤེས་པ་ཡང་དག་གནད་ཀྱི་མཆོག༔ འབྱུང་བ་དྭངས་སྙིགས་ཀྱི་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ༔ ས་མ་ཡ༔ གུ་ཧྱ༔ དེ་ལྟར་ཚུལ་བཞིན་རྟོགས་པར་མ་གྱུར་ན༔ ཇི་ལྟར་བསྒོམ་ཀྱང་གཟུང་འཛིན་ལམ་དུ་གོལ༔ དེ་ཕྱིར་ཁྲེགས་ཆོད་ལྟ་བ་གཏན་ཕབ་ནས༔ འཁོར་འདས་རང་སྣང་ཉིད་དུ་རྟོགས་ནས་སླར༔ རང་སྣང་སྣང་ཙམ་ཉིད་ནས་སྟོང་པ་ཉིད༔ ངོ་བོ་སྟོང་ལ་རང་བཞིན་རང་གསལ་ཅན༔ སྟོང་དང་གསལ་བ་ཡ་མ་བྲལ་བ་སྟེ༔ དཔེར་ན་རྙོགས་མ་དྭངས་པའི་ཆུ་བཞིན་དུ༔ ཆུ་དང་དྭངས་གསལ་ཐ་དད་མ་གྲུབ་པ༔ དེ་བཞིན་གཟུགས་བརྙན་སྣ་ཚོགས་འཆར་རུང་བ༔ ཆུ་ཉིད་ཀྱིས་ནི་གཟུགས་བརྙན་སྣང་བ་ལས༔ ཆུ་ལས་གཞན་པའི་གཟུགས་བརྙན་མེད་བཞིན་དུ༔ སེམས་ཉིད་སྟོང་པའི་རང་བཞིན་གསལ་བ་ལས༔ སྣ་ཚོགས་སྣང་བའི་ཆོས་ཀུན་ཤར་བ་སྟེ༔ སྣང་བ་སེམས་མིན་སེམས་ལས་གཞན་མ་ཡིན༔ ནམ་མཁའ་ཉིད་ཀྱིས་འཇའ་ཚོན་སྣང་བ་བཞིན༔ རྒྱུ་རྐྱེན་འཕྲད་པས་རྟེན་ཅིང་འབྲེལ་འབྱུང་སྟེ༔ ཤེས་པ་དང་པོ་ཡུལ་དུ་གྱུར་པ་ལ༔ རླུང་གི་འགྱུ་འཕྲིག་གཡོ་བའི་ཆོ་འཕྲུལ་ཏེ༔ མ་རིག་རྐྱེན་གསུམ་འཐས་པའི་བྱེད་ལས་ཀྱིས༔ གཞི་ཡི་རང་མདངས་ལྷུམས་སུ་བསྒྲིབ་པ་ལས༔ འོད་ཀྱི་གདངས་ལྔ་ཤར་ལ་ངོས་འཛིན་གྱི༔ བག་ཆགས་འཐས་པས་འབྱུང་བ་ལྔ་རུ་བསྒྲིབ༔ མདངས་ལྔ་དྭངས་མར་བསྒྲིབ་པས་ནང་འབྱུང་ལྔ༔ ནང་འབྱུང་སྙིགས་མར་འཐས་པའི་ཕྱི་འབྱུང་ལྔ༔ ལུགས་སུ་འབྱུང་སྟེ་འཁོར་བར་འདུ་བྱེད་ཅིང་༔ ལུགས་སུ་ལྡོག་སྟེ་སྟོང་ཁྱབ་དབྱིངས་སུ་འཇིག༔ ངང་ཚུལ་རྟོགས་པའི་ཤེས་རབ་ཡེ་ཤེས་ཀྱིས༔ མ་དག་འཁོར་བའི་སྣང་ཞེན་ཐམས་ཅད་ཀུན༔ དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་པའི༔ འཕོ་བ་ཆེན་པོའི་མྱུར་ལམ་ལ་བརྟེན་པས༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཐུགས་གསང་ཆོས་ཉིད་རོལ་པའི་ཀློང་ཆེན་པོ༔ མངོན་གྱུར་གྲོལ་ཐོབ་མྱུར་ལམ་སྙིང་པོའི་ཆོས༔ ལམ་དང་སྒྲུབ་པ་གཞན་ལས་ཁྱད་དུ་འཕགས༔ དེ་ལྟར་རྩེ་གཅིག་ཉམས་ལེན་གནད་བསྣུན་པའི༔ བསྐྱེད་རིམ་ལྷུར་ལེན་བློ་ཡིས་འཆོས་པ་དང་༔ ཁྲེགས་ཆོད་ལྟ་བུར་ལྐོག་ཏུ་མ་གྱུར་བར༔ ཤེས་རབ་མིག་ལ་ཡེ་ཤེས་སྤྱན་ཚུད་པའི༔ གཞི་ཡི་རང་བཞིན་ཡེ་ཤེས་ལྔ་ཡི་གདངས༔ དྭངས་མ་འོད་ལྔའི་ཆོས་ཉིད་མངོན་སུམ་དུ༔ སྣང་ཞིང་མངོན་གྱུར་ངང་ལ་ཆམ་བཞག་པས༔ སྒོ་གསུམ་གཡོ་མེད་ངང་དུ་བརྟན་ཐོབ་པས༔ རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས་པ་ཡི༔ ལྟས་མཚན་ཚུལ་བཞིན་འབྱུང་སྟེ་ཆོས་ཉིད་ཀྱི༔ བདེན་པ་མངོན་དུ་མཐོང་ཞིང་རྣམ་གྲོལ་གྱི༔ ས་དང་ལམ་གྱི་དང་པོར་སླེབས་པ་ཡིན༔ ཁྲེགས་ཆོད་ལྟ་བ་ཇི་བཞིན་རྟོགས་ནས་སུ༔ ལམ་འདིའི་གནས་འགགས་ཇི་ལྟ་བ་བཞིན་དུ༔ ཤེས་ཏེ་ཕྱི་ཡི་རྐྱེན་གསུམ་ལ་བརྟེན་ནས༔ རྩེ་གཅིག་སྙིང་པོ་སྒྲུབ་ལ་བརྩོན་པའི་མི༔ ཟླ་བ་དྲུག་གིས་ངེས་པར་བརྟན་ཐོབ་ཅིང་༔ མངོན་སུམ་སྣང་བ་མཐོང་བའི་ཡོན་ཏན་གྱིས༔ ཕྱིན་ཆད་འཁོར་བར་མི་ལྡོག་གདིང་ཐོབ་བོ༔ ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་དང་ས་ཐོབ་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ གུ་ཧྱ༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་གྱིས༔ དེ་ལྟར་རྣལ་མའི་དོན་ལ་རྩེ་གཅིག་ཏུ༔ གནད་དུ་བསྣུན་པའི་ཕྱི་རྟགས་འོད་གསལ་གྱི༔ དབྱིངས་དང་ཐིག་ལེ་རིམ་བཞིན་གོང་འཕེལ་གྱི༔ ཚུལ་དུ་སྣང་སྟེ་གྲུ་ཆད་རྣམ་པ་ནས༔ དབྱིངས་སྣང་མཆོད་རྟེན་མདུང་རྩེ་རལ་གྲི་དང་༔ འཁོར་ལོ་རྡོ་རྗེ་པདྨ་རེ་ལྡེ་དང་༔ མེ་ལོང་སྤྲིན་དཔུང་ལྟ་བུའི་རྣམ་པར་མཆེད༔ ཐིག་ལེ་ཉ་མིག་ཙམ་ནས་རིམ་པ་བཞིན༔ མཐེབ་གོར་དང་ནི་ཁམ་ཕོར་རྔ་ཆུང་དང་༔ ཤིང་རྟའི་འཕང་ལོ་ཕུབ་ཀྱི་རྦ་འཁོར་དང་༔ ཤིན་ཏུ་ཆེ་བ་འདོམས་ཀྱིས་འཁོར་ཙམ་གྱི༔ བར་དུ་མཆེད་པ་འོད་ལྔའི་མུ་ཁྱུད་ཅན༔ མི་གཡོ་མི་འགུལ་ལྷན་ནེར་གནས་པར་སྣང་༔ རྡོ་རྗེ་ལུག་རྒྱུད་རྟ་རྔའི་ཉག་ཕྲན་ཙམ༔ གསེར་སྐུད་ལྟ་བུར་འོད་དང་ལྡན་པ་ལ༔ ཕྲ་ཞིང་འཁྱོགས་ལ་འགྲོ་འོང་རྣམ་པ་རུ༔ ཆོས་ཉིད་མངོན་སུམ་དུས་སུ་སྣང་བ་ནས༔ གོང་འཕེལ་དུས་སུ་ཅུང་ཟད་བརྟན་གྱུར་ཏེ༔ མུ་ཏིག་ཕྲ་མོ་བསྟར་ལ་བརྒྱུས་པ་བཞིན༔ སྨིན་ཏེ་རིམ་བཞིན་ཆེར་འཕེལ་ཇེ་བརྟན་འགྱུར༔ མཐར་ནི་ས་རྡོ་རི་བྲག་གཟུགས་བརྙན་ཀུན༔ མ་དག་སྣང་བ་རྡུལ་ཙམ་མི་མངོན་པར༔ དྭངས་མ་འོད་དང་འཇའ་ཚོན་རྣམ་པར་སྣང་༔ དེ་ནི་ཕྱི་ཡི་འཕེལ་ཚད་རྫོགས་པ་ཡིས༔ ནང་རྟགས་ལུས་དང་རྩ་ཁམས་འཁྲུག་པ་ལས༔ གྱེན་རྒྱུ་སྲོག་འཛིན་མེ་མཉམ་ཁྱབ་བྱེད་དང་༔ ཐུར་སེལ་རླུང་ལ་འཕེལ་གྲིབ་བྱུང་བ་ཡི༔ བྱེད་ལས་བདེ་སྡུག་ན་ཚ་ཟུག་རྔུ་དང་༔ ཟ་ཟི་བྱ་སྤྱོད་མ་ངེས་སྣ་ཚོགས་ཀྱི༔ སྤྱོད་པ་བྱེད་ཅིང་བརྟན་གནས་མེད་པ་ཡིན༔ ངག་ཀྱང་སྨྱོན་པ་རང་ཚིག་རྡོལ་བ་བཞིན༔ གླུ་དང་མགུར་མ་ལ་སོགས་ཆོས་ཚིག་དང་༔ འཇིག་རྟེན་ཐ་མལ་པ་ཡི་འཆོལ་ཚིག་རྣམས༔ མ་བསམ་བཞིན་དུ་རང་རྡོལ་འབྱུང་འགྱུར་ཏེ༔ སེམས་ཀྱང་སྨྱོན་པ་འུར་གྱིས་བསླང་བ་ལྟར༔ གཏད་མེད་འཛིན་མེད་བྱུང་རྒྱལ་ངང་གྱུར་ཏེ༔ འདུག་ཚེ་སྡོད་སྙིང་མི་འདོད་སྡོད་མི་ཚུགས༔ འགྲོ་ཚེ་འགྲོ་སྙིང་མི་འདོད་འདུག་པར་སེམས༔ ཉོན་ཡིད་བསླང་ནས་དུག་ལྔ་རེས་མོས་སུ༔ ཤིན་ཏུ་དྲག་ལ་ཤུགས་ཆེ་བ་རུ་ལྡང་༔ རེས་འགའ་སྙིང་རྗེ་ངེས་འབྱུང་རྩལ་འབར་ཏེ༔ ངུ་སྙིང་འདོད་ཅིང་བཟོད་མེད་སྡུག་བསྔལ་འཆར༔ མ་དག་བསྐལ་པ་དབྱིངས་སུ་འཇིག་པའི་ལྟས༔ མ་ངེས་ཉམས་སྣང་ཆལ་མ་ཆོལ་མར་འབྱུང་༔ ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན་སྣང་༔ མོ་རྩིས་སྨན་དཔྱད་ཀུན་ཀྱང་རབ་ཏུ་འཁྲུགས༔ དེ་དག་བདེན་མེད་ཉམས་ཀྱི་སྣང་བ་རུ༔ ཤེས་ཏེ་བདེན་ཞེན་མེད་པར་འཇོག་ནུས་ན༔ སྒྱུ་མ་རྨི་ལམ་ལྟ་བུར་རིམ་བཞིན་ཡལ༔ འདི་ཡི་ཡོན་ཏན་མངོན་སུམ་སྣང་བའི་དུས༔ རང་བཞིན་སྤྲུལ་པའི་སྐུ་རུ་དབུགས་འབྱིན་འགྱུར༔ གྲུ་ཆད་རྣམ་པར་ཤར་བའི་དུས་སྐབས་སུ༔ བར་དོ་མེད་པར་གྲོལ་འགྱུར་གདོན་མི་ཟ༔ འཕེལ་ཚད་རྫོགས་ཚེ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ མདོར་ན་ས་མཚམས་འདི་ལ་བབ་པའི་ཚེ༔ འཁོར་བར་མི་ལྡོག་སྲིད་ལས་རྣམ་པར་རྒྱལ༔ གོང་འཕེལ་དང་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡ༔ གུ་ཧྱ༔ དེ་ལྟར་ཡང་ཡང་སྦྱངས་པའི་སྟོབས་བསྐྱེད་པས༔ རིག་པ་བཅུད་དུ་སྨིན་ཅིང་ཚད་ལ་ཕེབས༔ ཕྱི་རྟགས་དབྱིངས་སྣང་གཞལ་ཡས་ཁང་དུ་མཆེད༔ ཐིག་ལེ་ལྔ་ཚོམ་ཤར་བའི་ནང་དབུས་སུ༔ རིགས་ལྔའི་ཕྱག་རྒྱ་ཡར་ཕྱེད་གདོང་ཕྱེད་དུ༔ སྣང་ཞིང་ཚད་སྨིན་སྐུ་རྐྱང་ཚང་བར་འཆར༔ མཐར་ནི་ཚོམ་བུ་ལྔ་ལྔར་ཤར་བའི་ནང་༔ རྣམ་སྣང་རྡོར་སེམས་རིན་འབྱུང་སྣང་མཐའ་ཡས༔ དོན་ཡོད་གྲུབ་པ་ཡུམ་དང་བཅས་པ་ལ༔ འཁོར་ཀྱང་སེམས་དཔའ་སེམས་མ་བཞི་བཞིར་བཅས༔ མཛེས་ཤིང་སྐྱེ་མཆེད་རྒྱན་རྫོགས་རྣམ་པར་འཆར༔ རྡོ་རྗེ་ལུག་རྒྱུད་དཀར་སེར་དམར་ལྗང་གུ༔ མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་རུ༔ དྲྭ་བ་དྲྭ་ཕྱེད་རྣམ་པར་འཆར་བ་ཡིན༔ ནང་རྟགས་ལུས་ནི་ཟང་ཐལ་དྲི་མེད་ཀྱིས༔ དངོས་པོ་ཐོག་རེག་ཀུན་ལ་ཐོགས་པ་མེད༔ ངག་ནི་ཆོས་ཚིག་གཏམ་རྒྱུད་གླུ་མགུར་མ༔ རང་རྡོལ་བྱུང་སྟེ་གཞན་སྣང་དགེ་ལ་སྦྱོར༔ སེམས་ཉིད་ཡེ་ཤེས་ལྔ་རུ་གོ་འཕོས་ཏེ༔ སྤྲུལ་བསྒྱུར་སྐྱེ་འཇུག་རྣམས་ལ་རང་དབང་བསྒྱུར༔ འདི་དུས་གདུལ་བྱ་ཐེར་འབུམ་དང་བཅས་པ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ས་རུ་གྲོལ༔ རིག་པ་ཚད་ཕེབས་ཀྱི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡ༔ གུ་ཧྱ༔ བསྐལ་མང་གོང་ནས་བསོད་ནམས་རྒྱ་ཆེན་པོ༔ བསགས་དང་སྨོན་ལམ་བཟང་པོའི་སྟོབས་ལྡན་ཏེ༔ ཐེག་ཆེན་ཆོས་ལ་ལས་འབྲེལ་བཞག་པ་ཡི༔ སྐྱེས་བུ་སྐལ་བ་བཟང་པོ་ཉིན་སྐར་ཙམ༔ སྲིད་ན་ཉིན་མཚན་ཁ་སྦྱར་རིམ་པས་སྦྱངས༔ ཉིན་དུས་འོད་གསལ་སྣང་བ་མངོན་བྱེད་ཅིང་༔ མཚན་མ་ཉལ་ཚེ་ཤེས་བྱ་བུམ་པར་བསྡུ༔ ལུས་ནང་དབུ་མ་མཚན་ཉིད་བཞི་ལྡན་བསྒོམ༔ ལྟེ་བར་ཨ་ཐུང་དམར་གསལ་གསལ་བ་ལས༔ གཏུམ་མོ་ཡེ་ཤེས་མེ་ལྕེ་རབ་མཆེད་དེ༔ འཁོར་ལོ་བཞི་ཁྱབ་སྤྱི་བོར་ཧཾ་ལ་ཕོག༔ ཧཾ་ལས་བདེ་སྟོང་བདུད་རྩིའི་ཆུ་རྒྱུན་བྱུང་༔ ལྟེ་བའི་ཨ་ཐུང་ཉིད་ལ་ཕོག་པ་ལས༔ མེ་དང་བདུད་རྩི་གཉིས་མེད་རབ་མཆེད་དེ༔ ནད་གདོན་ལས་ཉོན་སྡིག་སྒྲིབ་བག་ཆགས་བསྲེགས༔ རང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས༔ དབུ་མའི་སྦུབས་དང་མེ་ལ་ཤེས་པ་གཏད༔ གཞན་དུ་མི་འགྱུར་དེའི་ངང་གཉིད་ནས་སླར༔ ནམ་ཕྱེད་ལོངས་སྐུའི་འདུག་སྟངས་ལ་བརྟེན་ཏེ༔ སྣ་རྩེར་ཐིག་ལེ་དཀར་པོ་ཞིག་གསལ་ཏེ༔ རང་གི་ལུས་ངག་ཡིད་གསུམ་འོད་དུ་ཞུ༔ ཆུ་ཉིད་ལ་ནི་ཆུ་བཞག་ཇི་བཞིན་དུ༔ སྣ་རྩེའི་ཐིག་ལེ་ཉིད་ལ་ཐིམ་བྱས་ཏེ༔ ཐིག་ལེ་མངོན་བྱེད་ངང་ནས་ཐུན་ཆུང་བཟུང་༔ མཐར་ནི་དབུ་མ་སྔར་བཞིན་གསལ་བཏབ་སྟེ༔ སྙིང་གར་ཨ་དཀར་གསལ་འཚེར་འོད་འབར་བསྒོམ༔ དབུ་མའི་ཡར་སྣེར་དེ་བཞིན་ཨ་དཀར་པོ༔ དེ་གཉིས་བར་དུ་ཨ་དཀར་བཅུ་དགུ་ནི༔ འོད་དང་འོད་ཟེར་འབར་བའི་རང་བཞིན་ཅན༔ དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུར་གསལ༔ བརྒྱུད་གསུམ་བླ་མ་རྒྱ་མཚོ་མ་ལུས་པ༔ འོད་ཕུང་སྤྲིན་དཀར་རྣམ་པར་བསྡུས་ཏེ་ཐིམ༔ ཨ་ནི་རིམ་བཞིན་དང་པོ་མས་རིམ་དུ༔ གཉིས་པར་ཐིམ་སྟེ་གཉིས་ཀྱི་འོད་བཀྲག་མདངས༔ འབར་བཞིན་རིམ་བསྡུས་སྙིང་གའི་ཨ་ལ་ཐིམ༔ ཨ་དཀར་ཉེར་གཅིག་བཀྲག་མདངས་གཟི་བརྗིད་འདུས༔ དབུ་མའི་ནང་ཀུན་འོད་ཀྱིས་གང་བ་ལ༔ ཤེས་པ་གཏད་དེ་གཉིད་དུ་ཕྱོགས་ནས་སུ༔ ཐོ་རངས་འབྱུང་ཁམས་དག་སྦྱོར་བྱེད་པ་ལ༔ དང་པོ་མལ་ནས་ལངས་ཏེ་ཧ་ཞེས་སྒྲས༔ དབུགས་རིང་གསུམ་འཕང་དུག་གསུམ་ལས་ཀྱི་རླུང་༔ ཁམ་ནག་དམར་དང་ནག་པོའི་རྣམ་པར་ཐོན༔ སྙིང་གའི་ཨ་ལས་མེ་ལས་མེ་སྟག་བཞིན༔ སྨིན་མཚམས་ཐད་ཀྱི་ནམ་མཁར་སོར་ལྔའི་མཚམས༔ དང་པོ་ཨ་མཐིང་ནམ་མཁའི་རང་བཞིན་དུ༔ གཉིས་པ་ཨ་དཀར་ཆུ་ཡི་སྙིང་པོར་བསྒོམ༔ གསུམ་པ་སེར་པོ་ས་ཡི་རང་བཞིན་དང་༔ བཞི་པ་དམར་པོ་མེ་ཡི་སྙིང་པོ་དང་༔ ལྔ་པ་ལྗང་གུ་རླུང་གི་སྙིང་པོ་རྣམས༔ གསལ་ཏེ་ཤེས་པ་མིག་ལ་གཏད་ནས་སུ༔ མིག་ནི་ཨ་ཡིག་ཉིད་ལ་གཏད་དེ་སྡོད༔ མཐར་ནི་ཨ་ལས་རང་མདོག་འོད་འཕྲོས་ཏེ༔ རང་ལུས་ཕུང་ཁམས་སྣོད་བཅུད་སྣང་བ་ཀུན༔ འོད་ཞུ་མདུན་གྱི་ཨ་ཡིག་ཉིད་ལ་ཐིམ༔ ཨ་ཡིག་འོད་ཞུ་ནམ་མཁའ་ཆུ་དང་ནི༔ ས་མེ་རླུང་རྣམས་དྭངས་མར་འོད་དུ་ཞུ༔ ནམ་མཁས་གར་ཁྱབ་འབྱུང་བའི་ཁ་དོག་གི༔ འབྱུང་བའི་རྣམ་པར་བརྡལ་ཁྱབ་ཆེན་པོ་གསལ༔ དེ་ངང་མཉམ་པར་བཞག་ཅིང་མཐར་ནི་ཡང་༔ དམིགས་མེད་ངང་བཞག་བསྔོ་སྨོན་རྒྱ་ཡིས་བཏབ༔ བར་སྐབས་འཆི་བ་སྦྱངས་པའི་མན་ངག་ནི༔ ལུས་ནི་སེང་གེ་ཉལ་སྟབས་ཀྱིས་གནས་ཤིང་༔ འཆི་བའི་དུས་བབ་ཡིད་ལ་བྱས་ནས་སུ༔ ཤེས་པ་མིག་དང་མིག་ནི་ནམ་མཁར་བལྟ༔ ནམ་མཁའ་རྣམ་པར་དག་པའི་མཁའ་ཀློང་དུ༔ ད་ནི་མྱ་ངན་འདའ་འོ་བསམ་ནས་སྡོད༔ ཡང་ཅིག་གླང་ཆེན་ཉལ་སྟབས་ཀྱིས་སྡོད་ཅིང་༔ བདག་ནི་ངེས་པར་འཆི་བའི་དུས་བབ་ཀྱི༔ དུས་དེ་ཡིད་ལ་བྱས་ནས་ཞེན་ཆགས་སྤངས༔ ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཡིད་བྱེད་ཅིང་༔ གོང་བཞིན་ཤེས་པ་མིག་ལ་གཏད་ནས་སུ༔ མིག་གི་དབྱིངས་སྣང་མངོན་དུ་བྱེད་པ་དང་༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ༔ གོ་འཕོས་ཟུང་འཇུག་ཆེན་པོར་འབྱམས་ཀླས་བཞག༔ སླར་ཡང་དྲང་སྲོང་ཙོག་པུ་གྱིས་སྡོད་ཅིང་༔ མ་དག་འཁོར་བའི་སེམས་དང་སྣང་བ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ཅི་བཞིན་དུ༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཡིད་བྱེད་ཅིང་༔ དབྱིངས་སྣང་མངོན་བྱེད་སྤྲོས་པ་བྲལ་བར་བཞག༔ གནད་དེས་འཆི་བ་འོད་གསལ་ཆེན་པོར་འཕོ༔ རང་བཞིན་རྣམ་དག་ཞིང་དུ་འཕོ་ནུས་འགྱུར༔ འབྱུང་བ་ཟད་པའི་སྐྱེ་མཆེད་འགྲུབ་པ་དང་འཆི་བ་སྦྱང་བའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡ༔ གུ་ཧྱ༔ དེ་ལྟར་སྦྱངས་པའི་ཡོན་ཏན་མཐར་ཕྱིན་ཏེ༔ རིགས་ལྔའི་ཚོམ་བུ་རང་མདོག་རེས་མོས་སུ༔ ཤར་ནས་འོད་ཟེར་ཆེན་པོའི་དབང་ནོད་དེ༔ ཆོས་ཅན་སྣང་བ་ཆོས་ཉིད་ཆེན་པོ་རུ༔ ཟད་པས་མི་འཇིགས་ཆེན་པོ་བཞི་ཐོབ་སྟེ༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ངང་དུ་འབྱམས༔ ལུས་ནི་དུར་ཁྲོད་མི་རོ་ཇི་བཞིན་དུ༔ འཇིགས་པའི་ཡུལ་དང་འཇིགས་དང་དོགས་པ་མེད༔ ངག་ནི་བྲག་ལ་བྲག་ཆ་སྣང་བ་བཞིན༔ སྒྲ་རྣམས་ཀུན་གྱི་རྗེས་སུ་ཟློས་པ་ལས༔ འཛིན་དང་ཞེན་པ་མེད་པར་རང་རྡོལ་འོང་༔ ཡིད་དང་འཛིན་རྟོག་ཡེ་ཤེས་དབྱིངས་སུ་ཞིག༔ ཆབ་རོམ་གྲང་ལྷག་སྤུན་ཐག་དང་བྲལ་ཚེ༔ ཆུ་ཡི་རང་བཞིན་ཉིད་དུ་ཞིག་པ་བཞིན༔ གཟུང་འཛིན་གཉིས་ཀྱི་སྤུན་ཐག་དང་བྲལ་ཏེ༔ གདོད་མ་གཞི་ཡི་ངང་དུ་འབྱམས་ཀླས་སོ༔ ཆོས་ཟད་བློ་འདས་ཆེན་པོའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡ༔ གུ་ཧྱ༔ སླར་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཉིད༔ དབྱིངས་སུ་ཞིག་ཏེ་དྲི་མ་དང་བྲལ་ནས༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་ཆེན་པོ་ཡི༔ ཆོས་ཉིད་དེ་བཞིན་ཉིད་ལ་མངའ་དབང་བསྒྱུར༔ ཇི་སྙེད་གཟིགས་པའི་ཡེ་ཤེས་མངོན་གྱུར་ཏེ༔ སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས༔ འཕོ་ཆེན་དང་ནི་འཇའ་ལུས་ཆེན་པོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པ་ཡིན༔ ལམ་འདིར་འཇུག་པའི་སྐྱེས་བུ་ལས་ཅན་རྣམས༔ མི་ལོ་བཅུ་གཉིས་བར་མ་ཆད་པ་རུ༔ ཉམས་ལེན་གནད་དུ་བསྣུན་པ་གང་སུ་དག༔ འཇའ་ལུས་ཆོས་སྐུ་འགྲུབ་པའི་གཏན་ཚིག་གོ༔ ཆོས་ཟད་བློ་འདས་ཆེན་པོའི་ས་ལ་ཕེབས་པའི་མཐར་ཟླ་བ་གཅིག་གམ་བདུན་ནམ་བཅུ་གཉིས་ནས་སངས་རྒྱས་ཚུལ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡ༔ གུ་ཧྱ༔ བཀའ་སྲུང་དྲེགས་པ་གནོད་སྦྱིན་དམར་ནག་དང་༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཉིད་ལ་གཏད༔ ཆོས་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ ཀ་དག་ཀུན་ཏུ་བཟང་པོའི་ས་རུ་སྐྱོལ༔ བཀའ་ལོག་བསྟན་དགྲ་གདུག་པའི་སྙིང་ཁྲག་རོལ༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མངོན་དགའ་དང་དགེ་དཔལ་དང་ངག་ཕྲིན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར་ཡུལ་སྐྱོངས་རྫ་རྒྱལ་འཕན་པོའི་ཉེ་འདབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།