TTDL-ZABTER-12-NA-049

From Dudjom Wiki
Revision as of 08:00, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-049
Wylie title TTDL-ZABTER-12-NA-049.pdf
Location bdud 'joms gling pa zab gter
Volume 12, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠༠བརྡ་ཡིག༢༨༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རིག་འཛིན་པདྨ་རྒྱལ་པོའི་གསང་སྒྲུབ་རྡོ་རྗེའི་རྒྱ་ཅན་ཁམས་གསུམ་དབང་སྡུད་རྡོ་རྗེའི་ལྕགས་ཀྱུ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༨༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༨༦ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ འབྱུང་པོ་མུ་ཏོའི་སྨོན་ལོག་མཐུས༔ མི་སྲུན་སྐྱེ་བོའི་བླ་བསླུ་སྟེ༔ བསྟན་དང་འགྲོ་བའི་བདེ་སྐྱིད་འཕྲོག༔ ཐུབ་བསྟན་ཟླ་ཞལ་སྤྲིན་གྱིས་བསྒྲིབ༔ སྔགས་ཀྱི་ཉི་གཞོན་འབར་བའི་འོད༔ སྒྲ་གཅན་ཁ་རུ་ཚུད་ཉེ་བའི༔ དེ་ཚེ་དུས་གསུམ་རྒྱལ་བ་ཡི༔ ཕྲིན་ལས་མངའ་བདག་པདྨ་འབྱུང་༔ བསྙེན་བསྒྲུབ་གནད་ལ་ཆེར་བརྩོན་ན༔ བདུད་དང་ལོག་ལྟའི་གཡུལ་ལས་རྒྱལ༔ ས་མ་ཡ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་༔ གང་འདུལ་སྤྲུལ་པའི་རོལ་རྩལ་ཆུ་ཟླའི་གར༔ གདུལ་དཀའ་འདུལ་མཛད་སྟོན་འཁོར་བཅས་པ་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ གཏན་གྱི་མགོན་པོ་མཆོག་ཁྱོད་དགོངས་སུ་གསོལ༔ ཇི་ལྟར་ཁྱོད་ཀྱི་བྱང་ཆུབ་ཐུགས་བསྐྱེད་ཅིང་༔ བསླབ་པ་ལ་གནས་བདག་གིས་ཇི་བཞིན་དུ༔ བྱང་ཆུབ་སེམས་དེ་བསླབ་ལ་གནས་པར་བགྱི༔ ལན་གསུམ༔ རླབས་ཆེན་སྤྱོད་པས་འཁོར་བ་དོང་སྤྲུགས་ཕྱིར༔ མགོན་པོ་ཁྱོད་ཀྱི་གོ་འཕང་ངེས་སྒྲུབ་ཅིང་༔ རྡོ་རྗེ་གསུམ་གྱི་གྲོང་ཁྱེར་ལ་འཇུག་བྱ༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ད་སྩོལ་ཅིག༔ དེ་ནས་ལྷ་བསྐྱེད་པ་ནི༔ ཨ༔ གཟུང་དང་འཛིན་པའི་ཆོས་རྣམས་ཀུན༔ ཆོས་ཉིད་དེ་བཞིན་ཉིད་དུ་བརྡལ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ བཀོད་པ་ལྷུན་གྲུབ་ཞིང་ཁམས་སུ༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་ཁང་༔ རྒྱན་དང་འཁོར་ཡུག་རྫོགས་པའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ སྤྲོས་བྲལ་ཆོས་སྐུའི་མཁའ་དབྱིངས་ནས༔ རིག་པ་ཧྲཱིཿཡིག་འཕྲོ་འདུ་ལས༔ དོན་གཉིས་བྱས་ཤིང་གཟི་བྱིན་བསྡུས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རིག་འཛིན་པདྨ་རྒྱལ་པོ་ནི༔ བཅུ་དྲུག་གཞོན་ནུའི་ལང་ཚོ་ཅན༔ སྐུ་མདོག་དམར་གསལ་འོད་དུ་འབར༔ ཕྱག་གཡས་ཌཱ་རུ་ནམ་མཁར་འཁྲོལ༔ གཡོན་པས་མཉམ་བཞག་པད་ཕོར་བསྣམས༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔ དབུ་ལ་དར་གྱི་ལ་ཐོད་དང་༔ སྐུ་ལ་བེར་མཐིང་འདུང་མ་གསོལ༔ རིན་ཆེན་སྙན་ཆ་ཕྲེང་བ་དང་༔ རཀྴའི་ཕྲེང་བ་སེ་རལ་ཐོགས༔ ཞལ་འཛུམ་སྤྱན་གདངས་ཁྲོ་གཉེར་བསྡུས༔ འཇའ་ཚོན་འོད་ལྔའི་གུར་ཁང་དབུས༔ བག་བྲོ་ལྷུན་ཆགས་གཟི་འོད་འབར༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ ཉི་མ་ལས་ནི་འོད་ཇི་བཞིན༔ མདུན་དུ་གསེར་གྱི་བྲག་སྐྱིབ་ཏུ༔ པདྨ་ཉི་མ་ཟླ་ཕྱེད་སྟེང་༔ ལྷ་ཆེན་གཙུག་ན་ཟླ་བ་ནི༔ དམར་གསལ་གླང་གདོང་དབུ་གཙུག་ཏུ༔ ཟླ་ཕྱེད་སྟེང་དུ་ནོར་བུས་མཚན༔ ཕྱག་གཡས་ལྕགས་ཀྱུས་ཁམས་གསུམ་འགུག༔ མཆན་ཁུང་གཏེར་གྱི་བུམ་པ་དང་༔ གཡོན་པས་རླུང་གི་ཞགས་པ་བསྣམས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ གསང་བའི་རྡོ་རྗེ་གྱེན་དུ་བསྒྲེང་༔ ཤིན་ཏུ་ཆགས་པའི་གོས་རྒྱན་སྤང་༔ ཐུགས་ཀར་དྭངས་གསལ་མེ་ལོང་ལ༔ སྣང་སྲིད་ལེགས་ཉེས་གཟུགས་བརྙན་བཞིན༔ འཆར་ཞིང་སྟོན་པའི་རྨི་ལམ་དང་༔ མངོན་ཤེས་འཕོ་བའི་ནུས་སྟོབས་ལྡན༔ དེ་ལྟར་གསལ་བའི་གཡོན་ཕྱོགས་སུ༔ ཆགས་པའི་རྒྱས་འདེབས་ཨུ་མ་དམར༔ དམར་གསལ་སྤྲེའུའི་གཟུགས་ངོམས་ཞིང་༔ ཕྱག་གཉིས་ལྕགས་ཀྱུ་ལ་ཏི་བསྣམས༔ ཡབ་ལ་བཏུད་ཅིང་སྐུ་ལ་རེག༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་པ་གསུམ་ལ་དབང་བསྒྱུར་བསམ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དུས་གསུམ་རྒྱལ་བ་སྤྱི༔ བྱེ་བྲག་པདྨ་རྒྱལ་པོ་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ཁམས་གསུམ་དབང་ཕྱུག་འཁོར་དང་བཅས༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སོགསདངོས་གྲུབ་སྩོལ༔ ཧོཿའདོད་པའི་རྒྱལ་པོ་བདེ་བ་ཆེ༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ མི་འགྱུར་རྡོ་རྗེའི་གདན་ལ་བཞུགས༔ ཕྱག་འཚལ་ལ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག༔ ཁྱབ་བདག་དཔལ་ལ་ཕྱག་འཚལ་ལོ༔ མཆོད་འབུལ་ལ༔ ཧོཿཁམས་གསུམ་ཕྱི་ནང་གསང་གསུམ་གྱི༔ མཆོད་སྤྲིན་སྐུ་གསུང་ཐུགས་སུ་འབུལ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཆོས་སྐུ་རྒྱལ་བ་འོད་དཔག་མེད༔ དམར་གསལ་གཅེར་བུ་མཚན་དཔེས་སྤྲས༔ སྐྱིལ་ཀྲུང་མཉམ་བཞག་ལྟ་ན་སྡུག༔ ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿཡིག་དམར་པོའི་མཐར༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་ཐམས་ཅད་སྔགས་འདི་ལ༔ བཅུད་དུ་དྲིལ་ཏེ་གཡས་སུ་འཁོར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་བསྒྲུབ་སྔགས་བཟླ་བ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལས་ལ་སྦྱོར་བའི་སྔགས་བཟླ་ན༔ རྩ་སྔགས་དག་ལ་ལས་བཞི་ཡི༔ གང་འདོད་ཤམ་བུར་གདགས་ལ་བཟླ༔ གདངས་ཀྱི་ལྷ་མཆོག་སྒྲུབ་འདོད་ན༔ ཨོཾ་མ་ཧཱ་དྷེ་ཝ་ག་ན་པ་ཏི་ས་མ་ཡ་ཧྲཱིཾ་ཛཿསྐྱེ་འགྲོ་ཕོ་མོ་དབང་དུ་སྡུད་པ་ལ༔ ཨོཾ་མ་ཧཱ་དྷེ་ཝ་ག་ན་པ་ཏི་ས་མ་ཡ་ཧྲཱིང་ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿདེ་ནས་ནོར་དབང་དུ་སྡུད་པ་ལ༔ ཨོཾ་མ་ཧཱ་དྷེ་ཝ་ག་ན་པ་ཏི་ས་མ་ཡ་ཧྲཱིཾ་སརྦ་རཏྣ་བ་སུ་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་མངོན་ཤེས་དང་རྨི་ལམ་གསལ་བའི་སྔགས་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྣང་སྲིད་དབང་པོའི་ཐུགས་བརྒྱུད་བསྐུལ༔ སྣང་སྲིད་ལེགས་ཉེས་གསལ་བ་ཡི༔ མངོན་ཤེས་དང་ནི་རྨི་ལམ་ཀུན༔ གསལ་ཞིང་བྱིན་རླབས་ནུས་སྟོབས་ཀུན༔ སྤྲིན་དམར་འཐིབ་བཞིན་རང་ལ་ཐིམ༔ སྣང་སྲིད་ལེགས་ཉེས་གསལ་བར་བསྒོམ༔ ན་མོ་ག་ན་པ་ཏི་ཛ་ཡ་བ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ འདི་ནི་ཉིན་རེ་བཞིན་དུ་ཡང་༔ ཅི་མང་བརྗོད་པའི་གནད་ལྡན་ན༔ དབུལ་པོ་དག་ཀྱང་ཕྱུག་པོར་འགྱུར༔ ལོངས་སྤྱོད་རྣམས་ཀྱིས་དབུལ་མི་འགྱུར༔ ཆུ་ལ་ལན་མང་བཟླས་པ་ཡི༔ སྔགས་ཆུ་མིག་ལ་བྱུག་བྱས་ཏེ༔ གང་འདོད་ཡིད་བྱེད་གཉིད་ལོག་ན༔ ལེགས་ཉེས་བསྒྱུར་བ་དེ་བཞིན་རྨིས༔ སྒོམ་དང་མང་དུ་བཟླས་བརྗོད་ན༔ མངོན་པར་ཤེས་པ་འཆར་ཡང་ཉེ༔ ཞེན་ཅིང་དབང་དུ་ཤོར་བ་ན༔ རཱུ་དྲ་ལྟ་བུར་འགྱུར་ཡང་སྲིད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་བརྟེན་པའི་བསྐང་བ་ནི༔ འབྱོར་ཚོགས་འདོད་ཡོན་ཅི་རིགས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་དང་ནི༔ ཏིང་འཛིན་འཕྲུལ་གྱིས་འདོད་རྒུར་བསྒྱུར༔ ཧཱུྃ་ཧྲཱིཿའདོད་པ་ཁམས་ཀྱི་དབང་ཕྱུག་ཆེ༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ ཆགས་དང་བདེ་བའི་རྒྱས་འདེབས་མ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ འགུགས་འཆིང་རྨོངས་མྱོས་ལས་བྱེད་མ༔ སྤྲུལ་པའི་ལྷ་མོ་གཤེགས་སུ་གསོལ༔ དགྱེས་པའི་གདན་ལ་བཞུགས་གསོལ་འཚལ༔ ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི༔ ལ་ཏི་མྱོས་བྱེད་ཡིད་བཞིན་རྫས༔ འབྲུ་སྨན་དར་ཟབ་སྣ་ཚོགས་དང་༔ དཀར་གསུམ་མངར་གསུམ་ཇ་ཆང་སྐྱེམས༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ འདོད་ཡོན་ནམ་མཁའི་མཛོད་ཆེན་པོས༔ ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་༔ ཨུ་མ་དཱེ་ཝིའི༴ལས་མཛད་མ་བཞིའི༴དཔལ་མགོན་བདུན་ཅུའི༴སྣང་སྲིད་དྲེགས་པའི༴ཐུགས་དང་འགལ་གྱུར་ཉེས་བྱས་དང་༔ འགལ་འཁྲུལ་ཉམས་ཆག་ཅི་མཆིས་བཤགས༔ སྣང་སྲིད་ཟས་ནོར་དབང་བསྡུས་ལ༔ བརྟན་ཅིང་འཕེལ་རྒྱས་ཕྲིན་ལས་མཛོད༔ བདག་དང་བདག་གི་ཉེ་འཁོར་བཅས༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལ་བརྟེན་པའི་གསོལ་མཆོད་ནི༔ གོང་བཞིན་འབྱོར་ཚོགས་ཅི་རིགས་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ རྟེན་འབྲེལ་སྙིང་པོ་ལན་གསུམ་དང་༔ ནམ་མཁའ་མཛོད་སྔགས་དེ་བཞིན་བརྗོད༔ ཛཿདུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཚོགས་ཀྱི་བདག་པོ་སྤྱན་འདྲེན་ནོ༔ ག་ན་པ་ཏི་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི༴འཁོར་དང་བཅས་པ༴ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ རྟག་ཏུ་མི་འབྲལ་གཏན་གྲོགས་མཛོད༔ ཏིང་འཛིན་སྔགས་ཀྱིས་བྱིན་རླབས་པའི༔ འདོད་ཡོན་ལོངས་སྤྱོད་མི་ཟད་གཏེར༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཁམས་དབང་ཕྱུག་གསོལ་ཞིང་མཆོད༔ ཚོགས་ཀྱི་བདག་པོ་གསོལ༴ཨུ་མ་དཱེ་ཝི་གསོལ༴འཁོར་དང་བཅས་པ་གསོལ༴ད་ནས་བཟུང་སྟེ་དུས་རྟག་ཏུ༔ ཁྱེད་བརྟེན་ཁྱེད་གསོལ་ཁྱེད་མཆོད་ཀྱིས༔ བདག་དང་བདག་གི་ཉེ་འཁོར་གྱི༔ མི་འདོད་ཉེར་འཚེ་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ སྣང་སྲིད་དབང་དུ་འདུ་བར་མཛོད༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མཐུ་དང་སྟོབས་རྩལ་ཤུགས་ཀྱིས་སྒྲོལ༔ རིང་པོར་མི་ཐོགས་དུས་མྱུར་དུ༔ ཞལ་གཟིགས་ལུང་སྟོན་ཕྲིན་ལས་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལ་བརྟེན་པའི་སྲེག་བླུགས་ནི༔ ཞི་རྒྱས་དབང་དྲག་གང་རུང་གི༔ རྩིག་པ་སྤྱི་དང་མཐུན་པ་ལ༔ ག་ན་པ་ཏིའི་བསྐྱེད་ཆོག་མཐར༔ བསྲེག་རྫས་འདོད་རྒུ་དཔལ་ཡོན་ཀུན༔ ཡོངས་རྫོགས་ངོ་བོར་བསྐྱེད་བྱས་ཏེ༔ འབུལ་བཞིན་འདི་བརྗོད་ཤམ་བུར་གདགས༔ ན་མོ་ག་ན་པ་ཏི་ཧྲཱིཾ་ཨུ་མ་དཱེ་ཝི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་དབང་དུ་བསྡུ་བའི་ཕྲིན་ལས་མཛོད་ཅིག༔ ས་མ་ཡ༔ དེ་ནས་དབང་བསྐུར་རིམ་པ་ལ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱེ༔ བླ་མ་དཔལ་ལྡན་རྡོ་རྗེ་འཆང་༔ དཀྱིལ་འཁོར་གཙོ་མཆོག་ཆེན་པོ་ཡི༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྨིན་གྲོལ་དབང་མཆོག་དམ་པ་སྩོལ༔ ལན་གསུམ་མཐར༔ གཏོར་མ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གུ་རུ་པདྨ་རྒྱལ་པོ་སྤྲུལ་པ་ཚོགས་ཀྱི་བདག་པོ་དང་གཉིས་སུ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་དུ་བསྐྱེད་ཅིང་བསྒོམ་པའི་སྐུ་ལས་འོད་ཕུང་དཀར་པོ་འཕྲོས་ཏེ་སློབ་མའི་སྤྱི་བོ་ནས་ལུས་ལ་ཐིམ་པས་ལུས་དང་རྩའི་སྒྲིབ་པ་ཐམས་ཅད་དག༔ སྐུ་བུམ་པའི་དབང་ཐོབ༔ ལུས་རྡོ་རྗེ་སྤྲུལ་པ་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ༔ ཧཱུྃ༔ ཨོཾ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བཀའ་བསྲུང་དྲེགས་པའི་ཚོགས་ཀྱིས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སློབ་མ་འདི་ལ་བུམ་དབང་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ག་ན་པ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་གཞལ་ཡས་ཁང་ལྷ་དང་བཅས་པར་གསལ་བ་སློབ་མའི་མགྲིན་པར་བཞག་པ་ཙམ་གྱིས་ཨཱཿདམར་འོད་ཀྱི་རང་བཞིན་ངག་ལ་ཐིམ་པས་ངག་དང་རླུང་གི་སྒྲིབ་པ་ཐམས་ཅད་དག༔ གསུང་གསང་བའི་དབང་ཐོབ༔ ངག་རྡོ་རྗེའི་གསུང་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་ལ༔ ཧཱུྃ༔ ཨོཾ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བཀའ་བསྲུང་དྲེགས་པའི་ཚོགས་ཀྱིས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ གསང་དབང་ངག་ལ་བསྐུར་བ་དང་༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ག་ན་པ་ཏི་ཝཱཀ་ཨ་བྷི་ཥིཉྩ་ཨཱཿགཏོར་མ་གཞལ་ཡས་ཁང་ལྷ་དང་བཅས་པར་གསལ་བ་སློབ་མའི་སྙིང་གར་བཞག་པ་ཙམ་གྱིས་ཧཱུྃ་མཐིང་འོད་ཀྱི་རང་བཞིན་ཅན་སྙིང་ག་ནས་ཡིད་ལ་ཐིམ་པས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་རྡོ་རྗེའི་ཐུགས་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པར་བསྒོམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར༴ཡ་མཚན་མཆོག་གི༴པདྨ་འབྱུང་གནས༴བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་བསྐོར༔ ཁྱེད་ཀྱི་རྗེས་སུ༴བྱིན་གྱིས་བརླབ་ཕྱིར༴གནས་མཆོག་འདི་རུ༴ཤེར་དབང་སེམས་ལ་བསྐུར་བ་དང་༔ བགེགས་དང་ལོག་འདྲེན༴མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ག་ན་པ་ཏི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གསལ་བ་སློབ་མའི་གནས་ལྔར་བཞག་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་སྟེ་ཀ་དག་ཚིག་དབང་ཐོབ༔ ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་ལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར༴ཡ་མཚན་མཆོག་གི༴པདྨ་འབྱུང་གནས༴བཀའ་བསྲུང་དྲེགས་པའི་ཚོགས་ཀྱིས་བསྐོར༔ ཁྱེད་ཀྱི་རྗེས་སུ༴བྱིན་གྱིས་བརླབ་ཕྱིར༴གནས་མཆོག་འདི་རུ༴ཀ་དག་ཚིག་དབང་བསྐུར་བ་དང་༔ བགེགས་དང་ལོག་འདྲེན༴མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ག་ན་པ་ཏི་སརྦ་ཨ་བྷི་ཥིཉྩ་ཧྲཱིཿགཏོར་མ་ལྷ་རུ་གསལ་བ་སློབ་མ་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་ཅིང་གྲོལ་བར་བསྒོམ༔ ས་མ་ཡ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས་སྲུངས་ཤིག༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་སྐྱེས་བུ་མི་བསྐྱོད་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།