DUDJOM-THROMA-019
DUDJOM-THROMA-019
༁ྃ༔ དག་སྣང་ལས༔ གནས་དང་ཡུལ་གྱི་བསྐང་བ་ནི༔ ཧཱུྃ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་གཞལ་ཡས་ནས༔ གདན་གསུམ་དཀྱིལ་འཁོར་ཡོངས་གྲུབ་ལྷ༔ མ་བཙལ་རྫོགས་ལྡན་རིག་པས་བསྐང་༔ གང་འདུལ་སྤྲུལ་པའི་གནས་མཆོག་དང་༔ ཉི་ཤུ་རྩ་བཞི་ཡུལ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ ཞིང་སྐྱོང་ཚོགས་བདག་རྒྱ་མཚོ་ཡི༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ ཙ་རི་པད་རི་པདྨ་འོད༔ བཀྲ་ཤིས་རྫོང་སོགས་འཛམ་གླིང་གི༔ ས་སྤྱོད་མཁའ་སྤྱོད་སྤྲུལ་པའི་ཞིང་༔ དེ་དང་དེར་བཞུགས་འགྲོ་འདུལ་དཔལ༔ ཞིང་སྐྱོང་དཔའ་བོ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་བཤགས༔ ཕྱི་ནང་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རིག་འཛིན་རྣམ་བཞིའི་ས་ལ་སྐྱོལ༔ འོད་གསལ་ཆོས་སྐུའི་གདིང་ཐོབ་ཤོག༔ ས་མ་ཡ༔ ཞེས་དཔོན་པོ་ཐོགས་མེད་ཀྱི་ངོར་སྤྲང་པོ་གཏད་མེད་ཧད་པོས་བྲིས།། །།