DUDJOM-THROMA-021

From Dudjom Wiki
Revision as of 09:29, 16 July 2025 by Jeremi (talk | contribs)

DUDJOM-THROMA-021
Wylie title DUDJOM-THROMA-021.pdf
Location khros ma'i sgrub skor
Volume 1, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡའ་ཡིག་༢༣༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཏེར་སྲུང་སྲོག་བདག་རྣམ་བཞིའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག་༢༤༠༔ ན་མོ་གུ་རུ་ས་ར་ཧ་པ་ཡེ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ མཐོན་མཐིང་རལ་པའི་ཅོད་པན་དུ༔ རྟག་བཞུགས་བརྒྱུད་འཛིན་ཐུགས་རྗེས་སྐྱོངས༔ དང་པོ་ཀླུ་རྒྱལ་ཆེན་པོ་ལ༔ དཀར་གཏོར་ཀླུ་སྨན་འོ་མ་ཞོ༔ དུང་སྦྲུལ་ཉ་སྦལ་འབྲུ་སྣ་བཤམས༔ ཨོཾ་ཨཱཿ ཧཱུྃ་དང་ཨ་མྲྀ་ཏས༔ བསང་སྦྱངས་བྱིན་བརླབ་མང་དུ་སྤེལ༔ གཉིས་མེད་རྟོགས་པའི་ཏིང་འཛིན་གྱིས༔ ན༔ འོག་ཕྱོགས་འཇིག་རྟེན་ཀླུ་ཡི་ཡུལ༔ བདུད་རྩི་འོ་མའི་རྒྱ་མཚོ་ན༔ ཀླུ་རྒྱལ་མི་མགོན་དཀར་པོ་དང་༔ ཀླུ་ཆེན་བརྒྱད་དང་བྱེ་བའི་འཁོར༔ གཉན་དང་ས་བདག་བཙུན་མོ་སྲས༔ འདིར་གཤེགས་དགྱེས་པས་གདན་ལ་བཞུགས༔ ཛཿ ཧཱུྃ་བཾ་ཧོཿ ས་མ་ཡ༔ ཡིད་དང་མཐུན་པའི་ལོངས་སྤྱོད་ནི༔ དཀར་གསུམ་མངར་གསུམ་བདུད་རྩི་དང་༔ ཀླུ་སྨན་ཉ་སྦྲུལ་སྦལ་ལྕོང་དང་༔ དར་ཟབ་རིན་ཆེན་འབྲུ་སྣ་ཚོགས༔ མདོར་ན་རང་རང་རིགས་མཐུན་པའི༔ ལོངས་སྤྱོད་མི་ཟད་གཏེར་དུ་འབུལ༔ ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་ཀྱིས༔ ཟག་མེད་བདེ་བའི་དཔལ་ཐོབ་ཤོག༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོངས༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ དམ་ལས་མ་འདའ་ས་མ་ཡ༔ དབྱེར་མེད་གྲོགས་མཛོད་སྦྱིན་བདག་གྱིས༔ ནཱ་ག་རཱ་ཛ་ས་མ་ཡ༔ ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ ལྕགས་སམ་དྲག་པོའི་རྫས་སྣོད་དུ༔ ཤ་ཁྲག་དམར་གཏོར་ལིངྒ་བཤམས༔ འགུག་གཞུག་བསྟིམས་ཤིང་འདོད་ཡོན་སྤེལ༔ ཡ༔ ལྷོ་ཕྱོགས་འཇིགས་རུང་གཤིན་རྗེའི་ཡུལ༔ གྲུ་གསུམ་ལྕགས་མཁར་དགུ་རིམ་ནས༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ལས་མཁན་རྣམ་བརྒྱད་ཤན་པ་འབུམ༔ བྱེ་བ་དུང་ཕྱུར་འཁོར་དང་བཅས༔ འདིར་གཤེགས་དགྱེས་པས་གདན་ལ་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཤ་ཁྲག་དམར་གཏོར་ཇ་ཆང་སྐྱེམས༔ འདབ་ཆགས་སྡེར་ཆགས་རྨིག་ཆགས་གཟུགས༔ དར་ཟབ་སྟག་གཟིག་གོ་མཚོན་དཀོར༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོའི་ཚོགས༔ སྲོག་བདག་ཆེན་པོ་ཁྱོད་ལ་འབུལ༔ ལས་མཁན་བརྒྱད་དང་ཤན་པ་འབུམ༔ བཀའ་འཁོར་བྲན་དང་བཅས་པ་མཆོད༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ བྱམས་བརྩེ་གུས་པས་རྟག་སྐྱོངས་ལ༔ དགྲ་བགེགས་མ་ལུས་ཚར་གཅོད་མཛོད༔ ཁམས་གསུམ་མ་ལུས་དབང་དུ་སྡུས༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ དྲན་པ་ཙམ་གྱིས་འགྲུབ་པར་མཛོད༔ བཀའ་དང་དམ་ཚིག་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ཡ་མ་རཱ་ཛ་བཛྲ་ས་མཱ་ཛ༔ ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ ཟངས་སྣོད་དམ་ནི་བྷནྡྷའི་ནང་༔ ཤ་ཁྲག་དམར་གཏོར་ཛ་གད་སྐྱེམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཙ༔ ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་ན༔ ཕ་ཝང་ལོང་བུའི་སྐུ་མཁར་ནས༔ བཙན་རྒྱལ་སྲོག་བདུད་དམར་པོ་ཁྱོད༔ སྦས་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བདག་གི་གྲོགས་སུ་མངའ་གསོལ་ཏེ༔ སྒྲུབ་པའི་རྫས་ལ་བརྟེན་འཚལ་ལོ༔ དབྱེར་མེད་གྲོགས་མཛོད་བརྟན་བཞུགས་གསོལ༔ ས་དང་ལམ་གྱི་བར་ཆད་སོལ༔ ཇ་ཆང་ཕུད་སྐྱེམས་རཀྟ་དང་༔ དམར་གཏོར་ཤ་རུས་གཟུགས་འགྲོས་འབྲུ༔ དར་ཟབ་གཅན་གཟན་མདའ་མདུང་མཚོན༔ ཁྱི་ར་རྟ་དང་གཡག་དམར་ལུག༔ མཐུན་རྫས་འདོད་ཡོན་མི་ཟད་གཏེར༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དམ་ཅན་བཙན་རྒོད་ཆེན་པོ་མཆོད༔ ཤན་པ་ཀུས་འདེབས་རྒྱལ་པོ་མཆོད༔ དབང་སྡུད་ཙིའུ་དམར་པོ༴ ལས་མཁན་བེག་ཙེ་དམར་ནག༴ དམ་ཅན་རྡོ་རྗེ་ལེགས་པ༴ གཟའ་བདུད་དུག་གི་སྤུ་གྲི༴ སྦས་འཁོར་སུམ་བརྒྱ་དྲུག་ཅུ་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ རྣལ་འབྱོར་དབེན་ཁྲོད་འགྲིམ་པའི་ཚེ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ འཚོ་བ་སྦྱོར་ལ་འཁོར་སློབ་སྡུས༔ འགྲོ་བའི་རླུང་སེམས་སྣང་བ་བསྒྱུར༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ ཐ་ཚིག་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ནཱ་ག་ཙནྟྲི་ས་མ་ཡ༔ ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ བྷནྡྷའི་སྣོད་དུ་དམར་གཏོར་དང་༔ ཤ་ཁྲག་འདོད་ཡོན་ལོངས་སྤྱོད་དང་༔ ཇ་ཆང་སྐྱེམས་ཕུད་འབྱོར་ཚོགས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ མ༔ བྱང་ཤར་མུ་ལེ་གཏིང་གི་རོང་༔ ཁྲག་ཞག་རྦ་རླབས་འཁྲིགས་ཀློང་ནས༔ མ་ཅིག་དཔལ་ལྡན་རེ་མ་ཏཱི༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་གཉན་གྱི་གདན་ལ་བཞུགས༔ བདག་གི་གྲོགས་སུ་བསྟེན་འཚལ་ལོ༔ མ་དང་སྲིང་མོའི་ཚུལ་བསྟེན་གྱི༔ མི་འབྲལ་གྲོགས་སུ་མངའ་གསོལ་ལོ༔ མཆོད་རྫས་བསྐང་རྫས་སྒྲུབ་རྫས་དང་༔ བརྟེན་རྫས་རྣམ་པ་སྣ་ཚོགས་ཀུན༔ མ་དང་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ ནལ་བུའི་ཤ་ཁྲག་རྒྱལ་མཚན་དང་༔ ཇ་ཆང་སྐྱེམས་ཕུད་བདུད་རྩིའི་མཚོ༔ ཁྲག་གི་ཡོན་ཆབ་ཆུ་སེར་བསིལ༔ དབང་པོའི་མེ་ཏོག་ཤ་ཆེན་སྤོས༔ ཞུན་མེ་མཁྲིས་པའི་དྲི་ཆབ་དང་༔ ཤ་རུས་ཞལ་ཟས་རྐང་ཆེན་དུང་༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་ཀུན༔ དཔལ་ལྡན་སྔགས་ཀྱི་སྲུང་མར་འབུལ༔ མ་མོ་དབྱིངས་ཀྱི་རྗེ་མོར་འབུལ༔ དཔལ་ལྡན་རེ་ཏཱི་མཆེད་བཞིར་འབུལ༔ ཨེ་ཀ་ཙ་ཏི་སྤུན་དྲུག་མཆོད༔ བལ་མོ་ཧེ་ལེ་འབར་མ༴ དཔལ་ལྡན་དམག་ཟོར་རྒྱལ་མོ༴ མ་མོ་བྱེ་བ་འབུམ་སྡེ་མཆོད༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བཅས༔ མ་ལུས་འཁོར་བཅས་གསོལ་ལོ་མཆོད༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྣལ་འབྱོར་དབེན་ཁྲོད་འགྲིམ་པའི་ཚེ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ བློ་སྣ་རྟག་ཏུ་ཆོས་ལ་བསྒྱུར༔ བློ་ཕུག་གཏན་བདེའི་ས་རུ་གཟུད༔ སྙིང་རུས་ངེས་འབྱུང་རྟེན་ཕུར་ཚུགས༔ འཚོ་བ་སྦྱོར་ལ་འཁོར་སློབ་སྡུས༔ འགྲོ་བའི་རླུང་སེམས་སྣང་བ་བསྒྱུར༔ བདག་གི་དབང་གྱུར་ཆོས་ལམ་གཟུད༔ ཕྱིར་མི་ལྡོག་པའི་ཟིལ་གནོན་ཐོབ༔ བསྟན་པའི་རཱུ་དྲ་བདུད་བགེགས་དཔུང་༔ གཏན་ནས་བརླག་བསྒྲལ་ཕྲིན་ལས་མཛོད༔ དད་དང་དམ་ཚིག་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ མ་བྷྱོ་ཛཿ ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མ་འོངས་དུས་ཀྱི་ཐ་མ་ལ༔ བདུད་དང་རཱུ་དྲ་ཁ་དར་ནས༔ མ་ཉེས་ཆད་པ་དྲག་པོས་གཟིར༔ རི་ཀླུང་དམག་ཇག་ཆོམ་པོས་ཁེངས༔ དེ་དུས་འདི་ཉིད་བརྩོན་བྱས་ནས༔ བསྙེན་སྒྲུབ་མཐར་སྐྱེལ་རྣལ་འབྱོར་ནི༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ བཀྲ་ཤིས་དགེ་ལེགས་འཕེལ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ དགོངས་རྒྱ༔ གཏད་རྒྱ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་བརྡ་རིས་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ།། །།