ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་ཆེན་བདེ་གཤེགས་སྙིང་པོའི་སྨད་ལས་འཁོར་བ་ཡོངས་སྒྲོལ༔

From Dudjom Wiki
Revision as of 10:10, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-032
Wylie title zab gsang mkha' 'gro'i snying thig las: gsang chen bde gshegs snying po'i smad las 'khor ba yongs sgrol: TTDL-ZABTER-05-CA-032.pdf
Location bdud 'joms gling pa zab gter
Volume 5, Text 32, Pages 283-294 (Folios 1a1 to 6b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gsang chen bde gshegs snying po'i smad las 'khor ba yongs sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 283-294. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: smad las   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་གསང་ཡིག་ལས་བསྒྱུར་བའི་ཡི་གེ་པ་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུའོ། །དགེའོ། །དགེའོ། །དགེའོ།།

zhes khrag 'thung bdud 'joms rdo rjes ye shes mkha' 'gro'i gsang yig las bsgyur ba'i yi ge pa ni rigs sras mkhyen brtse'i myu gu'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་ཆེན་བདེ་གཤེགས་སྙིང་པོའི་སྨད་ལས་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཟབ་གསང་ཉམས་སུ་ལེན་པ་ཡི༔ ལས་སྐལ་ལྡན་པའི་སྐྱེས་བུ་ཡིས༔ མངོན་སྤྱོད་ཕྲིན་ལས་བསྒྲུབ་པའི་ཐབས༔ སྨད་ལས་འཁོར་བ་ཡོངས་སྒྲོལ་ལ༔ དམིགས་བྱ་གང་ཡིན་གཟུགས་བྲིས་ཏེ༔ སྙིང་གར་མིང་རུས་བསད་སྔགས་བཀོད༔ མཐའ་མར་བླ་འགུགས་ཚེ་འགུགས་པའི༔ སྔགས་བཀོད་བསད་སྔགས་དག་གིས་བསྐོར༔ དྲག་པོ་ལྕགས་ཀྱི་བྲུབ་ཁུང་དུ༔ འཕང་ནས་འགུགས་བསྒྲལ་ལས་བརྩོན་བྱ༔ དང་པོ་གསེར་སྐྱེམས་རྒྱུག་ཆང་ལ༔ ཨོཾྃ་སྭ་བྷཱ་ས་སོགསསྟོང་པའི་ངང་ལས་གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ་བའི་བདག་ཉིད་ཅན་དུ་གྱུར༔ ནམ་མཁའ་མཛོད་སྔགས་ལན་གསུམ་མཐར༔ ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཕུར་བའི་སྲུང་མ་དམ་ཅན་རྣམས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་ཆོས་སྐྱོང་རྒྱ་མཚོའི་ཚོགས༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ དཀར་ཕྱོགས་སྐྱོང་བའི་ལྷ་མ་སྲིན༔ གཞི་བདག་ལྷ་འདྲེ་དྲེགས་པ་ཅན༔ མ་ལུས་གསེར་སྐྱེམས་འདི་བཞེས་ལ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་གཟུ་དབང་བྱ་བ་ལ༔ གསེར་སྐྱེམས་གཏོར་མ་བཤམས་ལ༔ གསེར་སྐྱེམས་གཏོར་མ་འདོད་རྒུ་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཀྱཻ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ རྩ་གསུམ་སྲུང་མ་དམ་ཅན་ཚོགས༔ མ་ལུས་གཟུ་དང་དཔང་ལ་དགོངས༔ སྣང་ཞིང་སྲིད་པའི་ལྷ་མ་སྲིན༔ སྡེ་བརྒྱད་གཞི་བདག་ལྷ་འདྲེ་རྣམས༔ མ་ལུས་གཟུ་དང་དཔང་ལ་དགོངས༔ དམ་ཉམས་དགྲ་བགེགས་སྡིག་ཅན་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སེམས་ཅན་ཉེས་མེད་དག་ལ་འཚེ༔ ངན་སོང་གསུམ་གྱི་གཞི་རྩ་བཙུགས༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི༔ དོ་ནུབ་ཉིད་དུ་བསྒྲལ་བར་མཛོད༔ གསེར་སྐྱེམས་གཉན་པོ་འདི་བཞེས་ལ༔ བསྒྲལ་ཞིང་འདྲེན་པའི་ཕྲིན་ལས་མཛོད༔ མ་གཡེལ་མ་འགྱངས་ཐུགས་དམ་བསྐུལ༔ དུས་ལ་བབ་བོ་ས་མ་ཡ༔ དེ་ནས་མཁྱེན་དཔང་ནི༔ ཀྱཻ༔ དཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ རྩ་གསུམ་སྲུང་མས་མཁྱེན་པར་གསོལ༔ གཞི་བདག་ལྷ་འདྲེས་མཁྱེན་པར་གསོལ༔ ཐོག་མཐའ་བར་གསུམ་ཐམས་ཅད་དུ༔ བདག་ཉིད་མ་ཉེས་མ་ལན་ཏེ༔ བློ་སྣ་དམ་པའི་ཆོས་ལ་དྲིལ༔ བློ་ཕུག་དཀོན་མཆོག་གསུམ་ལ་གཏད༔ གཞན་དོན་དང་བླངས་རང་དོན་བོར༔ དཀའ་བ་དང་བླངས་སྒྲུབ་ལ་བརྩོན༔ མ་ཉེས་རང་ཁར་འདུག་པ་ལ༔ དགྲ་བགེགས་གདུག་པས་ངན་སྦྱོར་བྱས༔ མི་བཟོད་སྡུག་བསྔལ་ཐོག་ཏུ་ཕབ༔ ངན་སོང་གསུམ་གྱི་གནས་སུ་ཁྲིད༔ ཉོན་མོངས་དུག་ལྔ་མེ་བཞིན་སྦར༔ འདི་འདྲའི་ལས་ངན་སྡིག་ཅན་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ལོ་ཟླར་བཞག་ན་བསྟན་པ་འཇིག༔ དོ་ནུབ་ཉིད་དུ་ཧུར་ཐུམ་སོད༔ དུས་ལ་བབ་བོ་ས་མ་ཡ༔ དེ་ནས་བྲུབ་ཁུང་བསྐྱེད་པ་ལ༔ སྐད་ཅིག་གིས་ཨེ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་གཏིང་ཟབ་ཅིང་ཁ་རུབ་པ་ཞབས་ནས་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ གཏི་མུག་གི་མུན་ནག་འཐིབ་པ༔ ང་རྒྱལ་གྱི་བྲག་རི་རྙིལ་བ༔ ཕྲག་དོག་གི་རླུང་དམར་འཚུབས་པ༔ ཞེ་སྡང་གི་མེ་དཔུང་འབར་བ༔ ནད་དང་དུག་མཚོན་གྱི་ཆར་བ་འབེབས་ཤིང་ན་བུན་འཐིབ་པ༔ ཤིན་ཏུ་སྐྱི་གཡའ་ཞིང་ཡ་ང་བའི་ནང་དུ་ནྲྀ་དང་ཏྲི་ཡོངས་སུ་གྱུར་པ་ལས་དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག་གསུམ་འདུས་པའི་ངོ་བོ་རཱུ་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་བུ་ག་དགུ་ནས་ཁྲག་འཛག་པ་མདོག་སྔོ་ལ་མདངས་ཉམས་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པར་གྱུར༔ དེའི་སྙིང་གར་ནྲྀ་དང་ཏྲི་ལས་འོད་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་ཐམས་ཅད་འུབ་ཀྱིས་འདུས་ཏེ་ལིང་ག་ལ་ཐིམ་པར་གྱུར༔ བདག་མདུན་གཉིས་ཀྱི་ཐུགས་ལས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་རྡོ་རྗེ་འབར་བའི་ལྷ་ཚོགས་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ནྲྀ་ཨ་ཀཪྴ་ཡ་ཛ་ཛཿབགེགས་ལ༔ ཏྲི་ཨ་ཀཪྴ་ཡ་ཛ་ཛ༔ དེ་ནས་བཀུག་པ་ལ༔ ཧཱུྃ་བྷྱོ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་བོའི་སྡིག་ཅན་འདིའི༔ བླ་ཚེ་སྲོག་གསུམ་ལིངྒ་འདི་ལ་ཁུག༔ རྩ་སྔགས༔ ནྲྀ་ཡཾ་བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛཿདེ་ནས་ལྷ་དབྱེ་བ་ནི༔ ཧཱུྃ་བྷྱོ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་བོ་སྡིག་ཅན་འདི༔ མགོན་སྐྱབས་བྱེད་པའི་ལྷ་སྲུང་ཀུན་དང་ཕྲོལ༔ རྩ་སྔགས༔ ཨ་ནྲྀ་ཏྲག་རཀྵ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་དྲ་མཱ་ར་ཡ་ཕྱེས་ཕྱེས༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ་བྷྱོ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་བོ་སྡིག་ཅན་འདི༔ སྨྱོ་འབོགས་བརྒྱལ་ནས་ཞ་གྲུམ་རེང་དུ་ཆུག༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་རྦད་སོད༔ ཆིངས་ཆིངས་ནན་རྦད་སོད།ཐུཾ་ཐུཾ་ཐིབ་ཐིབ་ཧུར་ཐུམ་རྦད་སོད༔ དེ་ནས་བྱད་དུ་གཞུག་པ་ལ༔ ཧཱུྃ་བྷྱོ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་བོ་སྡིག་ཅན་འདི༔ ཁྲོལ་མེད་ལས་ཀྱི་བྱད་དུ་བཅུག་པར་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་མཱ་ར་ཡ་ཆིངས་ཆིངས་ཐུམ་རི་ལི་ལི་རྦད་སོད༔ དེ་ནས་བདག་གསོ་བ་ལ༔ བདག་ཉིད་དཔལ་ཆེན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་པས་འཁོར་འདས་ཐམས་ཅད་ཧཱུྃ་ཡིག་གི་རང་བཞིན་དུ་གྱུར་ཏེ་བདག་ཧེ་རུ་ཀའི་སྐུ་གསུང་ཐུགས་ལ་ཐིམ་པས་མཐུ་ནུས་གཟི་བརྗིད་དང་ལྡན་པར་གྱུར༔ རྩ་སྔགས་བརྒྱ་རྩ་བརྗོད༔ དེ་ནས་ཕུར་པ་གསོ་བ་ལ།ཕུར་པ་སྲས་མཆོག་དངོས་སུ་བསྐྱེད་པ་དེ་ལས་ཕུར་བའི་ཚྭ་ཚྭ་ནམ་མཁས་གར་ཁྱབ་ཐམས་ཅད་དུ་ཁྱབ་ཅིང་གང་ནས་འཁོར་འདས་བརྟན་གཡོ་ཐམས་ཅད་ཕུར་བའི་རང་བཞིན་དུ་གྱུར་ནས་ཕུར་བ་ལ་ཐིམ་པས་ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་མཐུ་ནུས་དབང་བྱིན་ཐམས་ཅད་ཐོབ་པར་བསམས༔ རྩ་སྔགས་བརྒྱ་རྩ་བརྗོད༔ དགྲ་གསོ་བ་ལ༔ སྐད་ཅིག་གིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་གཉིད་བཙན་ཐབས་ཀྱིས་དཀྲོགས་པ་བཞིན་དུ་ལིངྒ་ལ་འདུས་ཤིང་རྫོགས་པར་གྱུར༔ ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་བླ་ཡི་ངོ་བོ་ནྲྀ་དང་ཏྲི་ཡིག་གི་རྣམ་པར་གྱུར་པ་ཕུར་པའི་ཁོང་གསེང་དུ་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་ངང་མེར་གྱིས་སོང་བར་བསམ༔ ཡང་དགྲ་བགེགས་ཀྱི་སྙིང་གར་བཏབ་པས་ཚེ་བསོད་རྣམས་ཀྱི་ངོ་བོ་ནྲྀ་ཡིག་ལྗང་གུའི་རྣམ་པར་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་དྲངས་བདག་ཡི་དམ་གྱི༔ ཐུགས་ཀར་ཐིམ་པས་ཚེ་བསོད་རབ་ཏུ་རྒྱས་པར་བསྒོམ༔ སླར་ཡང་ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོ་ཡི་རྒྱུད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་ཐམས་ཅད་བ་མོ་ལ་མེ་འོད་ཕོག་པ་ལྟར་སངས་རྒྱས་དག་ནས་རྣམ་པར་ཤེས་པ་ཨཱ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་ཏེ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བ་ལྟར་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་སྐར་མདའ་རྒྱུག་པ་ལྟར་དྲངས་ཏེ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་འཁྲུལ་མི་ཤེས་པའི་དབྱིངས་སུ་སངས་རྒྱས་པར་བསམ༔ ཨཱ༔ ཞེས་རྣམ་པར་ཤེས་པ་ཡར་འདྲེན༔ ཕཊ༔ ཅེས་ལྷའི་ཐུགས་ཀར་བསྟིམ་པ་ལན་གསུམ་བྱ༔ སླར་ཡང་ཁོ་ཡི་རྒྱུད་ཀྱི་བདག་འཛིན་འཁོར་བའི་གཞི་རྩ་འཛིན་པའི་བག་ཆགས་བདག་ལྟའི་རཱུ་དྲ་རྣམས་མེ་སྟག་ཆུ་ཡིས་བསད་པ་ལྟར་ཐུན་ཟོར་གྱིས་བསད་ནས་ལུས་སེམས་ཀྱི་སྤུན་ཐག་ཆད་དེ་སོ་སོར་ཞིག་ཅིང་ཕྱེས་པར་བསམ་ལ༔ དེ་ནས་ཕུར་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ མ་གཡེལ་དམ་ཚིག་ཐུགས་དམ་དུས་ལ་བབ༔ ཕུར་ཐུན་ཟོར་གྱི་དཔལ་ཁ་དགྲ་ལ་ཕོབ༔ ཉོན་མོངས་འཁྲུལ་བའི་བག་ཆགས་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག་གསུམ་ལ་ཐུན་བྷྱོ་རྦད་སོད་ཕོབ་ཛ་ཕོབ་ཛ༔ དེ་ནས་ཉུང་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ མ་གཡེལ་དམ་ཚིག་ཐུགས་དམ་དུས་ལ་བབ༔ ཉུང་ཐུན་ཟོར་གྱི་དབལ་ཁ་དགྲ་ལ་ཕོབ༔ བདག་འཛིན་འཁྲུལ་བའི་བག་ཆགས་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ ཁྲག་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་བའི་ལྷ་ཚོགས་རྣམས༔ མ་གཡེལ་དམ་ཚིག་ཐུགས་དམ་དུས་ལ་བབ༔ ཁྲག་ཐུན་ཟོར་གྱི་དབལ་ཁ་དགྲ་ལ་ཕོབ༔ བདག་འཛིན་འཁྲུལ་བའི་བག་ཆགས་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ མཚེ་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ མ་གཡེལ་དམ་ཚིག་ཐུགས་དམ་དུས་ལ་བབ༔ མཚེ་ཐུན་ཟོར་གྱི་དབལ་ཁ་དགྲ་ལ་ཕོབ༔ གཉིས་སྣང་འཁྲུལ་བའི་བག་ཆགས་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ དུག་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་པའི༴ མ་གཡེལ་དམ་ཚིག༴ དུག་ཐུན་ཟོར་གྱི་དབལ་ཁ༴ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་དབྱིངས་སུ་ཤིག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ གྲི་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་བའི༴ མ་གཡེལ་དམ་ཚིག༔ གྲི་ཐུན་ཟོར་གྱི་དབལ༴ ཤ་རུས་འདུ་ཕུང་ཐལ་བའི་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ མདའ་ཐུན་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་བའི་ལྷ་ཚོགས་རྣམས༔ མ་གཡེལ༴ མདའ་ཡི་ཐུན་ཟོར་དགྲ་དང་བགེགས་ལ་ཕོབ༔ སྲོག་སྙིང་ཚལ་པར་གཏུབ་ཅིང་བརླག་པར་མཛོད༔ དྲག་སྔགས༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ རྡོ་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་བའི༴ མ་གཡེལ་དམ་ཚིག༴ རྡོ་ཡི་ཐུན་ཟོར༴ སྲིད་པའི་རི་བོ་ཆོམས་ལ་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ དེ་ནས་ཐུན་གཏོར་ཐོགས་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་པའི༴ མ་གཡེལ་དམ་ཚིག༴ དཔལ་གཏོར་ཐུན་ཟོར༴ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློག༔ དྲག་སྔགས་མཐར༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག༴ དེ་ནས་གཏུན་ཏུ་བརྡུང་བ་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་ཕུར་བའི༴ མ་གཡེལ་དམ་ཚིག༴ བདག་ལ་སྡང་བའི་དགྲ་བགེགས་གཟུགས་ཕུང་འདི༔ རྡོ་རྗེ་ཐོ་ཆེན་འབར་བའི་གཏུན་དུ་བརྡུང་༔ རྡུལ་ཕྲན་ཕྱེ་མར་ཐུལ་ཆིག་མཱ་ར་ཡ༔ རྩ་སྔགས་མཐར༔ དགྲ་བགེགས་ཏ་ཐ་ཡ་ཏ་ཐ་ཡ་རྦད་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ལ༔ ཧཱུྃ་བྷྱོ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་གདུག་པ་བསྒྲལ་བའི་ཤ་ཁྲག་རུས༔ དྲོད་དབུགས་ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ མཉམ་ཉིད་ཧོམ་ཁུང་འབར་བའི་ཞལ་དུ་བསྟབ༔ འགགས་མེད་ཟང་ཐལ་ཆེན་པོའི་མགྲིན་པར་བརྒྱུད༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ལྟོ་བར་བྲུབ༔ རྩ་སྔགས་མཐར༔ སརྦ་ཤ་ཏྲཱུཾ་མཱ་ར་ཡ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ རྡོ་རྗེ་ཕུར་པ་སྒྲུབ་པའི་སྐྱེས་བུ་ཡིས༔ བསྐྱེད་རིམ་གནད་ལྡན་བསྙེན་པ་ཚད་རྫོགས་ནས༔ མངོན་སྤྱོད་ལས་ལ་འདི་ལྟར་བརྩོན་གྱུར་ན༔ དགྲ་བགེགས་མ་ལུས་སྒྲོལ་ཞིང་ཐུལ་བ་དང་༔ ཕྱི་ནང་གསང་བའི་བར་ཆད་གཡུལ་ལས་རྒྱལ༔ བཀའ་སྲུང་དྲེགས་ལ་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་གསང་ཡིག་ལས་བསྒྱུར་བའི་ཡི་གེ་པ་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུའོ། །དགེའོ། །དགེའོ། །དགེའོ།།