ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བ་ཡེ་ཤེས་ཀྱི༔ ནང་སྒྲུབ་མཁའ་འགྲོ་སེང་གདོང་མའི༔ བསྐུལ་བ་རྣལ་འབྱོར་དཔུང་འབོད་པ༔ སྟོང་གསུམ་གཡོ་བྱེད་ཐོག་མདའ༔

From Dudjom Wiki
Revision as of 10:10, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-07-JA-037
Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba ye shes kyi: nang sgrub mkha' 'gro seng gdong ma'i: bskul ba rnal 'byor dpung 'bod pa: stong gsum g.yo byed thog mda': TTDL-ZABTER-07-JA-037.pdf
Location bdud 'joms gling pa zab gter
Volume 7, Text 37, Pages 491-508 (Folios 1a1 to 9b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba ye shes kyi nang sgrub mkha' 'gro seng gdong ma'i bskul ba rnal 'byor dpung 'bod pa stong gsum g.yo byed thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 491-508. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag bskul   Verso: bdud 'joms mkha' 'gro seng gdong
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

མཁའ་འགྲོའི་དྲག་བསྐུལ་ཟབ་མོ་འདི། །གར་དབང་བདུད་འཇོམས་གླིང་པ་ངས། །མ་འགགས་འོད་གསལ་ཆེན་པོའི་ངང་། །པདྨའི་གསང་གཏེར་སྒོ་ཕྱེས་བཏོན། །ལི་སྟོད་སྐལ་བཟང་དགོན་པ་རུ། །ཞལ་བཤུས་དག་ཕབ་ཡི་གེ་པ། །རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས། །བགྱིས་པས་ཕྲིན་ལས་ལྷུན་གྲུབ་ཅིང་། །བྱད་མ་བདུད་དཔུང་གཞོམ་པར་ཤོག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

mkha' 'gro'i drag bskul zab mo 'di/_/gar dbang bdud 'joms gling pa ngas/_/ma 'gags 'od gsal chen po'i ngang /_/pad+ma'i gsang gter sgo phyes bton/_/li stod skal bzang dgon pa ru/_/zhal bshus dag phab yi ge pa/_/rnal 'byor ngag dbang phrin las kyis/_/bgyis pas phrin las lhun grub cing /_/byad ma bdud dpung gzhom par shog_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བ་ཡེ་ཤེས་ཀྱི༔ ནང་སྒྲུབ་མཁའ་འགྲོ་སེང་གདོང་མའི༔ བསྐུལ་བ་རྣལ་འབྱོར་དཔུང་འབོད་པ༔ སྟོང་གསུམ་གཡོ་བྱེད་ཐོག་མདའ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ བདག་འདྲ་འཇིགས་བྱེད་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ མཁའ་འགྲོའི་དཔུང་བསྐུལ་སྟོང་གསུམ་གཡོ་བྱེད་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྐྱེམས་ཕུད་སྐྱེམས་བྲན་དམར་གཏོར་རཀྟས་བྲན༔ དགྲ་བགེགས་ཤ་ཁྲག་རུས་པའི་ཕུང་པོར་དམིགས༔ སྣང་སྲིད་ཐམས་ཅད་མ་མོ་མཁའ་འགྲོའི་དལ༔ ཁམས་གསུམ་སྲིད་པའི་ཁམས་རྣམས་མ་ལུས་པ༔ མ་དང་མཁའ་འགྲོས་ན་བུན་འཐིབ་བཞིན་ཁེང་༔ དགྲ་བགེགས་ཤ་ཁྲག་ཕུང་པོ་ལ་རོལ་ཞིང་༔ གང་བཅོལ་ལས་ཀུན་ཐོགས་མེད་བསྒྲུབ་བཞེད་བསམ༔ བཤུག་པ་རྔ་ཆེན་ཐོད་རྔ་རྐང་གླིང་དང་༔ གཡང་གཞིས་གཡབ་ཅིང་དད་དང་གདུང་བ་ཡིས༔ མ་དང་མཁའ་འགྲོའི་དྲག་བསྐུལ་འདི་བརྗོད་བྱ༔ ཧཱུྃ་བྷྱོ༔ ང་ནི་ཡེ་སངས་རྒྱས་པ་ཀུན་བཟང་མོ༔ ང་ནི་འཁོར་འདས་ཡོངས་ཀྱི་བདག་མོ་ཆེ༔ ང་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ ང་ནི་ཆོས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ང་ནི་རྒྱལ་ཡུམ་མཁའ་འགྲོ་སེང་གདོང་མ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་བདེ་ཆེན་རྒྱལ་མོ་སྟེ༔ ང་ནི་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ལམ༔ སྤྲུལ་སྐུའི་མཁའ་འགྲོ་ཀུན་གྱི་སྤྱི་རྗེ་མོ༔ ང་ནི་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་མ་ལུས་ཐམས་ཅད་ང་ཡིས་དབང་༔ ཧཱུྃ་ཧཱུྃ་ཧཱུྃ་ཛཿ གསོན་ཅིག་གཤེགས་ཤིག་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དམ་ལ་འདུས༔ ལོངས་སྐུ་མཁའ་འགྲོ་སེང་གདོང་དམ་ལ་འདུས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་དམ༴ ཤར་ཕྱོགས་རྡོ་རྗེའི་སེང་གདོང་དམ༴ ལྷོ་ཕྱོགས་རིན་ཆེན་སེང་གདོང་དམ༴ ནུབ་ཕྱོགས་པདྨ༴ བྱང་ཕྱོགས་ལས་ཀྱི༴ ལས་བྱེད་རིགས་བཞིའི་སེང་གདོང༴ ཡེ་ཤེས་མཁའ་འགྲོ་མ་ལུས༴ སྒོ་མ་ལྕགས་ཀྱུ་དཀར་མོ་ལ་སོགས་པའི༔ ཞི་བའི་མཁའ་འགྲོ་མ་ཚོགས༴ སྒོ་མ་ཞགས་པ་སེར་མོ་ལ༴ རྒྱས་པའི་མཁའ་འགྲོ་མ་ཚོགས༴ སྒོ་མ་ལྕགས་སྒྲོག་དམར་མོ་ལ༴ དབང་གི་མཁའ་འགྲོ་མ་ཚོགས༴ སྒོ་མ་དྲིལ་བུ་མ་ལ་སོགས་པ་ཡི༔ དྲག་པོའི་མཁའ་འགྲོ་མ་ཚོགས་དམ་ལ་འདུས༔ དུར་ཁྲོད་མཁའ་འགྲོ་མ་ཚོགས་དམ༴ སྣང་སྲིད་མ་མོ་དམ་ཅན་དམ༴ དམ་ཚིག་མཁའ་འགྲོ་མ་ཚོགས་དམ༴ ཤ་ཟ་མཁའ་འགྲོ་མ་ཚོགས་དམ༴ ཐམས་ཅད་མཁའ་འགྲོ་མ་ཚོགས་དམ༴ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དམ༴ འཇིག་རྟེན་མཁའ་འགྲོ་མ་ཚོགས་དམ༴ ལས་བྱེད་མཁའ་འགྲོ་མ་ཚོགས་དམ༴ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དམ་ལ་འདུས༔ ཧཱུྃ་ཛཿརྣལ་འབྱོར་བདག་གི་དད་པའི་ཤུགས་ཀྱིས་བསྐུལ༔ བརྩེ་བའི་ཐུགས་ཀྱིས་བདག་ལ་མི་དགོངས་ན༔ ཐུགས་བསྐྱེད་རྣམ་པར་དག་པ་གང་ན་བཞུགས༔ ཐུགས་བསྐྱེད་མངའ་བ་དུས་འདིར་མཆིས་རེ་རན༔ རྣལ་འབྱོར་བདག་གིས་གུས་ཤིང་གདུང་བས་བསྐུལ༔ མ་ཚོགས་རྒྱ་མཚོའི་ཐུགས་རྗེས་མི་གཟིགས་ན༔ འགྲོ་བ་གང་འདུལ་མཛད་ཕྲིན་གང་ན་བཞུགས༔ འགྲོ་བའི་མོས་ངོར་དེར་སྟོན་སྟོབས་མངའ་ན༔ དེང་འདིར་གདུལ་དཀའ་འདུལ་བའི་དུས་ལ་བབ༔ རྣལ་འབྱོར་བདག་གི་དམ་ཚིག་གཉན་གྱིས་བསྐུལ༔ དམ་ཚིག་འདི་ལ་ད་ལྟ་མི་དགོངས་ན༔ དམ་ཚིག་གཉན་པོའི་བདེན་པ་གང་ན་བཞུགས༔ དམ་ཚིག་འདི་ལ་བདེན་པའི་སྟོབས་མངའ་ན༔ རྣལ་འབྱོར་བརྣག་པའི་ལས་ཀྱང་འགྲུབ་རེ་རན༔ བདག་གིས་ཡེ་ཤེས་མཁའ་འགྲོ་བསྒྲུབས་བསྒྲུབས་ནས༔ བསྒྲུབ་ལ་བར་ཆད་དགྲ་བགེགས་བྱུང་བ་འདི༔ ད་ལྟ་ཉིད་དུ་སྟོབས་ཀྱིས་མི་བསྒྲལ་ན༔ ལེགས་ཉེས་ཤན་འབྱེད་གཟུ་དཔང་གང་ན་བཞུགས༔ ལེགས་ཉེས་ཤན་འབྱེད་བདེན་ཚིག་མཆིས་གྱུར་ན༔ དམ་ཉམས་དགྲ་བགེགས་འདི་ཉིད་གསོད་རེ་རན༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྒྲུབ་པའི་བུར༔ ད་ལྟ་ཉིད་དུ་ཐུགས་རྗེས་མི་གཟིགས་ན༔ མ་དག་མཁའ་འགྲོ་རྒྱ་མཚོ་མེད་དམ་ཅི༔ མ་དང་མཁའ་འགྲོ་རྒྱ་མཚོ་མཆིས་གྱུར་ན༔ སྒྲུབ་པོ་བདག་ལ་ཐུགས་རྗེས་ཅིས་མི་དགོངས༔ བདག་ཉིད་སྒྲུབ་པའི་སྒོར་ཞུགས་ཚེ་གཅིག་ཏུ༔ མ་དང་མཁའ་འགྲོ་རྟག་ཏུ་བསྒྲུབ་བསྒྲུབ་ཀྱང་༔ དངོས་གྲུབ་གྲུབ་པའི་རྟགས་མཚན་མི་འབྱུང་ན༔ མ་དང་མཁའ་འགྲོའི་ནུས་སྟོབས་གང་ན་བཞུགས༔ རྣལ་འབྱོར་བདག་གི་ལུས་ལ་བབས་པ་ཡི༔ དོན་ཆེན་འགགས་ལ་ཐུག་པས་གནད་བསྐུལ་འདིར༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་མི་བྱུང་ན༔ མ་དང་མཁའ་འགྲོའི་མཐུ་རྩལ་གང་ན་བཞུགས༔ རྣལ་འབྱོར་བདག་གི་སྲོག་ལ་བབ་ཉེ་བའི༔ གལ་ཆེན་ནག་ལ་ཐུག་པའི་དཔུང་བསྐུལ་འདིར༔ མ་དང་མཁའ་འགྲོས་དཔུང་གྲོགས་མི་བྱེད་ན༔ ཐུགས་རྗེའི་བརྩེ་དགོངས་བྱམས་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་དམ་ལས་བབ་ཉེ་བས༔ རེ་ས་གཞན་མ་མཆིས་པའི་དུས་འདི་ལ༔ མ་དང་མཁའ་འགྲོའི་དཔུང་ཚོགས་མི་བྱོན་ན༔ དམ་ཚིག་ཐུགས་རྗེའི་ནུས་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་དཀོར་ལ་བབ་ཉེ་བས༔ སྐྱབས་མཆོག་ལྷ་ལ་སྐྱབས་སུ་མཆིས་དུས་འདིར༔ ཕ་རོལ་དཔུང་ཚོགས་སྟོབས་ཀྱིས་མི་བསྒྲལ་ན༔ སྐྱབས་ཡུལ་ལྷ་ཡིས་སྐྱོབ་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་སྒྲུབ་ལ་བར་ཆོད་པའི༔ དམ་ཉམས་དགྲ་བོ་བདུད་བགེགས་སྒྲོལ་རེ་རན༔ བཀའ་ལོག་བསྟན་བཤིག་དམ་ཉམས་གཤེ་སྐུར་མཁན༔ མ་ཉེས་ཁ་ཡོག་གླེང་འདེབས་ཇག་ཆོམ་རྐུན༔ བསམ་པ་གནག་ལ་སྦྱོར་བ་རྩུབ་པ་དང་༔ བདག་གི་ལུས་སྲོག་དཀོར་ལ་ཟ་རྔམས་པའི༔ དམ་ཉམས་དགྲ་བགེགས་གནོད་བྱེད་མ་ལུས་པ༔ ལོ་དང་ཟླ་བར་བཞག་པའི་ལོང་མེད་ཀྱིས༔ ད་ལྟ་ཉིད་དུ་བསད་ཅིང་ཤུལ་མེད་ཐོངས༔ རྣམ་ཤེས་རྣམ་སྨིན་ལས་རྗེས་མ་བཏང་བར༔ མནར་མེད་བྱ་རྩོལ་བསམ་བྲལ་ཀློང་དུ་སོད༔ དུས་ལ་བབ་བོ་བཛྲ་ས་མ་ཡ༔ ད་གཟིགས་ད་བྱོན་ད་དགོངས་ཐུགས་དམ་ཅན༔ བདག་གི་དོན་ཆེན་འགགས་ལ་མ་ཐུག་ན༔ མ་དང་མཁའ་འགྲོའི་ཐུགས་དམ་ཅི་ལ་བསྐུལ༔ རྣལ་འབྱོར་བདག་གི་ལུས་ལ་མ་བབ་ན༔ མི་རུང་ངན་ཚིག་དམོད་པ་ཅི་ལ་བོར༔ བདག་གི་རིན་ཆེན་སྲོག་ལ་མ་བབ་ན༔ གཏན་གྱི་མགོན་ལ་འོ་དོད་ཅི་ལ་འབོད༔ བདག་གི་བསྙེན་སྒྲུབ་བརླག་ལ་མ་ཆས་ན༔ ཡེ་ཤེས་མཁའ་འགྲོའི་ཐུགས་དམ་ཅི་ལ་བསྐུལ༔ བདག་གི་དགེ་འབྲས་འཇོམས་པར་མ་ཆས་ན༔ ཕུང་བརླག་དྲག་པོའི་ལས་ལ་ཅིའི་ཕྱིར་འབད༔ བདག་གི་གཅེས་སྤྲས་ནོར་ལ་མ་བབ་ན༔ དེ་རིང་དཔུང་རོགས་དམག་འབོད་ཅི་ལ་བྱེད༔ བདག་གི་འཁོར་ཚོགས་གྲོགས་ལ་མ་བབ་ན༔ དེ་རིང་མ་དང་མཁའ་འགྲོ་ཅི་ལ་བསྐུལ༔ བདག་ཉིད་ཕུང་བརླག་རྒོལ་བས་མ་ཟིན་ན༔ ཡི་དམ་ལྷ་ལ་ཞེ་ཁྲེལ་ཅི་ལ་འདོགས༔ བྱོན་ཅིག་དགོངས་ཤིག་གསོན་ཅིག་ཡི་དམ་ལྷ༔ མཐུ་རྩལ་རྫུ་འཕྲུལ་ཕྱུང་པའི་དུས་ལ་བབ༔ ད་ལྟ་ཉིད་དུ་མཐུ་རྩལ་མི་ཕྱུང་ན༔ བདག་གིས་བསྙེན་སྒྲུབ་ལས་ལ་འབད་དོན་གང་༔ འདི་ལྟར་རྩེ་གཅིག་བསྙེན་སྒྲུབ་མཆོད་བསྟོད་ན༔ འཁྲུལ་པ་ཉིང་འཁྲུལ་བགེགས་རིགས་གདོན་གྱིས་ཀྱང་༔ ཕ་བས་བརྩེ་ཞིང་མ་བས་གདུང་སེམས་ཆེ༔ རྩེ་གཅིག་བསྒྲུབ་ཅིང་ཡང་ཡང་བསྙེན་གྱུར་ན༔ དུག་ལྔའི་སྟོབས་བཙན་གདོང་དམར་སྲིན་པོས་ཀྱང་༔ ཕ་ལྟར་བརྩེ་ཞིང་མ་ལྟར་བྱམས་པས་སྐྱོང་༔ མ་ཟད་ལངྐ་ཤོད་ཀྱི་སྲིན་མོས་ཀྱང་༔ བརྩེ་གདུང་རྨངས་པོའི་བུ་སྡུག་ལས་ཀྱང་ཆེ༔ བསྟན་འགྲོའི་དོན་ལ་མཉམ་པར་དགོངས་བརྩེ་ན༔ རྣལ་འབྱོར་བདག་གི་དཔུང་ལ་བྱོན་རེ་རན༔ སངས་རྒྱས་བསྟན་པ་གཉན་ལ་དགྲ་དར་བས༔ བསྟན་བཤིགས་ལག་དམར་བསྒྲལ་བའི་དུས་ལ་བབ༔ དམ་ཆོས་རྒྱུད་སྡེའི་འོ་མཚོ་ནུབ་ཉེ་བས༔ དམ་ཉམས་བཀའ་ལོག་བསྒྲལ་བའི་དུས་ལ་བབ༔ དགེ་འདུན་རྒྱལ་བའི་བརྒྱུད་འཛིན་སྡུག་ཏ་རེ༔ དམ་ཉམས་བདུད་ཀྱི་ཕོ་ཉ་ད་ལྟ་སོད༔ སྐྱེ་འགྲོའི་བདེ་སྐྱིད་གཡུལ་འགྱེད་མཚོན་གྱིས་སྣུབས༔ གཡུལ་འགྱེད་མཚོན་འཁྲུགས་ཁ་དཔོན་ད་ལྟ་སོད༔ མདོ་སྔགས་བསྟན་ལ་དམ་ཉམས་ལྟ་ལོག་རྒོལ༔ ཆོས་ཁྲིམས་བཤིག་པའི་ལྟ་ལོག་གྲུབ་མཐའ་ནི༔ འཛིན་མི་དེར་ཕྱོགས་དེར་འཁོར་ཆོས་ལོག་བཅས༔ མ་འགྱང་ད་ལྟ་ཉིད་དུ་སྟོབས་ཀྱིས་སྒྲོལ༔ བསྟན་འཛིན་སྐྱེས་བུ་བསྟན་པའི་ཁུར་འཛིན་ལ༔ ཉམས་ཚད་བྱེད་ཅིང་དམའ་ལ་འཕེན་རྩོལ་དང་༔ སྐུ་སྲོག་ལ་བསྡོ་གཤེ་སྐུར་ལོག་ལྟ་བའི༔ དམ་སྲི་རྒྱལ་འགོང་བདུད་བགེགས་ནག་ཕྱོགས་རིགས༔ དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ༔ ད་ལྟ་ཉིད་དུ་བཀའ་ཡི་ཆད་པ་ཐོབས༔ སྲོག་གི་མར་མེ་དབང་པོའི་མེ་བཀྲ་སྣུབས༔ དུས་ལ་བབ་པོ་བཛྲ་ས་མ་ཡ༔ ཧོཿ བརྒྱུད་གསུམ་རིག་འཛིན་བླ་མའི་དུས་ལ་བབ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དུས་ལ་བབ༔ མ་ཚོགས་ཡེ་ཤེས་མཁའ་འགྲོའི༴ དམ་ཚིག་ཤ་ཟ་ཤུགས་འགྲོ་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོའི་དུས༴ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ བསྟན་སྲུང་དམ་ཅན་རྒྱ་མཚོའི༴ བརྣག་པའི་དགྲ་ལ་དྲག་པོའི་ཕྲིན་ལས་མཛོད༔ རྒོལ་འཇབ་བགེགས་ཀྱི་དཔུང་ཚོགས་སྟོབས་ཀྱིས་སྒྲོལ༔ ཧཱུྃ་ཛཿཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་དཀྱིལ་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ཆོས་སྐུའི་ཀློང་དུ་ཆོས་སྐུའི་མཁའ་འགྲོ་གཙོ༔ རྒྱལ་ཀུན་བསྐྱེད་ཡུམ་ཀུན་ཏུ་བཟང་མོ་ཉིད༔ བསྐུལ་ལོ་ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྤྲུལ་པ་གར་བསྒྱུར་ཕྲིན་ལས་དུས་ལ་བབ༔ སྐྱེ་མེད་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་བརྗིད་དྲག་པོའི་སྐུར་བཞེངས་ཤིག༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཧཱུྃ་ཛཿདམར་ནག་འབར་བ་ཟླ་གམ་དབང་གི་དལ༔ འགགས་མེད་རོལ་པ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྐུའི་མཁའ་འགྲོའི་གཙོ༔ མི་ཤིགས་འཇིགས་བྱེད་མཁའ་འགྲོ་སེང་གེའི་གདོང་༔ བསྐུལ་ལོ་ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཞི་ཉིད་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྐུ་ཡི་བཀོད་པ་རབ་འབྱམས་ངོམས་པ་ཡིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་རབ་བཀྲ་མཛོད༔ ལོངས་སྐུའི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་མཛོད་དུས་ལ་བབ༔ ཁྱེད་ཀྱི་མཐུ་སྟོབས་གར་བསྒྱུར་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ བདེ་ཆེན་པདྨ་འོད་འཁྱིལ་གཞལ་ཡས་ནས༔ སྤྲུལ་པའི་སྐུར་སྟོན་སྤྲུལ་སྐུའི་མཁའ་འགྲོའི་གཙོ༔ བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ༔ བསྐུལ་ལོ་ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྤྲུལ་སྐུའི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་མཛོད་དུས༴ ཁྱེད་ཀྱི་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས༴ བདག་གི་ཡིད་ལ་བརྣག༴ མྱུར་དུ་ཁུག༴ ཤར་ཕྱོགས་གཏུམ་དྲག་རྔམས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་མ༔ རྡོ་རྗེ་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་རྒྱལ་བསེན་བདུད་བགེགས་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་མ༔ རིན་ཆེན་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་སོགས༔ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ༴ འདོད་ཆགས་ཚུལ་གྱིས་འདོད་ཆགས༴ པདྨ་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་སོགས༔ བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ མི་བཟད་རབ༴ ཕྲག་དོག་ཚུལ༴ ལས་ཀྱི་མཁའ་འགྲོ༴ བསྐུལ་ལོ་བསྐུལ་ལོ་སོགས༔ ཧཱུྃ་བྷྱོ༔ ཤར་ཕྱོགས་མེ་རི་འབར་བའི་ཀློང་དཀྱིལ་ནས༔ གཏི་མུག་ཀླུ་གདོན་འདུལ་བའི་མཐུ་མོ་ཆེ༔ སྐུ་སྤྲུལ་ཁྱུང་གདོང་དཀར་མོ་སྐུ་བཞེངས་ཤིག༔ མངོན་སྤྱོད་ལྷུན་གྲུབ་མཁའ་འགྲོ་བྱེ་བ་འབུམ༔ བསྐུལ་ལོ་སོགས༔ ལྷོ་ཕྱོགས་རླུང་ནག་འཚུབས་པའི་ཀློང་དཀྱིལ་ནས༔ ང་རྒྱལ་རྒྱལ་འགོང་འདུལ་བའི་མཐུ་མོ་ཆེ༔ ཡོན་ཏན་སྡིག་གདོང་སེར་མོ་སྐུ་བཞེངས་ཤིག༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཁའ་འགྲོ་འབུམ༔ བསྐུལ་ལོ་སོགས༔ ནུབ་ཕྱོགས་ཁྲག་མཚོ་འཁྱིལ་བའི་ཀློང་༴ འདོད་ཆགས་མོ་གདོན་འདུལ་བའི་མཐུ་མོ་ཆེ༔ གསུང་སྤྲུལ་འཕར་གདོང་དམར་མོ་སྐུ༴ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཁའ་འགྲོ་འབུམ༔ བསྐུལ་ལོ་སོགས༔ བྱང་ཕྱོགས་གསོད་གཅོད་ལས་ཀྱི་འཕྲུལ་འཁོར་ནས༔ ཕྲག་དོག་བྱད་མ་འཇོམས་པའི་མཐུ་མོ་ཆེ༔ ཕྲིན་ལས་ཁྱི་གདོང་ལྗང་མོ་སྐུ་བཞེངས༴ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཁའ་འགྲོ་འབུམ༔ བསྐུལ་ལོ་སོགས༔ ཤར་ལྷོ་རབ་འཇིགས་རྔམས་པའི་ཀློང་དཀྱིལ་ནས༔ དམར་ནག་དབང་དྲག་འཛོམ་པ་འུག་པའི་གདོང་༔ དམ་ཚིག་མཁའ་འགྲོ་འབུམ་སྡེ་སྐུ་བཞེངས་ཤིག༔ བསྐུལ་ལོ་སོགས༔ ལྷོ་ནུབ་རབ་རྒྱུའི་དུར་ཁྲོད་ཆེན་པོ་ནས༔ སེར་ནག་བྱ་རོག་གདོང་ཅན་དྲག་གཏུམ་རྔམས༔ སྤྲུལ་འཁོར་ཐམས་ཅད་མཁའ་འགྲོ་འབུམ་སྡེ་བཞེངས༔ བསྐུལ་ལོ་སོགས༔ ནུབ་བྱང་ཁྲག་མཚོ་རོལ་པའི་དུར་ཁྲོད་ནས༔ བྱང་ནག་ཆེན་མོ་དུར་བྱའི་གདོང་པ་ཅན༔ སྤྲུལ་འཁོར་ཤ་ཟ་མཁའ་འགྲོ་འབུམ་སྡེ་བཞེངས༔ བསྐུལ་ལོ་སོགས༔ བྱང་ཤར་མངོན་སྤྱོད་ལྷུན་གྲུབ་དཀྱིལ་འཁོར་ནས༔ མཐིང་ནག་རབ་འཇིགས་སྤྲུལ་གྱི་གདོང་པ་ཅན༔ འཇིག་རྟེན་མཁའ་འགྲོ་འབུམ་སྡེ་སྐུ་བཞེངས་ཤིག༔ བསྐུལ་ལོ་སོགས༔ ཛཿདཀར་གསལ་ཟླུམ་ལ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་འབུམ་སྡེ་དང་བཅས་པ༔ བསྐུལ་ལོ་སོགས༔ ཧཱུྃ༔ སེར་གསལ་གྲུ་བཞི་གདེངས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ་སོགས༔ བཾ༔ དམར་ནག་ཟླ་གམ་གདེངས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས༴ དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ་སོགས༔ ཧོཿ ལྗང་ནག་གྲུ་གསུམ་འབར་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས༴ དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ་སོགས༔ ཧཱུྃ་ཛཿསྨུག་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཏི་མ༔ བསྐལ་བའི་ཞིང་གི་རྡུལ་སྙེད་འཁོར་དང་བཅས༔ བསྐུལ་ལོ་སོགས༔ ཧཱུྃ་ཛཿབྱང་ཤར་མུ་ལེ་གཏིང་གི་ཁྲག་མཚོ་རུ༔ དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ཆེ༔ ཁྱེད་ཀྱི་འཁོར་ཚོགས་མ་མོ་མཁའ་འགྲོའི་སྡེ༔ བསྐུལ་ལོ་སོགས༔ བྷྱོ༔ དཀྱིལ་འཁོར་ཀུན་གྱི་མཐའ་འཛིན་ཕྲིན་ལས་སྒྲུབ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས༔ བསྐུལ་ལོ་སོགས༔ ཧཱུྃ་ཛཿཧེ་ཆེན་དྷ་ནའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ བསྐུལ་ལོ་སོགས༔ ཧཱུྃ་ཛཿཕོ་བྲང་མཁའ་སྤྱོད་ཙཱ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་སོགས༔ ཧཱུྃ་ཛཿསྔོན་ཚེ་རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས༔ བཀའ་དང་དམ་ལ་གནས་པའི་བསྟན་སྲུང་ཚོགས༔ བསྐུལ་ལོ་བསྐུལ་ལོ་ཐུགས༴ ཁྱེད་ཅག་མཐུ་རྩལ༴ དུས་མཐའི་བདུད་བགེགས༴ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཀྱཻ༔ གསོན་ཅིག་དགོངས་ཤིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་ནི་མ་ཉེས་མ་ཡོའོ༔ དམ་ཉམས་དགྲ་བགེགས་ལོག་འདྲེན་བྱད་མ་ཡིས༔ བདག་ལ་དོ་བསྡོ་ཕོད་བཙུགས་ཡ་བཟུང་ཞིང་༔ ཚེ་ལ་བརྐུ་ཞིང་སྲོག་ལ་འཇབ་པ་དང་༔ དཀོར་ལ་རྔམས་ཤིང་སྒྲུབ་ལ་བར་ཆད་བརྩམ༔ མ་ཉེས་འདུག་ཀྱང་འདུག་པའི་དབང་མེད་བྱས༔ འབྲོས་ཀྱང་བདས་བྱུང་གབ་ཀྱང་དེར་སླེབས་བྱུང་༔ ལན་ཆགས་འཇལ་ཀྱང་འཕྲོག་བཅོམ་བྱེད་དུ་ཆས༔ ཞི་བ་བྱས་ཀྱང་དྲག་པོའི་ལས་བཙུགས་བྱུང་༔ བདེན་པར་སྨྲས་ཀྱང་རྫུན་གྱིས་ཟོབ་བཅུག་བྱས༔ ལེགས་པར་བསྒྲུབ་ཀྱང་ཉེས་པའི་སྔོན་རྒྱུག་བྱས༔ དེ་ལྟར་བདག་ལ་སྡང་བའི་དགྲ་བགེགས་འདིས༔ ཚེ་རབས་ཐོག་མ་མེད་པའི་དུས་དག་ནས༔ ད་ལྟའི་བར་དུ་སྡུག་བསྔལ་མྱོང་དུ་བཅུག༔ ལོག་ལམ་མི་དགེའི་ཉེས་ལམ་འདི་ཡིས་བསྟན༔ ལེགས་ལམ་དགེ་བའི་ལས་ཀྱང་འདིས་འཕྲོག་བསྒྲིབས༔ བདེན་པའི་ཚིག་ཀྱང་འདི་ཡིས་རྫུན་དུ་གཟད༔ དགེ་བའི་ལས་ཀྱང་འདི་ཡིས་མི་དགེར་བསྒྱུར༔ བདེ་བའི་འབྲས་བུ་འདི་ཡིས་སྡུག་ལ་བཙོངས༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ སྐྱེ་འགྲོའི་བདེ་བཅོམ་བསྟན་པའི་ཆོས་ཁྲིམས་བཤིག༔ ཉེས་ཅན་འདི་ལ་བཀའ་ཡི་ཆད་པ་ཆོད༔ རི་བོའི་རྩེ་ཁོངས་རྒྱ་མཚོའི་ཁ་གཏིང་དང་༔ ཉི་ཟླའི་གོ་བར་སྤྲིན་ཀློང་བྲག་རིའི་ནང་༔ དཀོན་མཆོག་སྐྱབས་ཞབས་སྔགས་པའི་སྲུང་གུར་སོགས༔ གང་ན་ཡོད་ཀྱང་མ་བཏང་མ་ཤོར་བར༔ གཟུགས་བྱང་རཱུ་པ་འདི་ལ་གཉིས་མེད་ཁུག༔ བསྐུལ་ལོ་བསྐུལ་ལོ་མ་དང་མཁའ་འགྲོ་རྣམས༔ དད་གུས་གདུང་བས་མ་དང་མཁའ་འགྲོ་བསྐུལ༔ རེ་སའི་སྐྱབས་གནས་མ་དང་མཁའ་འགྲོར་འབོད༔ མ་གཡེལ་མ་གཡེལ་ཐུགས་རྗེའི་སྟོབས་རྩལ་ཅན༔ ཁྱེད་ཅག་ཐུགས་དམ་གཉན་པོའི་དུས་ལ་བབ༔ བསྟན་སྲུང་རྒྱ་མཚོ་དམ་ཚིག་གཉན་གྱིས་བསྐུལ༔ ཕྲིན་ལས་སྒྲུབས་ཤིག་བཛྲ་ས་མ་ཡ༔ ཨོཾ་མ་ཧཱ་ཀྲོ་ཏ་སེང་ཧ་མུ་ཁ་ཧ་རི་ནི་ས་ཨཱཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿསརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿདགྲ་བགེགས་ཆེ་གེ་མོ་དང་གནོད་བྱེད་སརྦ་ཁུག་ཛ་མཱ་ར་ཡ་རྦད་རྦད་བྷྱོ་ནན་ཛ་ཁུག་སྟྭཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གལ་ཆེན་དགྲ་བགེགས་བྱུང་བའི་ཚེ༔ མཁའ་འགྲོའི་དྲག་བསྐུལ་འདི་ལ་བརྩོན༔ ལྟ་བའི་གདིང་གིས་བསྐུལ་བ་ན༔ རི་རབ་གླིང་བཞི་ཡིན་ཡང་བརླག༔ གང་རུང་བ་ལ་མི་བྱའོ༔ ས་མ་ཡ༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ ཞིང་སྐྱོང་ཀུན་དཀའ་གཞོན་ནུ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མཁའ་འགྲོའི་དྲག་བསྐུལ་ཟབ་མོ་འདི། །གར་དབང་བདུད་འཇོམས་གླིང་པ་ངས། །མ་འགགས་འོད་གསལ་ཆེན་པོའི་ངང་། །པདྨའི་གསང་གཏེར་སྒོ་ཕྱེས་བཏོན། །ལི་སྟོད་སྐལ་བཟང་དགོན་པ་རུ། །ཞལ་བཤུས་དག་ཕབ་ཡི་གེ་པ། །རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས། །བགྱིས་པས་ཕྲིན་ལས་ལྷུན་གྲུབ་ཅིང་། །བྱད་མ་བདུད་དཔུང་གཞོམ་པར་ཤོག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།