བླ་མ་དྲག་པོ་གྲོ་ལོད་ཀྱི་སྐོར་ལ་སྤྱིའི་རྩ་གཞུང་ལེ་ཚན་བཅུ་བདུན།

From Dudjom Wiki
Revision as of 16:00, 4 September 2025 by Mort (talk | contribs) (Text replacement - "ཧྲཱི༔" to "ཧྲཱིཿ")
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-15-BA-005
Wylie title bla ma drag po gro lod kyi skor la spyi'i rtsa gzhung le tshan bcu bdun DJYD-KABUM-15-BA-005.pdf
Location bdud 'joms rin po che bka' 'bum
Volume 15, Text 5, Pages 113-170 (Folios 1a1 to 29b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma drag po gro lod kyi skor la spyi'i rtsa gzhung le tshan bcu bdun. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: 113-170. Kalimpong: Dupjung Lama, 1979-1985.
Side notes Recto: rtsa gzhung   Verso: gro lod
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Root Treasure - gter gzhung
Cycle དགོངས་གཏེར་བླ་མ་དྲག་པོ་གྲོ་ལོད་ (dgongs gter bla ma drag po gro lod)
Deity rdo rje gro lod
Colophon

འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ།།

'jigs bral ye shes rdo rje 'gro 'dul gling pa rtsal gyi zab mo dgongs pa'i gter gyi chos sde yang dag pa'o//

[edit]
༁ྃ༔ ཡང་གསང་ཐུགས་ཀྱི་ཐིག་ལེ་ལས༔ ལོ་རྒྱུས་ལུང་གི་བྱང་བུ་བཞུགས་སོ༔ 



༁ྃ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ རྒྱ་གར་མཁས་པ་པད་འབྱུང་བདག༔ རང་བྱུང་པདྨའི་སྙིང་པོ་ལས༔ བརྫུས་ཏེ་ཞིང་འདིར་སྲིད་པ་བཟུང་༔ ཨོ་རྒྱན་རྒྱལ་པོའི་སྲས་སྐལ་དུ༔ ཕྱིན་ནས་རྒྱལ་སྲིད་ཆོས་བཞིན་བསྐྱང་༔ རྒྱ་གར་ཕྱོགས་མཚམས་ཀུན་ཏུ་ཉུལ༔ ཆོས་ཀྱི་སྒྲོ་འདོགས་མ་ལུས་བཅད༔ དུར་ཁྲོད་བརྒྱད་དུ་སྤྱོད་པ་སྤྱད༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་ཐོབ༔ མངའ་བདག་རྒྱལ་པོའི་བཞེད་པ་བཞིན༔ སྨོན་ལམ་དབང་གིས་བོད་དུ་འོངས༔ གདུག་པའི་ལྷ་སྲིན་འབྱུང་པོ་བཏུལ༔ གསང་སྔགས་བསྟན་པའི་སྒྲོན་མེ་སྦར༔ ནམ་ཞིག་ལངྐའི་གླིང་བཟུང་ནས༔ འཛམ་གླིང་བོད་ཡུལ་སྐྱེ་འགྲོ་རྣམས༔ སྲིན་ [2a] པོའི་འཇིགས་ལས་བསྐྱབ་པར་བྱེད༔ སྐུ་ཚབ་སྤྲུལ་སྐུ་བྱིན་གྱིས་བརླབས༔ གསུང་ཚབ་གདམས་པ་གཏེར་དུ་གཏམས༔ ཐུགས་དགོངས་ལས་ཅན་སྙིང་ལ་འབེབས༔ འགྲོ་དོན་འཁོར་བ་མ་སྟོངས་བར༔ གང་འདུལ་སྤྲུལ་པ་རྒྱུན་མི་འཆད༔ ཀུན་ལ་ཕན་དྲིན་ཆེ་བར་བྱས༔ སྐལ་ལྡན་མོས་པའི་བློ་ཡོད་ན༔ གསོལ་བ་ཐོབ་དང་བྱིན་རླབས་འཇུག༔ ངེས་ཤེས་སྐྱེད་ཅིག་རྗེས་འཇུག་རྣམས༔ ས་མ་ཡ༔ དེ་ཡང་གདོང་དམར་བོད་ཡུལ་མཐའ༔ ཁ་ཁྲ་མོན་གྱི་ས་མཚམས་ནི༔ སྤ་གྲོ་སྟག་ཚང་དཔལ་གྱི་ཕུག༔ སེངྒེ་བསམ་འགྲུབ་ཀེའུ་ཚང་དུ༔ ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་ [2b] ཁྲོས་པའི་ཏིང་འཛིན་གྱིས༔ དབང་དྲག་འཆོལ་བའི་སྐྲ་ལངས་ཏེ༔ མོན་བོད་གངས་ཅན་མཐའ་དབུས་ཀྱི༔ འདྲེ་བགེགས་རྒྱལ་བསེན་དམ་སྲི་བཏུལ༔ དྲེགས་ལྡན་ལྷ་འདྲེ་གཞི་བདག་ཚོགས༔ དབང་བསྡུས་སྲོག་སྙིང་དངོས་སུ་བླངས༔ གནས་དང་གཏེར་གྱི་གཉེར་ཁ་གཏད༔ དངོས་ཀྱི་གདུལ་བྱས་སྒོ་ཕྱེས་ཏེ༔ བརྒྱུད་ནས་མ་འོངས་ལས་ཅན་དོན༔ སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཚུལ༔ མང་དུ་བསྟན་ཅིང་སོ་སོར་སྦས༔ དེ་དག་ཀུན་གྱི་སྙིང་པོའི་བཅུད༔ རྩ་གསུམ་ཐུགས་ཀྱི་སྒྲུབ་པའི་སྐོར༔ ཟབ་རྒྱས་ཁ་ཚང་དོན་འདྲིལ་བར༔ འབྲོག་བན་ལོ་ཙཱར་བརྩེ་བས་གདམས༔ རྒྱས་བསྡུས་སྐོར་ཚེ་བཞི་རུ་ཕྱེས༔ རྒྱས་པ་བདེ་གཤེགས་ཡོངས་འདུས་སྐོར༔ སྐུ་ཚབ་ཡིད་བཞིན་དཔལ་འབར་དང་༔ མྱང་གྲོལ་བདེ་ཆེན་རིལ་བུར་བཅས༔ མོན་གྱི་སྟག་ཚང་དཔལ་ཕུག་གི༔ སྒོ་གདོང་སེངྒེ་འདྲ་བའི་མགུལ༔ རྡོ་རྗེའི་ཀེའུ་ཚང་སུལ་དུ་གཏམས༔ འབྲིང་པོ་རིག་འཛིན་ཡོངས་འདུས་སྐོར༔ བོད་ཁམས་བདེ་བའི་མན་ངག་དང་༔ བདག་གི་ཕྱག་མཚན་ཐུགས་རྟེན་བཅས༔ མཆིམས་ཀྱི་གནམ་ལྕགས་འབར་བའི་བྲག༔ མཁར་རྔ་འདྲ་བའི་ལོགས་སུ་སྦས༔ བསྡུས་པ་གསང་བ་ཡོངས་འདུས་སྐོར༔ པདྨ་བཀོད་ཀྱི་ལམ་ [3a] ཡིག་དང་༔ སྦས་ཡུལ་བདེ་བའི་མན་ངག་བཅས༔ རྒྱ་ལ་དཔལ་གྱི་རི་བོའི་འགྲམ༔ ཕ་ཝཾ་རྟེན་སྒམ་འདྲ་བར་སྦས༔ ཀུན་གྱི་སྙིང་པོའི་ཞུན་ཐིག་ནི༔ ཡང་གསང་འདུས་པ་རྩ་བའི་སྐོར༔ ཐུགས་ཀྱི་ཐིག་ལེ་དྭངས་མའི་བཅུད༔ ཕྱི་རོལ་གདོས་པོའི་ས་གཏེར་དུ༔ སྤ་ཞིང་འཇོག་པར་བློས་མ་ཐོངས༔ ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔ དགོངས་ཀློང་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་གཟུངས་སུ་གཏམས༔ ས་མ་ཡ༔ འདི་ནས་མར་ལ་དུས་རྟགས་སོགས་མང་ཞིག་སྣང་བ་རྣམས་འབེབས་པའི་སྤྲོས་པ་བསྐྱུང་བར་བྱས་སོ།། །།

༁ྃ༔ བླ་མ་དྲག་པོའི་སྨིན་ལམ་དབང་གི་མན་ངག་ཟབ་མོ་ཨྠིྀ༔ བདག་ཉིད་ནུས་ལྡན་སློབ་དཔོན་ནི༔ ལྷ་དང་སྐལ་བ་མཉམ་པ་ཡིས༔ སྙིང་ནས་དོན་གཉེར་སྣོད་ལྡན་གྱི༔ སློབ་བུར་དབང་བསྐུར་བྱ་འདོད་ན༔ མཚན་མའི་དལ་བཀྲམ་དབང་རྫས་རྣམས༔ གཞུང་བཞིན་ལེགས་པར་ཚོགས་བྱས་ཏེ༔ བསྙེན་སྒྲུབ་བཟླས་པས་བྱིན་བརླབ་ཅིང་༔ ཚོགས་དང་གཏོར་མས་དངོས་གྲུབ་བསྐུལ༔ དེ་ནས་ཟུང་དུ་མ་གྱུར་པའི༔ སློབ་མ་བོས་ལ་ཁྲུས་ནས་དབྱུང་༔ བྱུར་བསལ་སྲུང་བའི་གུར་གྱིས་བཅིང་༔ ཐལ་སྦྱར་རཏྣའི་མ་དྷལ་བཅས༔ བླ་མ་སངས་རྒྱས་ཆེ་བའི་མཆོག༔ [3b] ཧེ་རུ་ཀ་དཔལ་བདག་ལ་དགོངས༔ བདེ་ཆེན་གསང་བའི་དཀྱིལ་འཁོར་འདིར༔ ཐུགས་རྗེས་ཟུངས་ལ་དབང་བསྐུར་སྩོལ༔ ཞེས་པས་གསོལ་བཏབ་རྒྱུད་སྦྱང་མཐར༔ དངོས་གཞི་ཡེ་ཤེས་དབབ་པའི་སླད༔ སློབ་བུའི་ལུས་སྣང་སྟོང་པར་སྦྱངས༔ དེ་ལས་དབང་དྲག་སྐུར་གསལ་བའི༔ ཐུགས་ཀར་གཡུང་དྲུང་དམར་པོ་ནི༔ གྲྭ་བཞིར་ཧ་རི་ནི་སས་མཚན༔ ཏིང་འཛིན་སྔགས་དང་རོལ་མོའི་སྒྲས༔ བསྐུལ་བས་གཡུང་དྲུང་ཡིག་འབྲུར་བཅས༔ གཡོན་དུ་མགལ་མེ་ལྟར་འཁོར་བའི༔ འོད་ཀྱིས་རྒྱལ་བ་རབ་འབྱམས་ཀུན༔ ཆར་ཆེན་བབས་ལྟར་སྤྱན་དྲངས་བསྟིམ༔ དེ་ཉིད་བརྟན་ཕྱིར་བུམ་དབང་བསྐུར༔ ཧཱུྃ༔ བུམ་པའི་དཀྱིལ་འཁོར་ཡེ་ཤེས་རྒྱུན༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་ཀུན་དག་ནས༔ ཐོད་ཕྲེང་རྩལ་དང་དབྱེར་མེད་ཤོག༔ རྩ་སྔགས་དང་༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃཿ ཡེ་ཤེས་སྐུ་ལས་གཉིས་པ་བསྟིམ༔ ཧཱུྃ༔ ཆོས་དབྱིངས་ངང་ལས་རང་ཤར་བ༔ པདྨ་ཁྲག་འཐུང་འཆོལ་བ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་མཚན་རྡོ་རྗེ་གཡས་སུ་གཏད༔ ཧཱུྃ༔ ཐེག་དགུ་ཡོངས་རྫོགས་ཡེ་ཤེས་མཚོན༔ གནམ་ལྕགས་རྡོ་རྗེ་རྩེ་ [4a] དགུ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོག་འདྲེན་བདུད་དཔུང་ཀུན་འཇོམས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ གནམ་ལྕགས་ཕུར་བུ་གཡོན་དུ་གཏད༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་འབར་བའི་མཚོན༔ དྲག་རྩལ་སྟོབས་འདུས་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་སྙིང་རྩ་ཐལ་འབྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྡིག་ཁྱུང་སྡིགས་མཛུབ་རྩེ་མོར་གཏད༔ ཧཱུྃ༔ དཔལ་གྱི་ཕོ་ཉ་མི་བཟད་རྔམས༔ ལྕགས་སྡིག་མེ་ཁྱུང་འབར་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བསེན་ས་བདག་ཀུན་འདུལ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔགས་ཀྱི་ཕྲེང་བ་ལག་ཏུ་གཏད༔ ཧཱུྃ༔ གསང་ཆེན་སྙིང་པོ་སྔགས་ཀྱི་སྒྲ༔ དྲག་ལ་ངར་ལྡན་ཆུ་རྒྱུན་བཞིན༔ རིགས་ཀྱི་བུ་ལ་སྔགས་བསྟིམ་པས༔ གྲགས་སྟོང་གསུང་དབྱངས་ཐོབ་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དམར་སྙིང་གའི་གནས་སུ་བཞག༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་ཡང་སྙིང་ཧཱུྃ༔ བརྗོད་བྱའི་ཚིག་དབང་ཧཱུྃ་འདི་ཡིན༔ རིགས་ཀྱི་བུ་ལ་ཧཱུྃ་བསྟིམ་པས༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་ལྡན་ཧཱུྃ་ཡིག་གནས་ལྔར་བསྐུར༔ སློབ་དཔོན་དབང་དྲག་ཧེ་རུ་ཀའི༔ [4b] དཔྲལ་མགྲིན་སྙིང་ལྟེ་གསང་བ་ནས༔ དཀར་དམར་མཐིང་སེར་ལྗང་བའི་ཧཱུྃ༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་ལྡིར༔ སློབ་བུའི་གནས་ལྔར་སིབ་སིབ་ཐིམ༔ དེ་ལས་རང་གདངས་ཧཱུྃ་ལྔ་ལྡན༔ སྟོང་ཁམས་གང་འཕྲོས་ཧཱུྃ་སྒྲས་ཁྱབཿ སྣོད་བཅུད་ཧཱུྃ་གི་ངོ་བོར་སྦྱངས༔ འུབ་བསྡུས་བདག་ཐིམ་ཧཱུྃ་ལ་འདྲིལ༔ དེ་ཡང་གྱེན་རྫོགས་ནམ་མཁར་ཡལ༔ གནས་ལུགས་ངང་ལ་ཅི་གནས་བཞག༔ བརྒྱུད་འཛིན་སྙིང་དང་འདྲ་བའི་བུར༔ སྐབས་འདིར་དྲེགས་པའི་སྲོག་དབང་བསྐུར༔ དབང་བཞི་ཡོངས་རྫོགས་བྱིན་རླབས་སླད༔ མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད༔ ཐུགས་དམ་བསྐུལ་ཞིང་ཛཔྲ་དབྱངས་བྱ༔ བཟོད་མེད་མོས་གུས་ཉམས་འུར་ཏེ༔ རིག་པ་གཏད་མེད་རྗེན་པར་འཆར༔ དེ་ཚེ་སྐལ་ལྡན་བྱིན་རློབ་ཕྱིར༔ བདག་ཉིད་འབྱོན་པར་ཐེ་ཚོམ་མེད༔ གཏོར་ཆེན་གནས་བཞིར་བསྐུར་ཞིང་གཏད༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་དངོས་དྲིན་ཆེན་སྤྲུལ་པའི་སྐུ༔ འགྲོ་བ་འདྲེན་མཛད་མ་ཧཱ་གུ་རུ་རྗེ༔ སྲིན་པོའི་དེད་དཔོན་དབང་དྲག་ཐོད་ཕྲེང་རྩལ༔ ལོག་འདྲེན་ཀུན་འཇོམས་རྡོ་རྗེ་གྲོ་བོ་ལོད༔ ཨོ་རྒྱན་ཡུལ་བྱོན་སྤྲུལ་པ་བསམ་ཡས་འགྱེད༔ རྒྱ་གར་ཡུལ་བྱོན་སྒྲོ་འདོགས་མ་ལུས་བཅད༔ དུར་ [5a] ཁྲོད་བརྒྱད་བྱོན་མཆོག་ཐུན་དངོས་གྲུབ་བརྙེས༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་གཏེར་སྟོན་སྤྲུལ་སྐུ་ལུང་དུ་བསྟན༔ གསུང་ཚབ་དྲི་མེད་ཤོག་སེར་ལོགས་སུ་བཀོད༔ ཐུགས་ཀྱི་དགོངས་པ་ལས་ཅན་སྙིང་ལ་འབེབས༔ དད་མོས་ཅན་ལ་སྤྱི་གཙུག་དངོས་སུ་བྱོན༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཉིད་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་ན༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ ཧོཿ གཏོར་མའི་ལྷ་ཉིད་སློབ་མར་བསྟིམ༔ གཏོར་ཟན་བདུད་རྩར་བཞུས་ཏེ་ [5b] སྦྱིན༔ བདེན་ཚིག་ཤིས་བརྗོད་མེ་ཏོག་འཐོར༔ འདའ་དཀའ་གསང་བའི་དམ་ཚིག་བསྒྲག༔ བུས་ཀྱང་སྒྲུབ་པའི་གཡར་དམ་བླང་༔ གཏང་རག་དགའ་སྟོན་རྒྱ་ཆེར་བྱ༔ འདི་ལྟར་དབང་བསྐུར་ཐོབ་ཙམ་གྱིས༔ མ་རུངས་རྒྱལ་འགོང་གདུག་རྩུབ་སོགས༔ བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་འཕེལ༔ བཀྲ་ཤིས་གང་བསམ་ལྷུན་གྱིས་འགྲུབཿ བརྩོན་པས་ཚུལ་བཞིན་ཉམས་བླངས་ན༔ མཆོག་ཐུན་དངོས་གྲུབ་སྟབས་སུ་འབྱུང་༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའིར་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ཕྲིན་ལས་དྲེགས་པ་སྡེ་བརྒྱད་ཀྱི་སྲོག་གཏད་ཟབ་མོ་ཨྠིྀ༔ དགོངས་པ་མི་འགྱུར་གཟེར་ཆེན་གྱིས༔ སྣང་སྲིད་སྲོག་ལ་དབང་ཐོབ་པའི༔ སློབ་དཔོན་ནུས་པར་ལྡན་པ་ཡིས༔ ངེས་པར་བརྒྱུད་འཛིན་སྙིང་འདྲའི་བུརཿ དྲེགས་པ་སྡེ་བརྒྱད་གནད་འབེབས་ཀྱི༔ སྲོག་དབང་ཟབ་མོ་བསྐུར་འདོད་ན༔ དྲག་པོའི་མ་ངྷལ་ཉེ་བའི་མདུན༔ མཚན་ངན་ཐོད་པར་རྩིབས་བརྒྱད་ལ༔ སྡེ་བརྒྱད་སྲོག་ཡིག་བྲིས་པ་འགོད༔ སློབ་དཔོན་ཆེ་ [6a] མཆོག་དབང་དྲག་གི༔ ཐུགས་སྲོག་ཧཱུྃ་ལས་འབར་བའི་འོད༔ ཛཿཡིག་ལྕགས་ཀྱུའི་རྣམ་པར་འཕྲོས༔ དྲེགས་པ་དབང་མེད་མདུན་དུ་བཀུག༔ སོ་སོའི་སྲོག་ཡིག་ལ་ཐིམ་བསྒོམ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨ་ཀརྵ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿ ཕུར་པ་ལས་བྱེད་མེ་དབལ་དུ༔ གསལ་བ་ཚམ་རྔམས་དྲག་པོས་གཟིར༔ རྩ་སྔགས་སྡེ་བརྒྱད་སྲོག་ཡིག་མཐར༔ དྲེགས་པའི་གཟིར་སྔགས་ཤམ་བུ་དང་༔ ཏྲིག་ནན་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད༔ བཛྲ་ཡཀྵ་ཀཱི་ལ་ཡ་ཛཿཧཱུྃ་ཕཊཿ ཉོན་མོངས་དུག་བཅོམ་སྲག་ཡིག་རྣམས༔ སྡེ་བརྒྱད་སོ་སོར་དངོས་སུ་གསལ༔ དམ་རྫས་སྦྱིན་ཅིང་བུ་ལ་གཏད༔ ཧཱུྃ༔ ཆེ་མཆོག་དབང་དྲག་དཀྱིལ་འཁོར་མུ་རན་སྐྱོང་༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་འཛིན་པ༔ ལས་བྱེད་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཀྱིས༔ སྐལ་ལྡན་འདི་ཡི་ལས་རྣམས་ཀུན་སྒྲུབས་ཤིག༔ དེ་སྐད་བསྒོས་པས་ཁོང་རྣམས་ཀྱིས༔ སློབ་མ་དབང་དྲག་ཧེ་རུ་ཀར༔ གཡས་བསྐོར་རང་རྟགས་སྲོག་སྙིང་ཕུལ༔ གུས་པའི་ཚུལ་གྱིས་འདི་སྐད་དུ༔ མི་བཟད་དཔལ་ཆེན་དབང་ [6b] དྲག་ཧེ་རུ་ཀ༔ ཁྱེད་ཀྱི་བཀའ་བཞིན་བདག་གིས་བསྟན་པ་བསྲུང་༔ ཅི་བསྒོའི་ལས་རྣམས་ཐོགས་མེད་འདིར་བསྒྲུབ་ཅིང་༔ དམ་ཚིག་གཉན་ལས་ནམ་ཡང་མི་འདའ་འོ༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཅེས་བརྗོད་བྲོ་བོར་བཀའ་སྡོད་བསམ༔ བདུད་རྩི་བླུད་ཅིང་དམ་ཚིག་བསྲེ༔ སྡེ་བརྒྱད་དྲེགས་པ་རང་གནས་བཏང་༔ སྤྱི་དང་ཁྱད་པར་དམ་ཚིག་བསྒྲག༔ དེས་ཀྱང་གཡར་དམ་གཉེར་ཐུབ་བྱ༔ འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ དམ་མེད་རྣམས་ལ་རླུང་ཕྱོགས་ཙམ༔ མི་བསྒྲག་གལ་ཏེ་འཆོལ་གྱུར་ན༔ དྲེགས་པ་སླར་ལ་འཁུ་ཞིང་ལྡོག༔ སློབ་དཔོན་སློབ་མ་གཉིས་ཀ་ཡི༔ སྲོག་ལ་ཧབ་ལེན་བྱེད་པར་ངེས༔ དེ་བས་ཚོད་ཟིན་ཤེས་པ་གཅེས༔ ས་མ་ཡ།འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ མཧཱ་གུ་རུ་ཡང་གསང་གི་སྒྲུབ་པ་སྲོག་གི་ཏི་ཀ་ཨྠིྀ༔ ཁྲག་འཐུང་པདྨ་དྲག་པོ་རྩལ༔ འཆོལ་བའི་ཁྲོ་རྒྱལ་བསྒྲུབ་པ་ནི༔ རྣལ་འབྱོར་སྔོན་དུ་འགྲོ་བའི་ཆོས༔ ཇི་ལྟར་རིགས་པས་བློ་སྦྱངས་ནས༔ དངོས་གཞི་བསྐྱེད་རིམ་འདི་ལྟར་བསྒོམ༔ [7a] ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་སྟོང་ཆེན་གདོད་མའི་གཤིས༔ སྤྲོས་བྲལ་དེ་བཞིན་ཉིད་དབྱིངས་ལས༔ མ་རྟོགས་ལོག་འདྲེན་སེམས་ཅན་ལ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཤར༔ གསལ་སྟོང་འགག་མེད་རང་རིག་ནི༔ ཧཱུྃ་དམར་འབར་བས་མཁའ་དབྱིངས་གང་༔ དེ་ལས་ཡེ་ཤེས་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཁམས་གསུམ་ཨེ་ཡི་ཕོ་བྲང་དུ༔ པད་ཉི་དྲེགས་པ་རྒྱལ་བསེན་ཁྲིར༔ རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ བདག་ཉིད་པདྨ་ཁྲག་འཐུང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ སྨུག་ནག་དུས་མཐའི་མེ་ལྟར་འབར༔ སྤྱན་གསུམ་སྡང་མིག་གློག་སྟོང་འཁྱུག༔ སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འཕྲོ༔ ཨམ་གཙིག་བསྡམས་ཤིང་མཆེ་བ་གཙིགས༔ ཁྲོ་གཉེར་ཤངས་ནས་ཧཱུྃ་སྒྲ་ལྡིར༔ དམར་སེར་དབུ་སྐྲ་གྱེན་དུ་འཁྱིལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་རྭ་གདེངས་མེ་འབར་བ༔ ཧཱུྃ་དགུ་རཾ་དགུས་མཚན་པ་ཅན༔ ནམ་མཁའི་དབྱིངས་སུ་གསོར་ཞིང་འཕྱར༔ སྟེང་གདོན་མ་ལུས་ཐལ་བར་རློག༔ གཡོན་པས་གནམ་ལྕགས་ཕུར་པའི་དཔལ༔ རྣོ་ངར་བགེགས་ཀྱི་ [7b] སྙིང་ཁ་གཟིར༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་ནི༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པ༔ གྲངས་མེད་ཁྲ་ཐབས་འགྱེད་པ་ཡིས༔ དམ་སྲི་རྒྱལ་འགོང་ཧབ་ཧབ་ཟ༔ གསང་ཕོད་ཆོས་གོས་སག་ལྷྭམ་གསོལ༔ སྙན་ཆ་དུང་གི་ཝང་མིག་མཛེས༔ ཁྲག་འཛག་མགོ་ཕྲེང་དོ་ཤལ་སྤྲས༔ ཞབས་ཟུང་གྱད་ཀྱི་འདོར་སྟབས་ཀྱིས༔ སྟག་མོ་གྲུས་མའི་སྟེང་ན་འགྱིང་༔ སྡེར་མོས་རྒྱལ་བསེན་སྙིང་རྩ་འདྲེན༔ སྤྱི་གཙུག་སྤྲུལ་པའི་མཁའ་ལྡིང་ནི༔ དམར་ནག་མེ་ཡི་གཤོག་པ་ཅན༔ ཀླུ་རིགས་སྦྲུལ་གྱི་རྣམ་པས་ཟ༔ ཁྱུང་སྐད་གྲོགས་པས་ས་གསུམ་གཡོ༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང་༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ ཐུགས་ཀའི་འོད་དང་ཧཱུྃ་གི་གླུས༔ རྔ་ཡབ་གླིང་ནས་ཐོད་ཕྲེང་རྩལ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ དྲག་པོ་འཆོལ་བའི་སྐུར་བཞེངས་ཏེ༔ ཆར་ལྟར་བབས་ནས་རང་ཐིམ་བསམ༔ བཟླས་པ་སྔགས་ཀྱི་མན་ངག་ནི༔ ཐུགས་ཀར་ཉི་སྟེང་ཕ་ལམ་གྱི༔ རྡོ་རྗེའི་ལྟེ་བར་ཧཱུྃ་དམར་གསལ༔ ཧཱུྃ་ལས་ཧཱུྃ་དམར་མེ་འབར་བ༔ གྲངས་མེད་སྤྲིན་ཕུང་ [8a] རབ་འཁྲུགས་པས༔ རང་ལུས་ཡོངས་གང་སྒོ་གསུམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས༔ ལྷག་མེད་གཞོབ་ཏུ་བསྲེགས་ཤིང་སྦྱངས༔ སྣ་བུག་གཡས་ནས་ཕྱིར་ཐོན་པས༔ ལྔ་ལྡན་ཧཱུྃ་གིས་སྟོང་ཁམས་གང་༔ དེ་རྣམས་སྐུར་གྱུར་ཧཱུྃ་སྒྲ་སྒྲོགས༔ གདུག་ཅན་མ་ལུས་བསྔངས་ཤིང་བརྒྱལ༔ སྣང་སྲིད་འཕར་རྡེག་ཤིག་ཤིག་གཡོ༔ ཐ་མལ་དངོས་སྣང་མི་དམིགས་དང་༔ སྣོད་བཅུད་ཁྲག་འཐུང་འཆོལ་བ་ཆེའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡང་གསང་སྲོག་གི་སྙིང་པོ་མཆོག༔ དཔའ་བོ་འབྲུ་གཅིག་སུམ་སྦྲེལ་དུ༔ རིག་པ་ངར་བསྐྱེད་བཟླས་པ་ཡིས༔ ཟིལ་གནོན་དྲག་པོའི་ནུས་སྟོབས་ཐོབ༔ ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་ནི༔ ལྕགས་སྲེག་མདོག་ཅན་གཡས་བསྐོར་དུ༔ མགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ཟེར་མེ་དཔུང་ཚྭ་ཚྭ་འཕྲོས༔ ལོག་འདྲེན་དམ་འགོང་མ་ལུས་བསྲེག༔ སྡེ་བརྒྱད་དྲེགས་པའི་སྲོག་སྙིང་བསྡུས༔ རྩ་གསུམ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ བྱིན་རླབས་ནུས་སྟོབས་མ་ལུས་པ༔ བདག་ཐིམ་གཟི་བརྗིད་རབ་ [8b] འབར་ཏེ༔ སྣང་སྲིད་ཁམས་ལ་མངའ་མཛད་པའི༔ ཆེ་བཙན་འགྲན་བྲལ་སྐུར་གྱུར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ སྒྲ་དག་ཏིང་འཛིན་གསལ་བའི་ངང་༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ དམིགས་ཀྱིས་ལས་ལ་སྦྱོར་བ་ནི༔ མན་ངག་ལྡན་པས་གང་འདོད་བརྩམ༔ དྲེགས་པའི་གཟིར་སྔགས་ཤམ་བུར་གདག༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཁམས་གསུམ་བརླག་བྱེད་གནད་ཀྱི་གཟེར༔ ངན་སྔགས་སྤུ་གྲི་རེག་གཅོད་ནི༔ པདྨ་བདག་གི་ཁྱད་ཆོས་ཏེཿ ལས་ཅན་གཅིག་གི་སྙིང་ལ་གབ༔ ས་མ་ཡ༔ ཟབ་མོ་རྫོགས་པའི་རིམ་པ་ནི༔ ཐུགས་ཀའི་ཧཱུཾ་དམར་ཁོ་ན་ལ༔ རླུང་རིག་དྲིལ་ཏེ་མདུང་ཚུགས་གཏད༔ འདས་པ་འགགས་ཤིང་མ་འོངས་པ༔ མ་སྐྱེས་ད་ལྟའི་ཤེས་པ་ནི༔ རིག་སྟོང་རྗེན་པ་ལམ་དུ་ཁྱེར༔ བདུད་བགེགས་དམ་སྲི་རྒྱལ་འགོང་སོགས༔ ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ༔ སེམས་ལ་ངོས་བཟུང་མཚན་མ་བྲལ༔ སྟོང་གསལ་དོནགྱི་གྲོ་བོ་ལོད༔ གཞན་ནས་མི་འཚོལ་རང་བྱུང་གི༔ རིག་པ་རྗེན་པ་འདི་ཀ་སྟེ༔ འཁོར་འདས་ཡོངས་ཀྱི་ཁྱབ་ [9a] བདག་ཆེ༔ ཡེ་བབས་ཆེན་པོར་ལ་བཟླའོ༔ དེ་ལྟར་གོམས་འདྲིས་བརྟན་ཐོབ་ན༔ མཚན་མའི་ཆོས་ཀུན་ཟིལ་གནོན་ནས༔ ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པ་སྟེ་སྐལ་ལྡན་གཅིག་ལ་ཆིག་བརྒྱུད་དུ་གདམས་པའོ།། །།

༁ྃ༔ བླ་མ་དྲག་པོའི་ཕྲིན་ལས་གནད་བྱང་གི་མན་ངག་ཟབ་མོ་ཨྠིྀ༔ དབང་ཐོབ་དམ་ཚིག་ལ་གནས་ཤིང་༔ དོན་གཉེར་རྩེ་གཅིག་བརྩོན་ལྡན་པའི༔ སྐལ་བ་ཅན་གྱི་རྗེས་འཇུག་རྣམས༔ ཡང་གསང་ཐུགས་སྒྲུབ་འདི་ལ་དྲིལ༔ དེ་ལ་སྒྲུབ་པའི་ལས་རིམ་ནི༔ དུར་ཁྲོད་ལ་སོགས་དབེན་པའི་གནས༔ གཙང་ལྡན་བཀྲ་ཤིས་དགེ་བའི་སརཿ སྟེགས་བུ་མདའ་གང་གྲུ་བཞི་པ༔ བདུད་རྩི་རྣམ་ལྔས་ཆག་ཆག་གདབ༔ མངྷལ་ཨེ་ཁྲལ་འབར་བའི་སྟེང་༔ སྒྲུབ་རྫས་བྷནྡྷ་དུམ་གཅིག་ནང་༔ ཆེ་མཆོག་དབང་དྲག་སྣང་བརྙན་དང་༔ ལྕགས་སམ་སེང་ལྡེང་ཕུར་པ་ནི༔ མཐོ་གང་རྣོ་དབལ་བརྗོད་ལྡན་པ༔ དར་སྣས་བརྒྱན་པ་རྟེན་དུ་བཟུང་༔ དཔལ་གྱི་བཤོས་སུ་སྨན་རཀ་སོགས༔ མཆོད་པའི་ [9b] དམ་རྫས་ཚང་བར་བསགས༔ ཕྱི་ནང་གསང་བའི་མཚམས་བཅད་ལ༔ ཕྲིན་ལས་གཞུང་བསྲང་ཏིང་འཛིན་གསལ༔ བསྙེན་སྒྲུབ་དབང་དང་ལས་སྦྱོར་སོགས༔ ཕྱག་རྒྱ་སྤྲོས་པའི་ཆ་རྐྱེན་དུ༔ གཙོ་དང་འཁོར་གྱི་ཚོམ་བུ་བསྒོམ༔ རང་ཉིད་གཙོ་བོར་གསལ་བ་ཡི༔ ཕྱི་རོལ་འཁོར་ལོའི་རྩིབས་སྟེང་དུ༔ ཕྱོགས་བཞིར་ཧ་རི་ནི་ས་ལས༔ ཡེ་ཤེས་མཁའ་འགྲོ་སྡེ་བཞི་ནི༔ གཅེར་མོ་ལས་མདོག་ཕྱག་རྒྱ་ལྔས༔ རབ་མཛེས་ནུ་མ་བྷ་ག་རྒྱས༔ གྲོ་ཐོད་འཛིན་ཅིང་བརྐྱང་བསྐུམ་གར༔ རྡོ་རྗེའི་ཁ་ཊྭཱཾ་གཡོན་དུ་འཁྲིལ༔ འཇའ་ཟེར་འོད་ལྔའི་ཀློང་ན་འགྱིང་༔ མཚམས་བཞིར་གིང་ཆེན་སྡེ་བཞི་པོ༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་རྣ་ཆ་གྱི་ལི་ལི༔ སྟག་ཤམ་དྲིལ་གཡེར་སི་ལི་ལི༔ གསང་བའི་རྔ་ཆུང་དི་རི་རི༔ བྲོ་བརྡུང་གར་སྟབས་ཁྱུགས་སེ་ཁྱུག༔ སྒོ་བཞིར་རྒྱལ་ཆེན་སྡེ་བཞི་དང་༔ ཁོར་ཡུག་རིག་འཛིན་ཌཱ་ཀིའི་ཚོགས༔ བཀའ་ཉན་ལྷ་སྲིན་སྡེ་བརྒྱད་སོགས༔ བསམ་གྱིས་མི་ཁྱབ་གསལ་བར་བསྐྱེད༔ ཡེ་ཤེས་དྲངས་བསྟིམ་མཆོད་བསྟོད་འབུལ༔ གཟེར་གསུམ་གནད་ [10a] དང་ལྡན་པ་ཡིས༔ བཟླས་པ་ཆུ་བོའི་རྒྱུན་བཞིན་བརྩོན༔ ཐུན་མོང་འཁོར་སྔགས་བཟླ་འདོད་ན༔ གཙོ་འཁོར་ཐུགས་ཀའི་འོད་ཟེར་སྤྲིན༔ སྤྲོ་ཞིང་བསྡུ་བའི་ཆོ་འཕྲུལ་གྱིས༔ ཕྲིན་ལས་སྣ་ཚོགས་སྒྲུབ་པར་བསམ༔ ཧ་རི་ནི་ས་ར་ཙ་ཧྲི༔ ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿ སརྦ་སིདྡྷི་ཤཱིནྟཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཅེས་པའི་ཤམ་བུ་སྦྱར་ཏེ་བཟླ༔ བསྙེན་སྒྲུབ་ངེས་པའི་རྟགས་རྫོགས་ནས༔ སྡེ་བརྒྱད་སྲོག་ཡིག་ཤམ་བུ་ནི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ བཟླས་པའི་གྲངས་ཚད་རྟགས་དང་བསྟུན༔ ཁྱད་པར་ཧཱུྃ་གི་ཐུགས་སྒྲུབ་ནི༔ སྙིང་གའི་ཏིང་འཛིན་ཧཱུྃ་དམར་ལས༔ ཧཱུྃ་དམར་གྲངས་མེད་ཐོལ་ཐོལ་འཕྲོས༔ སྟོང་ཁམས་མ་ལུས་ཧཱུྃ་གིས་གང་༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་འབྲུག་ལྟར་སྒྲོག༔ སྣོད་བཅུད་གཟུགས་སྣང་ཡི་གེ་ཧཱུྃ༔ གྲགས་པའི་སྒྲ་ཀུན་ཧཱུྃ་གི་སྒྲ༔ ཀུན་ཀྱང་རིག་སྟོང་ཧཱུྃ་གི་ངང་༔ འཁོར་འདས་གཉིས་མེད་ཀློང་ཡངས་ཆེ༔ མ་བཅོས་ལྷུག་པའི་ངང་ནས་བཟླ༔ ལས་བཞི་གང་དགོས་དེར་མཐུན་པའི༔ མདོག་དང་བྱེད་ལས་སོ་སོར་བསྒོམ༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ༔ གཞན་ཡང་ [10b] ཡིད་ལ་ཅི་འདོད་པ༔ ཡི་གེ་ཧཱུྃ་གི་འཕྲོ་འདུ་བྱ༔ གང་བསམ་འབྲས་བུ་འཕྲལ་དུ་འབྱུང་༔ བསྙེན་སྒྲུབ་ལས་སྦྱོར་ཆིག་ཆོད་དེ༔ བསྐྱེད་རྫོགས་རྣམ་གྲངས་མང་མི་དགོསཿ གསང་བའི་ཡང་གསང་མཐར་ཐུག་པ༔ འབྲུ་གཅིག་ཨ་ཏིའི་ཁྱད་ཆོས་ཡིན༔ ལས་འཕྲོ་ཅན་གྱི་སྙིང་ལ་ཕུར༔ ཐུན་མཚམས་སྤྱི་དང་ཚེས་བཅུའི་དུས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར༔ མཁའ་འགྲོ་བཀའ་སྲུང་གཞི་བདག་རྣམས༔ འདོད་ཡོན་གཏོར་མས་ཚིམས་པར་བརྔན༔ དངོས་གྲུབ་བར་ཆད་ཉེས་བྱས་ཀྱི༔ ཁོན་བཅུག་ཉམས་ཆག་བཤགས་ཤིང་སྦྱང་༔ རྫོགས་རིམ་ཀ་དག་གདོད་མའི་ཀློང་༔ གཡོ་མེད་དགོངས་པའི་བཙན་ས་བཟུང་༔ དུས་ཀུན་བླ་མ་མི་འབྲལ་བར༔ གསོལ་འདེབས་དབང་ལེན་ཐུགས་ཡིད་བསྲེ༔ འདི་ནི་ཉམས་ལེན་ཐམས་ཅད་ཀྱི༔ གེགས་སེལ་བོགས་འདོན་རྒྱལ་པོ་སྟེ༔ འདི་མེད་ནུས་མཐུ་ཙམ་གྱི་ཆེད༔ ལྷ་སྔགས་དྲག་པོ་སྒྲུབ་བྱེད་ན༔ ཕལ་ཆེར་བར་ཆད་དབང་དུ་འགྲོ༔ གཅེར་བུ་གཡུལ་ངོར་འཇུག་དང་མཚུངས༔ དེས་ན་ཤིན་ཏུ་གཅེས་པར་ཟུངས་༔ དེ་ལྟར་སྙིང་ནས་ཡིད་ཆེས་ཀྱིས༔ རྩེ་གཅིག་ [11a] བསྒྲུབས་པས་གྲུབ་པའི་རྟགས༔ རབ་འབྲིང་ཐ་མའི་བརྩོན་སྐལ་བཞིན༔ དངོས་ཉམས་རྨི་ལམ་གང་རུང་དུ༔ ཞལ་མཐོང་གསུང་ཐོས་ཕྱག་མཚན་རྙེད༔ ཉམས་རྟོགས་འབར་ཞིང་སྤོབས་པ་སྐྱེ༔ དྷཱ་ཀིས་ཆོས་རྣམས་ལུང་དུ་སྟོན༔ སྒྲུབ་རྫས་བྱིན་ཆགས་དྲི་བཟང་འཐུལ༔ རིག་འཛིན་མཁའ་འགྲོའི་འདུ་བ་འབྱུང་༔ སྣང་བ་དབང་འདུས་གཞན་སྣང་འགྱུར༔ ཉི་ཟླ་ཞོན་དང་མཁའ་ལ་བགྲོད༔ གོ་གྱོན་མཚོན་ཐོགས་ཕས་རྒོལ་བཅོམ༔ རི་བྲག་བཤིག་ཅིང་རྒྱ་མཚོ་འཐུང་༔ ལུས་ལས་མེ་འབར་རླུང་ནག་འཕྲོ༔ རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན༔ དགོངས་པའི་གཏེར་ཁ་རྡོལ་བ་སོགས༔ ངོ་མཚར་ཆོ་འཕྲུལ་ཅི་ཡང་འབྱུང་༔ གང་ལའང་རློམ་སེམས་ཞུམ་པ་སྤངས༔ རེ་དོགས་མེད་པའི་ལྟ་གདིང་བསྐྱེད༔ ཆོས་ཀུན་སྒྱུ་མར་ལམ་དུ་ཁྱེར༔ གོམས་པ་བརྟན་པོ་མཐར་ཕྱིན་ན༔ རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ༔ པདྨ་བདག་དང་དབྱེར་མེད་འགྱུར༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། ། [11b]

༁ྃ༔ བླ་མ་དྲག་པོའི་ལས་སྦྱོར་མཚོན་མེད་སྲུང་བཟློག་བསད་པའི་མན་ངག་ཨྠིྀ༔ བླ་མ་དྲག་པོའི་ཏིང་ངེ་འཛིན༔ བསྙེན་སྒྲུབ་མཐར་ཕྱིན་རྣལ་འབྱོར་པས༔ དྲག་པོའི་ལས་ལ་སྦྱོར་བའི་ཚེ༔ ཡང་གཅེས་གནད་ཀྱི་དམིགས་པ་ནི༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ སྔགས་ཀྱི་འོད་ཟེར་སྤུ་གྲི་འཕྲོས༔ འདྲེ་རྒོད་རྒྱལ་འགོང་ཐམས་ཅད་ཀྱི༔ སྲོག་རྩ་རྦད་རྦད་བཅད་པར་བསམ༔ དྲེགས་པའི་གཟིར་སྔགས་ཤམ་བུ་ལ༔ སྤུ་གྲིའི་མཚོན་ཆ་སྦྲེལ་བྱས་ཏེ༔ གནམ་ལྕགས་ཐོག་རྒོད་འཁྲུགས་བཞིན་བཟླ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ན་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་རུ་རུ་བྷ་ཤ་སྲོག་དུང་དུང་༔ བཛྲ་ཡཀྵ་ཧཱུྃ་ཕཊ༔ རཀྵ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ གནོད་བྱེད་འདྲེ་རྒོད་རྒྱལ་འགོད་འབྱུང་པོ་ཧཾ་ཤཾ་ཏྲིག་ནན་མཱ་ར་ཡ་ཕཊ༔ ཚད་ནི་རྟགས་དང་བསྟུན་པར་བྱ༔ ཁྱད་པར་རྣོ་ལ་ངར་འདོགས་པ༔ སྲུང་བ་རྡོ་རྗེའི་རྫོང་ཁྲབ་ནི༔ བདག་གི་ཐུགས་ཀའི་ཆ་སྨད་དུ༔ གསེར་གྱི་མཆོད་རྟེན་འོད་འབར་བའི༔ བུམ་ནང་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་དབུས་བསྲུང་བྱ་གང་ཡིན་རྣམས༔ དཀར་དམར་འོད་ཀྱི་ར་བས་བསྐོར༔ དེ་ལས་ [12a] འོད་འཕྲོས་ཞིང་ཀུན་ཁྱབ༔ རྒྱལ་བའི་མཐུ་བྱིན་ཐམས་ཅད་བསྡུས༔ བདག་ཐིམ་རྡོ་རྗེའི་གོ་ཁྲབ་ནི༔ སྲ་བརྟན་བར་མཚམས་ལྕགས་སྡིག་ཁྱུང་༔ གོ་མཚམས་མེད་པར་ཞུ་ལུགས་ལ༔ ཕྱི་རོལ་སྲུང་བའི་འཁོར་ལོ་བཅས༔ ཅིས་ཀྱང་མི་ཆོད་མི་ཤིགས་བསམ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ མ་མ་ཀཱ་ཝཱ་ཅི་རཀྵ་ཀུ་རུ་བྷྲཱུྃ༔ ཞེས་བཟླ་ཀ་དག་ཀློང་དུ་བཞག༔ ཐེ་ཚོམ་མེད་པའི་གདིང་ཐོབ་ན༔ ཕ་རོལ་བྱད་མ་འབུམ་ཕྲག་གིས༔ ཇི་ལྟར་རྦད་ཀྱང་ཉམ་མིང་༔ ཟློག་པ་གནམ་ལྕགས་ཐོག་གཟེར་ནི༔ ཕྱི་རོལ་སྲུང་བའི་འཁོར་ལོ་དང་༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང་༔ ལྕགས་སྡིག་ཁྱུང་དམར་དཔག་ཡས་འཕྲོསཿ བྱད་མ་ལྷ་སྲུང་དང་བཅས་པ༔ སྤུར་མ་མེ་ལྕེས་ཚིག་བཞིན་བཅོམ༔ རྡུལ་ཕྲན་ཙམ་ཡང་མེད་པར་བསམ༔ གཟིར་སྔགས་ཤམ་དུ་སྔགས་འདི་གདག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་ཟློག༔ ཨ་ལ་ལ་པྲ་མོ་ཧ་བྷྱོ་ཟློག༔ ཤན་ཏི་ཀ་ཤག་བྱེར་བྱེར་ཟློག༔ བྷ་ཡ་ནན༔ རྒྱལ་འགོང་དམ་སྲིའི་གནོད་པ་ཐམས་ཅད་མ་ཧཱ་ཤ་རི་བྷྱི་བྷྱོ་ཟློག་ཟློག༔ དྲག་ཏུ་བཟླ་ཞིང་ [12b] དམོད་པས་གཟིར༔ བདེན་སྟོབས་བརྗོད་ལ་ཐལ་མོ་བརྡབ༔ དགྲ་དཔུང་རྡོ་རྗེ་ཡིན་གྱུར་ཀྱང་༔ སྐད་ཅིག་མིང་མཐར་བརླག་པར་བྱེད༔ བསད་པ་སྡིག་པ་སྙིང་འཛིན་ནི༔ བདག་ཉིད་ཧཱུྃ་ལས་ལྕགས་སྡིག་ཆེ༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པ༔ ཁ་དགུ་གདངས་ཤིང་མིག་དགུ་བགྲད༔ ཤིན་ཏུ་གཏུམ་རྔམས་འཇིགས་རུང་གྱུར༔ བཛྲ་རཱ་ཙའི་ཙིཏྟ་སྲོག་དུང་དུང་༔ རུ་རུ་བྷ་ཤ་བྷ་ཤ་ཧཱུྃ༔ མ་མ་སྲོག་ལ་དུང་དུང་༔ སྙིང་ལ་བྷྱོ༔ མང་དུ་བཟླས་པས་གཟི་བྱིན་བསྐྱེད༔ རང་ཉིད་སྡིག་པའི་ང་རྒྱལ་གྱིས༔ ཐུགས་ཀའི་ཧཱུྃ་ལས་ཛཿདམར་ནག༔ འཕྲོས་པ་ཡོངས་སུ་གྱུར་པ་ལས༔ ཕོ་ཉ་རང་འདྲ་དཔག་མེད་པས༔ འཇིག་རྟེན་ཐམས་ཅད་མེར་གྱིས་གང་༔ རྒྱལ་འགོང་དམ་སྲི་ཐམས་ཅད་ཀུན༔ ཐར་མེད་སྐད་ངན་ཙི་རེར་བསྒོམ༔ ཤ་ལ་སྦྲང་མ་འདུ་བ་ལྟར༔ ལྕགས་སྡིག་ཕོ་ཉར་བཅས་པ་ཡིས༔ དེ་ལ་རུབ་སྟེ་སྙིང་ནང་བཞུགས༔ སྲོག་རྩ་བཅད་ཅིང་སྙིང་ཁྲག་འཇིབས༔ ཕྱི་ནང་ཀུན་ནས་ཟོས་པ་ཡིས༔ ལྷག་མ་ཙམ་ཡང་མེད་པར་བསམ༔ ཨོྃ་བཛྲ་ཡཀྵ་ཏྲིག་ནན༔ ཨེ་ཧུར་ཐུཾ་ཛ༔ གཟིར་ནན༔ རྒྱལ་འགོང་དམ་སྲིའི་ཀཱ་ཝཱ་ཙི་རྦད་རྦད༔ བརྒྱ་སྟོང་ [13a] ལ་སོགས་རྟགས་དང་སྦྱར༔ མཐར་ནི་ལས་ལ་བསྐུལ་ཞིང་རྦད༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང་༔ འདྲེ་རྒོད་རྒྱལ་འགོང་དམ་སྲི་སོགས་༔ གནོད་བྱེད་ཀུན་ལ་ལྕགས་སྡིག་བྷྱོ༔ བར་གཅོད་ཐལ་བའི་རྡུལ་དུ་རློག༔ ཅེས་བརྗོད་ཏིང་འཛིན་དམིགས་པས་གཟིར༔ འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ ཚད་ལས་བརྒལ་ན་རང་ཉིད་བརླག༔ སྟོང་ཁམས་འཇིག་བྱེད་ངན་སྔགས་ཐོག༔ སྤུ་གྲི་རེག་གཅོད་ངར་མའོ༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ལས་སྦྱོར་མཚན་བཅས་སྲུང་ཟློག་བསད་པའི་མན་ངག་ཨྠིྀ༔ དྲག་པོ་བསྙེན་པའི་རྟགས་རྫོགས་ནས༔ མཚན་བཅས་སྲུང་ཟློག་བསད་པའི་ལས༔ རང་གཞན་དོན་དུ་སྔགས་པས་བརྩམ༔ ཐོག་མར་སྲུང་བའི་ཙཀྲ་ནི༔ གྲོ་ག་རས་སམ་ཤོག་གུ་ལ༔ འཁོར་ལོ་མུ་ཁྱུད་རིམ་པས་བསྐོར༔ ལྟེ་བར་རྡོ་རྗེ་ཧཱུྃ་མཚན་མཐར༔ བསྒྲུབ་བྱའི་མིང་དང་སྲུང་སྔགས་སྤེལ༔ མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ༔ དེ་རྒྱབ་མུ་ཁྱུད་རྩ་སྔགས་ལ༔ གང་བསྲུང་སྤེལ་ཚིག་ཅི་རིགས་གདག༔ [13b] དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ཀྱི༔ ཕྱོགས་བཞིར་ཧ་རི་ནི་ས་དང་༔ མཚམས་བཞིར་ར་ཙ་ཧྲིཿཡ་བྲི༔ རྩིབས་མཆན་ལས་ཀྱི་གཟེར་ཁས་བརྒྱན༔ དམ་སྲི་ཕོ་མོ་ཏྲིག་ནན་རཀྵ༔ དེ་རྒྱབ་དབྱངས་གསལ་རྟེན་སྙིང་དང་༔ རྡོར་ལྕགས་སྡིག་མེ་རིས་བསྐོར༔ བདུད་རྩི་དྲི་སྨན་རིན་པོ་ཆེ༔ གུ་གུལ་གླ་རྩི་ཤུ་དག་ནག༔ སྤྲེའུའི་སྙིང་ཁྲག་རྣམས་ཀྱིས་བྱུག༔ ཡེ་ཤེས་བསྟིམ་གཞུག་རབ་ཏུ་གནས༔ ཀླད་དུ་དབུབས་སམ་མགུལ་དུ་གདགས༔ གང་དུ་ཡོད་པའི་ས་ཕྱོགས་དེར༔ རྒྱལ་བསེན་དམ་སྲི་བྱང་ཕུར་སོགས༔ གནོད་པ་ཀུན་གྱིས་ཉེ་མི་ནུས༔ སྲུང་བ་རྡོ་རྗེའི་གོ་ཆའོ༔ ས་མ་ཡ༔ ཟློག་པ་ལས་ཀྱི་ཙཀྲ་ནི༔ འཁོར་ལོ་མུ་ཁྱུད་སྔར་ལྟར་ལས༔ ལྟེ་བའི་ཧཱུྃ་མཐར་གཟིར་སྔགས་སྤེལ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ དེ་རྒྱབ་མུ་ཁྱུད་ཟློག་པའི་སྔགས༔ ཧཱུྃ་བཛྲ་ཡཀྵ་ཕཊ༔ གནོད་བྱེད་དམ་སྲི་ཕོ་མོའི་གནོད་པ་ཐམས་ཅད་མཧཱ་ཤམ་རི་བྷྱོ་བྷྱོ་ཟློག་ཟློག༔ མཱ་ར་ཡ་ཕཊ༔ དེ་རྒྱབ་འཁོར་ལོའི་རྩིབས་མཆན་ལ༔ མཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དང་དེ་རྒྱབ་མུ་ཁྱུད་ལ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་ [14a] མ་ཡ་ཧཱུྃ་ཕཊ༔ གནོད་བྱེད་རྒྱལ་འགོང་དམ་སྲི་འབྱུང་པོའི་གནོད་པ་ཐམས་ཅད་མཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག༔ ཅེས་སོགས་ཟློག་སྔགས་དམོད་མོ་བྲི༔ དེ་མཐར་ལྕགས་སྡིག་བྱ་ཁྱུང་དང་༔ མེ་ཡི་ར་བ་རྣམས་ཀྱིས་བསྐོར༔ དུག་སྣ་ཁྲག་སྣས་ཁྱབ་པར་བྱུག༔ ལྷར་བསྐྱེད་སྔགས་ཀྱི་སྤུ་གྲིས་བརླབ༔ ཕས་རྒོལ་ཕྱོགས་སུ་བསྟན་ལ་བཞག༔ དེས་ནི་དགྲ་གདོན་རྦོད་གཏོང་གི༔ གནོད་པས་མི་ཚུག་ཕྱིར་ལ་བཟློག༔ བཅས་ཆོག་ཟློག་པ་ཟབ་མོ་སྟེ༔ ཡང་གཅེས་གནད་ཀྱི་གདམས་པའོ༔ ས་མ་ཡ༔ ཁྱད་པར་བསད་པའི་སྦྱོར་བ་ནི༔ ཕུང་གསུམ་ས་ལ་བྲུབ་ཁུང་བཅའ༔ རོ་སོལ་དུག་ཁྲག་རྫས་ཀྱིས་བྱུག༔ དགྲ་འདྲེའི་ལིདྒ་མིང་རུས་ཅན༔ མན་ངག་བཞིན་དུ་བཅས་བྱས་ལ༔ དམིགས་བྱ་དངོས་གསལ་དགུག་ཅིང་བསྟིམ༔ ཁ་སྦྱོར་དབྱེ་བའི་ཆོ་ག་བྱ༔ སྙིང་གར་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བརྒྱད་རྣོ་དབལ་སྤུ་གྲིའི་རྩེར༔ ལྕགས་སྡིག་ཚྭ་ཚྭ་འཕྲོ་བར་བསམ༔ རང་གི་ཐུགས་ནས་འབར་བའི་འོད༔ མེ་དཔུང་རླུང་ནག་ཚུལ་འཕྲོས་པས༔ འཁོར་ལོ་གཡས་སུ་ཤུགས་དྲག་འཁོར༔ སྲོག་རྩ་བཅད་དེ་སྙིང་ཁྲག་ལྷུད། ལྕགས་སྡིག་ཚོགས་ཀྱིས་ཁྲག་ [14b] ལ་འཇིབས༔ དེ་རྣམས་ངར་སྐྱེས་ཤ་རུས་ཀུན༔ ལྷག་མེད་ཧབ་ཧབ་ཟོས་པར་བསམ༔ ཏིང་འཛིན་ངར་བསྐྱེད་དྲག་སྔགས་བཟླ༔ གཟས་པོར་བསྔགས་པའི་ཐུན་གྱིས་བྲབ༔ དངོས་ཉམས་རྨི་ལམ་གང་རུང་དུ༔ རི་བསྙིལ་མཚོ་སྐེམ་ཤིང་གཤག་དང་༔ ལྷ་ཁང་འབག་སེང་ལྡེར་ཚོ་བཅོམ༔ མི་དང་གཅན་གཟན་ཁྱི་སྤྱང་བསད༔ ཁྲག་འཇིབ་རྒྱུ་མ་ཟ་བ་སོགས༔ རྟགས་བྱུང་ཉ་བོ་མིང་རུས་ཕྱུང་༔ མཐའ་སྡུད་དྲག་པོའི་ལས་ལ་སྦྱར༔ ནུས་པ་ཅན་གྱིས་རབ་བརྩམ་ན༔ ཕ་རོལ་ཇི་ལྟར་སྟོབས་བཙན་ཡང་༔ སྐད་ཅིག་སྲོག་མཐར་འབྱིན་པར་བྱེད༔ བསད་པ་ལས་ཀྱི་མཐར་ཐུག་གོ༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ལས་སྦྱོར་མཐར་སྡུད་མནན་སྲེག་འཕང་བའི་མན་ངག་ཨྠིྀ༔ དྲག་པོའི་ལས་ཀྱི་མཐའ་སྡུད་ལ༔ རྣམ་པ་གསུམ་དུ་ཤེས་བྱ་སྟེ༔ དང་པོ་སྲུང་བའི་མཐའ་སྡུད་དུ༔ མནན་གཏད་སྦྱོར་བ་འདི་ལ་འཇུག༔ ཕུང་སའི་བྲུབ་ཁུང་གྲུ་གསུམ་པ༔ དམར་ནག་རྩང་གིས་བསྐོར་བའི་ནང་༔ རཱུ་པ་མན་ངག་བཞིན་དུ་བཅའ༔ རང་ཉིད་ལྷ་ཡི་ས་མ་ངྷིས༔ ལྷ་ཚོགས་བསྐུལ་ཞིང་མཁྱེན་པར་གསོལ༔ བདེན་པའི་སྟོབས་ [15a] ཀྱིས་དམིགས་བྱ་དགུག༔ ཁུག་རྟགས་མཐོང་ནས་ལྷ་དང་ཕྲལ༔ བྱད་དུ་བཅུག་ཅིང་གནད་ལ་དབབ༔ དེ་ཡི་གནས་ལྔར་གནས་ལྕགས་ཀྱི༔ འཁོར་ལོ་རྩིབས་བཞི་སྲ་ཞིང་བརྟན༔ ཤིན་ཏུ་ལྕི་བ་རེས་མནན་ཏེ༔ འགུལ་བསྐྱོད་ཙམ་ཡང་མི་ནུས་བསམ༔ ཨོཾ་བཛྲ་ཡཀྵ་ཀྲོ་དྷ་སརྦ་དུཥྚན་ཏྲིག་ནན༔ གནོད་བྱེད་དམ་སྲི་རྒྱལ་འགོང་འབྱུང་པོ་ཧཾ་ཤཾ་ཏྲིག་ནན༔ ཧཱུྃ་ལཾ་ཀཱ་ཝཱ་ཙི་མཱ་ར་ཡ་སྟྭམྷ་ཡ་ནན༔ ཞེས་བཟླ་སེམས་ཅན་བཅིངས་པ་དང་༔ དོང་བཅུག་གཤེད་མར་གཏོད་པ་སོགས་༔ རྟགས་མཐོང་དགྲ་འདྲེ་གང་ཡིན་པ༔ སོ་སོར་བསྔགས་པའི་ཐོད་པར་བཅུག༔ མཆོད་རྟེན་འོག་དང་ལྷ་ཁང་གི༔ ཐེམ་འོག་ལམ་གྱི་བཞི་མདོ་དང་༔ འབྱུང་པོའི་འདུ་སྲང་ལ་སོགས་པ༔ འོས་པའི་ས་རུ་དོང་བྲུས་མནན༔ ཀླུ་བདུད་ལ་གཏད་འཆོར་མེད་བསྒོམ༔ རོ་གཡམ་སྟོང་ཁམས་བྲིས་པས་མནན༔ འབྱུང་བ་གོ་ཟློག་རྒྱས་གདབ་ཅིང་༔ རྡོ་རྗེའི་རྟ་བྲོས་མནན་ཅིང་གཟིར༔ དམིགས་མེད་ལྟ་བའི་གཟེར་ཆེན་གདབ༔ དགྲ་འདྲེ་གང་ལ་བྱ་ཡང་རུང་༔ ནམ་ཡང་ཐར་འཆོར་ལྡང་མེད་དུ༔ སྡོམ་འཛིན་མནན་པའི་ལས་མཐའོ༔ ས་མ་ཡ༔ གཉིས་པ་ཟློག་པའི་མཐའ་སྡུད་དུ༔ འཕང་བ་ཟོར་གྱི་ལས་ལ་ [15b] འཇུག༔ དུར་ཁྲོད་རྩུབ་པའི་གནས་དུས་དེར༔ དྲག་པོའི་མཎྜལ་བཅས་པའི་དབུས༔ ལྕགས་སམ་མཆོག་གི་ཁོག་པ་རུ༔ འབྲུ་ནག་ཁྲག་གིས་སྦྲུས་པ་ལས༔ དམར་གྱིས་གཏོར་ཆེན་ཟུར་གསུམ་ནི༔ ལྟོ་བར་སྲིན་པོའི་ཞལ་ཕྱུངས་པ༔ བཤོས་ཕྲན་མཚེ་ཡུངས་མེ་རི་སོགས༔ དྲག་རྒྱན་རྔམས་བརྗིད་ལྡན་པ་བཤམ༔ གདུག་པའི་ས་སྣའི་ཀོང་བུ་རུ༔ དྲག་ཁྲག་མཚེ་ཡུངས་རྦབ་རྡོ་དང་༔ མདའ་སོགས་ཟོར་གྱི་རྫས་སུ་བསྡོག༔ བདག་ཉིད་ལྷ་ཡི་ཏིང་འཛིན་ངང་༔ ཨེ་དཀྱིལ་དུར་ཁྲོད་གཞལ་ཡས་སུ༔ གཏོར་མ་དབང་དྲག་ལྷ་ཚོགས་དང་༔ ཟོར་རྫས་དྲེགས་པའི་དམག་དཔུང་བསྐྱེད༔ ཡེ་ཤེས་དྲངས་བསྟིམ་མཆོད་ཅིང་བསྟོད༔ སྲུང་ཟློག་བསད་པའི་དམིགས་བཟླས་དང་༔ ཁྱད་པར་ཕྱིར་ཟློག་མན་ངག་བྱ༔ ལིངྒ་དགུག་བསྒྲལ་ཞལ་དུ་བསྟབ༔ ཟློག་པའི་ཕྲིན་ལས་ནན་ཏན་བཅོལ༔ མཐའ་མ་བསྐུལ་ཞིང་ཟོར་སྒོ་དབྱེ༔ གསེར་སྐྱེམས་གཏོང་ཞིང་དམག་དཔུང་སྡུད༔ སྡེ་བརྒྱད་གདོང་ཐུག་མ་ཡིན་པར༔ གང་དུ་བྱ་བའི་ཕྱོགས་བསྐྱོད་དེ༔ གཏོར་ཟོར་འཕང་ཞིང་དམོད་པ་བོར༔ ཕ་རོལ་རྗེས་མེད་བརླག་པར་བསམ༔ སྲུང་མཚམས་བཅད་ལ་རྟ་བྲོ་བརྡུང་༔ འདིས་ནི་ [16a] ཕས་རྒོལ་བྱད་ཕུར་དང་༔ མཐའ་དམག་མཚོན་འཁྲུགས་དལ་ཡམས་ནད༔ རྣལ་འབྱོར་ཆག་ཆེ་ཉམ་ང་ཀུན༔ སྐད་ཅིག་ཉིད་ལ་བཟློག་པར་བྱེད༔ རྣོ་མྱུར་འཕང་བའི་ལས་མཐའོ༔ ས་མ་ཡ༔ གསུམ་པ་བསད་པའི་མཐའ་སྡུད་དུ༔ སྲེག་པ་ཧོམ་གྱི་སྦྱོར་བ་བྱ༔ ཕུང་གསུམ་ས་ལ་སྟེགས་བུ་བརྩིག༔ ཁྲག་ཆེན་དུག་ཆུས་ཆག་ཆག་གདབ༔ ཨེ་དཀྱིལ་རཾ་ཡིག་བྲིས་པར་ཁར༔ དུག་ཤིང་ཧོམ་ཁུང་གྲུ་གསུམ་བརྩིག༔ ཕྱེ་གསུམ་ཚེ་གསུམ་ཡུངས་དཀར་ནག༔ ཤ་སྣ་ཁྲག་སྣ་གཏོར་ཆུང་དང་༔ དམིགས་བྱའི་རཱུ་པ་མིང་རུས་ཅན༔ གྲངས་ལྡན་བཅས་ལ་རྫས་ཀྱིས་བྱུག༔ རང་ཉིད་ཏིང་འཛིན་ངར་ལྡན་པས༔ གདོལ་བཤན་གདུག་པའི་མེ་སྦར་ཏེ༔ ཧོམ་ཁུང་བསྐལ་མེ་འབར་བའི་ཀློང་༔ དབང་དྲག་ལྷ་ཚོགས་བསྐྱེད་ནས་མཆོད༔ རཱུ་པར་དམིགས་བྱའི་རྣམ་ཤེས་དབབ༔ གདབ་ཁའི་ལས་ཀྱིས་ཚུལ་བཞིན་བསྒྲལ༔ ཤ་ཁྲག་རུས་པར་བཅས་པ་རྣམས༔ གནམ་ས་ཁྱབ་པའི་ཞལ་ཧོམ་དུ༔ ཕུལ་བས་རྔམས་པའི་བཞད་སྒྲ་བཅས༔ ལྷག་མ་མེད་པར་རོལ་པར་བསམ༔ ཨོཾ་བཛྲ་མཧཱ་ཀྲོ་དྷ་སརྦ་དུཥྚན་རཱ་ཛ་ [16b] ར་ཏྲི་ཧཾ་ཤཾ་ཏྲིག་ནན་མཱ་ར་ཡ་ཕཊ༔ གནོད་བྱེད་རྒྱལ་འགོང་དམ་སྲི་འབྱུང་པོ་སོད༔ རཾ་རཾ་ཛྭ་ལ་རཾ༔ ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ ཅེས་བསྟབ་དྲག་པོའི་ཕྲིན་ལས་བཅོལ༔ ཡེ་ཤེས་གཤེགས་ཤིང་སྤྲུལ་པ་བསྡུ༔ ཐལ་སོལ་དུག་ཁྲག་ཆུ་ཡིས་གཞིལ༔ རྒྱ་གྲམ་ལམ་མམ་ཐེམ་འོག་མནན༔ ཤིན་ཏུ་མི་སྲུན་གདུག་ཅན་ཡང་༔ བརྩམས་པ་ཙམ་གྱིས་མཐར་བྱེད་པའི༔ སྲེག་པ་ཧོམ་གྱི་ལས་མཐའོ༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ།། །།

༁ྃ༔ བླ་མ་དྲག་པོའི་ལས་སྦྱོར་ཕྱིར་ཟློག་འཕང་བའི་གཟེར་ཁ་ཟབ་མོ་ཨྠིྀ༔ བསྙེན་སྒྲུབ་དྲོད་ཐོབ་སྔགས་པ་ནི༔ དྲག་པོའི་ལས་ལ་འཇུག་པའི་ཚེ༔ ཐོག་མར་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གདུང་བའི་ང་རོས་ཐུགས་དམ་བསྐུལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ པདྨ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ སངས་རྒྱས་བསྟན་ཤིག་སྐྱེ་འགྲོའི་བདེ་བ་འཇོམས༔ ཁྱད་པར་རྣལ་འབྱོར་ [17a] བདག་ཅག་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོའི་ཚོགས༔ ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་བས༔ དྲལ་ཤུལ་འབར་བ་ཆེན་པོའི་ཆོ་འཕྲུལ་གྱིས༔ མངོན་སྤྱོད་དམོད་པའི་ཕྲིན་ལས་དུས་ལ་བབ༔ བདག་སོགས་སྙིགས་མའི་དུས་མཐར་སྐྱེས་པ་རྣམས༔ ལྷ་མཆོག་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཚེ་སྲོག་ཆོས་ལ་བར་དུ་གཅོད་བྱེད་པའི༔ གདུག་པ་ཅན་རྣམས་བསྒྲལ་ཞིང་བསྐྲད་པ་དང་༔ ཕྱིར་ཟློག་སྟོབས་ཀྱི་ཕྲིན་ལས་གྲུབ་པར་མཛོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཕྱིར་ཟློག་ཕྲིན་ལས་བཅོལ་བའི་ཕྱིར༔ བསྒྲལ་བའི་ལིང་རོ་གཏོར་མར་བསྟབ༔ དམར་གྱི་གཟར་བུ་འཕྱར་ཞིང་སྦྲོན༔ ཧཱུྃ༔ ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ རྣམ་འགྱུར་འབར་བའི་སྐུར་བཞེངས་པ༔ བདུད་འདུལ་ཆེ་མཆོག་གྲོ་བོ་ལོད༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཁྲོས་འཁྲུགས་རྔམས་པའི་བརྟུལ་ཞུགས་ཀྱིས༔ བཟློག་བསྒྱུར་དྲག་ [17b] པོའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྔོན་ལས་འཕྲལ་རྐྱེན་ངན་པ་དང་༔ གཉིས་སྣང་འཁྲུལ་པ་ལས་བྱུང་བའི༔ མི་མཐུན་བར་ཆད་ཐམས་ཅད་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དུས་མིན་འཆི་རྐྱེན་བཅོ་བརྒྱད་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ བྱད་ཁ་ཕུར་ཁ་རྦོད་གཏོང་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ རྒྱལ་བསེན་དམ་སྲིའི་གནད་འཚེ་ཟློག་༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག༔ ལོ་ཟླ་ཞག་དུས་ཀེག་སྲི་ཟློག༔ མི་ཁ་གླེང་གཞི་འཐབ་རྩོད་ཟློག༔ སྣོད་ཀྱི་འཇིག་རྟེན་རྒུད་པ་ཟློག༔ བཅུད་ཀྱི་མི་དགེའི་རྣམ་རྟོག་ཟློག༔ འབྱུང་བཞི་གཡོ་ཞིང་འཁྲུགས་པ་ཟློག༔ སད་སེར་བཙའ་ཐན་མུ་གེ་ཟློག༔ དུས་ཚོད་དམན་ལྷག་ལོག་པ་ཟློག༔ མི་ཕྱུགས་ནད་ཡམས་གོད་ཁ་ཟློག༔ མཐའ་དམག་ཀླ་ཀློའི་རྒྱུ་འགྲུལ་ཟློག༔ བསྟན་སེལ་ཕུང་ཤིག་སྡེ་འཁྲུགས་ཟློག༔ [18a] མ་མོ་མཁའ་འགྲོའི་སུན་མ་ཟློག༔ རྩ་རླུང་ཐིག་ལེའི་གཡོ་འཁྲུགས་ཟློག༔ མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས༔ བཟློག་གོ་དམར་ཆེན་གཏེར་མས་ཟློག༔ བསྒྱུར་རོ་དགྲ་བགེགས་སྟེང་དུ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་དང་ཐལ་རྡེབ་དམོད་མོ་བྱ༔ མཐར་ནི་གཏོར་ཆེན་ཟོར་དུ་བསྐུལ༔ ཧཱུྃ༔ ང་ནི་ཆེ་མཆོག་གྲོ་བོ་ལོད༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིནཿ འཇིག་རྟེན་འདས་དང་མ་འདས་པའི༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན༔ རང་རང་ཕོ་ཉའི་དམག་བསྡུས་ལ༔ དེ་རིང་དགྲ་བགེགས་སྟེང་དུ་དྲོངས༔ རྦད་དོ་བསྐུལ་ལོ་དྲེགས་པའི་ཚོགས༔ དྲག་རྩལ་མཐུ་དང་དཔུང་བསྐྱེད་ལ༔ དགྲ་བགེགས་སྡིག་ཅན་འཁོར་བཅས་ཀྱི༔ གཟུགས་ཕུང་ཐལ་བའི་རྡུལ་བཞིན་བཤིག༔ རྣམ་ཤེས་ཚངས་པའི་ལམ་ནས་དྲོངས༔ རིག་པ་སྐྱེ་མེད་དབྱིངས་སུ་སྤོར༔ དུས་ལ་བབ་བོ་མཐུ་རྩལ་སྐྱེད༔ མཱ་ར་ཡ་རྦད་བྷྱོ་ཟློག༔ ཅེས་བརྗོད་གཏོར་ཟོར་དགྲ་ཕྱོགས་སུ༔ འཕངས་པས་གང་ལ་བྱ་བའི་ཡུལ༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ ཟློག་པའི་གཟེར་ཁ་ཟབ་མོའོ༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་ [18b] དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ལས་ཚོགས་འགོང་པོ་ཨར་ལ་གཏད་པའི་མན་ངག་ཨྠིྀ༔ མ་འོངས་བསྐལ་པའི་ཐ་མ་ལ༔ འཛམ་གླིང་བོད་ཁམས་མཐའ་དབུས་ཀུན༔ འགོང་པོ་སྤུན་དགུས་དབང་བྱས་ཏེ༔ དུས་འཁྲུག་མཚོན་གྱི་བསྐལ་པ་དར༔ ལྷ་འདྲེ་འཁྲུགས་པས་ནད་ཡམས་རིགས༔ མི་འོང་བྱ་བ་གཅིག་ཀྱང་མེད༔ ས་ཡི་བཅུད་ཉམས་ལོ་ཉེས་ལྡང་༔ ཀུན་ཀྱང་སྙིང་འཕྱོ་ཡིད་མི་དགའ༔ སྐྱེ་འགྲོ་མཆོག་དམན་མ་ལུས་པ༔ མི་འདོད་དུཿཁས་མནར་བ་འབྱུང་༔ དེ་ཚེ་ལྷ་སྔགས་ཏིང་འཛིན་ལ༔ དྲོད་རྙེད་སྔགས་པས་སེམས་བསྐྱེད་ནས༔ འགོང་པོ་ཨར་གཏད་ལས་བརྩམ་ན༔ བསྟན་འགྲོར་ཕན་པ་བླ་མེད་འགྱུར༔ དེ་ལ་དུག་ཤོག་དུག་ཁྲག་གིས༔ ལིངྒ་མི་ཡི་གཟུགས་པོ་ལ༔ སྤྱང་ཀི་བྲ་བ་མི་དང་བྱ༔ བྱི་ལ་རྔ་མོང་ཁྱི་སྤྲེའུ༔ རི་བོང་རྣམས་ཀྱི་མགོ་བོ་ཅན༔ རིམ་བཞིན་འཁྲུགས་ བྱེད་ལོ་ཉེས་གཏོང་༔ མི་ནད་ ཕྱུགས་ནད་ ཆག་སྒོ་ངན༔ ལྟས་ངན་ དམ་ཉམས་ དབྱེན་སྦྱོར་བྱེད༔ བསེ་རག་ བྱེད་བཅས་འགོང་པོ་དགུ༔ སོ་སོའི་མིང་སྤེལ་སྲོག་ཏྲི་ཛ༔ མཐའ་སྐོར་སྔགས་རྒོད་མཚོན་ཆས་བསྡམ༔ མཱ་ར་ཡ་རྦད་ཏྲིག་ནན་ཛཿཛཿ རྒྱལ་འགོང་འབྱུང་པོ་ཐུཾ་ཤད་ལིང་མྱོག་ཛཿཧཱུྃ་བྃ་ཧོཿ ཞེས་དང་ [19a] གཟུགས་ཀྱི་ཕྱི་རོལ་དུ༔ འཁྲུགས་བྱེད་ཀྱི་འགོང་པོ་སྤྱང་མགོ་ཅན༔ དུར་དུར༔ མྱོག་མྱོག༔ ཐུཾ་ཐུཾ༔ ཨ་ཀྲག་ཀླག་ཀླག༔ རྦད་རྦད༔ ཡན་ལག་ཛཿཧཱུྃ་བྃ་ཧོཿ དང་༔ ཏྲིག་ནན་ཅེས་པའི་གཟེར་གྱིས་གདབ༔ ཡན་ལག་ལྕགས་སུ་བཅུག་པ་སོགས༔ མནན་ལིང་སྤྱི་ལྟར་བྲིས་བྱས་ལ༔ ལྷ་ཁང་ཞིག་དང་སྡེ་འཁྲུགས་ས༔ རི་རུད་ཕུང་ཤུལ་འདྲེ་ཅན་ས༔ ཁྱི་དང་བྱ་སྤྲེལ་བྱི་ལའི་ཁྲག༔ རྣམས་ཀྱིས་བྱུགས་ཤིང་དྲི་མ་སྦྱང་༔ ཕུང་སའི་བྲུབ་ཁུང་ནང་དུ་བཅུག༔ རང་ཉིད་དྲག་པོའི་ང་རྒྱལ་གྱིས༔ ལིངྒ་འགོང་པོ་དངོས་སུ་གསལ༔ སྲོད་དང་ཐོ་རངས་སྐར་ཆེན་དུས༔ དགུག་གཞུག་དྲག་ཏུ་བྱ་ཞིང་བསྟིམ༔ གནད་ལ་དབབ་པའི་དམིགས་པ་བཅས༔ དྲག་སྔགས་སྤུ་གྲིའི་འཁྲུལ་འཁོར་བཟླ༔ དྲེགས་པ་ཐུལ་བའི་རྟགས་བྱུང་ཚེ༔ མཐའ་སྡུད་སྲེག་མནན་ལས་ལ་སྦྱར༔ འདི་ལྟར་ཚུལ་བཞིན་གནད་ལྡན་ན༔ འགོང་པོའི་ཆོ་འཕྲུལ་རྩུབ་འགྱུར་ཞི༔ བོད་ཁམས་བདེ་སྐྱིད་ངེས་པར་འབྱུང་༔ དུས་ལ་བསྔགས་པའི་གདམས་པ་སྟེ༔ ཟབ་པའི་ལས་མཐའ་ཡང་དག་གོ༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ།། །། [19b]

༁ྃ༔ བླ་མ་དྲག་པོའི་ལས་ཚོགས་རྒྱལ་བསེན་ཤི་ས་བསྟན་པའི་མན་ངག་ཨྠིྀ༔ དྲག་པོ་བསྙེན་པའི་རྟགས་མཐོང་ཞིང་༔ བསྐྱེད་རྫོགས་གདིང་ལྡན་སྔགས་འཆང་གིས༔ རྒྱལ་བསེན་ཤི་ས་བསྟན་པ་ཡི༔ ལས་ཀྱི་སྦྱོར་བར་འཇུག་འདོད་ན༔ རོ་རས་སམ་ནི་དུག་ཤོག་ལ༔ འཁོར་ལོའི་རྩིབས་བརྒྱད་སྡིག་པས་མཚན༔ ལྟེ་བར་དྲག་པོའི་སྙིང་པོ་བྲི༔ དེ་ཕྱིར་རྩིབས་བརྒྱད་རྩེ་ནང་བསྟན༔ དེ་ཡང་སྡིག་པས་མཚན་པ་བྱ༔ དེ་རྒྱབ་མུ་ཁྱུད་གཟིར་སྔགས་དང་༔ རཱ་ཙ་ཧབ་ལེ་ཧབ་ལེ་སོད༔ ཅེས་པའི་སྤུ་གྲི་གདགས་པས་བསྐོར༔ དེ་མཐར་མེ་རི་འབར་བ་དང་༔ རྩིབས་མཆན་རྣམས་ལ་གནོད་བྱེད་གཟུགས༔ མིང་སྤེལ་བཅས་པ་འབྲི་བར་བྱ༔ དེ་ནས་དམིགས་བྱ་དགུག་བསྟིམ་ནི༔ རྟགས་མཐོང་བར་དུ་བྱས་ནས་ཀྱང་༔ རང་ཉིད་དྲག་པོར་གསལ་བ་ཡི༔ ཞབས་འོག་འཁོར་ལོ་ལིངྒ་བཏིང་༔ འཁོར་ལོ་གཡས་གཡོན་ཤུགས་དྲག་ཏུ༔ འཁོར་བས་རྩིབས་གཉིས་སྤུ་གྲིའི་བར༔ རྒྱལ་བསེན་དུམ་བུར་གཏུབ་བསམ་ཞིང་། དྲག་སྔགས་སྤུ་གྲིའི་མཚོན་ཆ་བཟླ༔ བནྡྷེ་བཟུང་དང་ཁྱི་དཀར་བསད༔ ལྷ་ཁང་བཅོམ་དང་བུད་མེད་བསད༔ དེ་སོགས་ཐུལ་བའི་རྟགས་མཐོང་ན༔ ཙཀྲ་ཁྱི་དཀར་ཐོད་པར་བཅུག༔ མཐའ་སྡུད་ [20a] མནན་པའི་ལས་ལ་སྦྱར༔ འདི་ནི་ཤི་ས་བསྟན་པ་སྟེ༔ ཤིན་ཏུ་གལ་ལ་ཐུག་པ་ལས༔ འཆོལ་བར་སྤྱོད་ན་རང་སྲོག་གཅོད༔ དུས་ངན་བསྐལ་པའི་ཐ་མ་ལ༔ སྔགས་པ་དམ་ལོག་དམ་སྲིར་འཁྲུལ༔ བཙུན་པ་སྡོམ་ཤོར་རྒྱལ་པོར་སྐྱེ༔ བུད་མེད་ཕལ་ཆེར་བསེན་མོར་ལྡང་༔ སྐྱེ་འགྲོའི་སྲོག་ལ་ཧབ་ལེན་བྱེད༔ སྨྱོ་འབོག་བརྒྱལ་ནད་གཟེར་ཐུང་སོགས༔ ཅི་མི་འདོད་པ་སྣ་ཚོགས་ཀྱིས༔ མི་ཕྱུགས་ཕྱགས་མས་འདེད་པ་འབྱུང་༔ དེ་ཚེ་བདག་གི་བརྒྱུད་འཛིན་པའི༔ སྙིང་སྟོབས་ཅན་གྱིས་བརྩམས་བྱས་ན༔ ཕན་པ་ཆེན་པོའི་དཔལ་དུ་འགྱུར༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་མང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ལས་ཚོགས་ལྷ་སྲིན་དམ་བསྒྲགས་ཀྱི་མན་ངག་ཨྠིྀ༔ མ་འོངས་དུས་ཀྱི་ཐ་མ་ལ༔ མཐའ་ཡི་འབྱུང་པོ་དབུས་སུ་ཤོར༔ དབུས་ཀྱི་དམ་སྲི་གློ་བུར་བསྡོངས༔ འདྲེ་རྒོད་འགོང་པོ་རླུང་ལྟར་འཚུབས༔ བོད་ཀྱི་ལྷ་སྲིན་མ་ལུས་འཁྲུགས༔ དམེ་འཁྲུགས་ཁྲག་གི་ཆར་པ་འབེབས༔ མཐའ་དབུས་ཡུལ་ཁམས་ཕལ་མོ་ཆེར༔ ས་གཡོ་རི་ཉིལ་བྲག་རལ་ཞིང་༔ སྔར་མེད་ཐན་ཆུ་ཤྭ་འུད་བརྡོལ༔ [20b] ཞིང་ཁང་གྲོང་སྲང་ཡུལ་ལྗོངས་འཇིག༔ སད་སེར་མུ་གེ་ཐན་ཆེན་འབར༔ མི་ནད་ཕྱུགས་ནད་རླུང་ལྟར་འཚུབས༔ དེ་ཚེ་བོད་ཀྱི་མགུར་ལྷ་སོགས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ ཐ་ཚིག་དམ་བསྒྲགས་བཀའ་ནན་བྱ༔ དུས་བཟང་ཚེས་བཅུ་ལ་སོགས་པ༔ ཤིས་པའི་དུས་ཀྱི་སྔ་དྲོའི་ཆར༔ རི་ཆེན་རྩེའམ་ཐང་ཆེན་དཀྱིལ༔ མཁར་གྱི་ཡང་ཐོག་ལ་སོགས་པ༔ གཉན་ཅིང་མཐོ་བའི་ས་ཕྱོགས་སུ༔ རྩ་བ་གསུམ་གྱི་མ་ངྷལ་བཀྲམ༔ རྒྱགས་བརྔན་བསང་དང་གསེར་གཡུའི་སྐྱེམས༔ ལ་རྫས་ཀླུང་རྫས་སྐམ་རློན་ཆས༔ ཡས་སྟགས་སྣ་ཚོགས་ལེགས་པར་བཤམ༔ ཁྲུས་དང་བསང་མཆོད་རྒྱས་པར་བྱ༔ རང་འདོད་མ་ཞུགས་གཞན་ཕན་སེམས༔ ལྟ་སྒོམ་ཏིང་འཇིན་གདིང་མེད་ན༔ ལྷ་འདྲེས་བཀའ་ནན་ལྟ་ཞོག་གིཿ སླར་ཡང་ཚུར་ལ་རྒོལ་བར་བྱེད༔ དེ་ཕྱིར་ང་ཡིས་བྱིན་བརླབས་པའི༔ ནུས་ལྡན་བྱང་སེམས་རྣལ་འབྱོར་པས༔ བདག་ཉིད་ཁྲོ་རྒྱལ་འཆོལ་བ་ཆེ༔ སྟོང་ཁམས་གང་བའི་སྐུར་བལྟས་ལ༔ བྱིན་ཕབ་གཟི་བྱིན་ཆེར་བསྐྱེད་ནས༔ སྣང་སྲིད་ལྷ་འདྲེ་མངོན་སུམ་དགུག༔ སྔོན་གྱི་ཐ་ཚིག་འདི་ལྟར་བསྒྲག༔ ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་དངོས༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ [21a] འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཡིན༔ སྣང་སྲིད་ཁམས་ན་གནས་རྒྱུ་བའི༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་ཚོགས༔ ཚུར་ཤོག་ཚུར་ཤོག་དམ་ལ་འདུས༔ ཆོས་ཉིད་བདེན་པའི་གཏམ་ལ་ཉོན༔ ཐ་ཚིག་གཉན་པོ་དྲན་པར་གྱིས༔ གལ་ཏེ་འདུ་བར་མི་བྱེད་ཅིང་༔ བསྒོ་བའི་བཀའ་ལ་མི་ཉན་ན༔ ཁྱེད་རྣམས་སྲོག་སྙིང་ང་ལ་ཡོད༔ གནད་དུ་བོར་ནས་བརླག་ཏ་རེ༔ དེ་བས་འདིར་འདུས་དམ་ལོངས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷུ་ཏ་ས་མ་ཡ་ཙིཏྟ་དུང་དུང་ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཛཿཛཿས་མ་ཡ་ཛཿཧཱུྃ་བྃ་ཧོཿ དེ་རྣམས་མགོ་བོར་རྡོ་རྗེ་དང་༔ ལྕེ་ལ་བདུད་རྩིའི་དམ་ཆུ་བཞག༔ གསེར་གཡུའི་སྐྱེམས་དང་རྒྱགས་བརྔན་སོགས་༔ མཆོད་གཏོར་ཡས་སྟགས་ཚིམས་པར་བསྔོ༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བསམ་ཡས་ཧས་པོ་རི་རྩེ་ནས༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ བསྟན་པ་བསྲུང་བའི་གཉེར་ཁ་གཏད༔ བོད་ཁམས་ཆོས་བཞིན་སྐྱོང་བ་ཡི༔ ཁས་བླངས་དམ་དུ་མ་བཅས་སམ༔ སྔོན་གྱི་ཐ་ཚིག་མ་འདའ་བར༔ གུམ་གུམ་ཆུམ་ཆུམ་ལས་བྱོས་ཤིག༔ མཐའ་དག་ནད་ཡམས་འཁྲུགས་རྩོད་དང་༔ སད་སེར་བཙའ་ཐན་མུ་གེ་ཟློག༔ [21b] ལྟས་ངན་ཆོ་འཕྲུལ་ཐམས་ཅད་སོལ༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ རྒྱལ་ཁམས་བདེ་ལ་འགོད་པ་སོགས༔ སོ་སོའི་མཐུ་དང་འཚམས་པ་ཡི༔ ཇི་ལྟར་ནུས་པའི་ཕྲིན་ལས་མཛོད༔ དཀྱིལ་འཁོར་གཉན་པོ་མ་མཐོང་ཞིང་༔ འདའ་ཀའི་ཐ་ཚིག་མ་ཐོས་པའི༔ གློ་བུར་ལྷགས་པའི་འདྲེ་རྒོད་རྣམས༔ མཆོད་སྦྱིན་ཡས་སྟགས་འདི་ཁྱེར་ལ༔ བདག་གི་བསྒོ་བ་ཉན་པར་གྱིས༔ གལ་ཏེ་མི་ཉན་འདའ་བྱེད་ན༔ བདག་ཉིད་དབང་དྲག་ཐོད་ཕྲེང་རྩལ༔ རབ་ཏུ་ཁྲོས་པའི་བརྟུལ་ཞུགས་གར༔ རྡོ་རྗེ་འབར་བའི་ཚྭ་ཚྭ་ཡིས༔ སྐད་ཅིག་ལུས་ངག་རྡུལ་དུ་རློག༔ རྣམ་ཤེས་མནར་མེད་མེ་ཡིས་བསྲེག༔ བསྐལ་པ་སྟོང་ཡང་ཐར་མི་འགྱུར༔ དེ་བས་ཉེན་ལ་མ་བདོ་བར༔ བསྒོ་བའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ དེ་རྣམས་ཞི་ཞིང་གུས་པ་ཡིས༔ བཀའ་བཞིན་བསྒྲུབ་པར་མནའ་བོར་བསམ༔ རྒྱབ་བརྟེན་བསོད་ནམས་དཔུང་བསྐྱེད་ཕྱིར༔ མཆོད་སྦྱིན་གསུང་བསྒྲགས་སཱཙྪ་གདབ༔ སྲོག་བསླུ་ཉེའུ་འདོན་ལམ་འཕྲང་འཆོས༔ ཚོགས་གཏོར་རྒྱ་ཆེར་འབད་པར་བྱ༔ ལྟ་དགོངས་ལྡན་ཅིང་དམ་ཚིག་གཙང་༔ སྙིང་རྗེ་ཅན་གྱི་སྔགས་པ་ཡིས༔ ཚུལ་འདི་ཇི་བཞིན་བརྩམས་ [22a] བྱས་ན༔ བོད་ཁམས་སྤྱི་དང་བྱེ་བྲག་གི༔ སྣོད་བཅུད་ཉེས་རྒུད་ཡོངས་ཞི་ནས༔ ཕན་བདེའི་ལེགས་ཚོགས་འཕེལ་བར་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ལས་ཚོགས་དུག་ཁྲག་རྫས་རྒོད་ཀྱི་མན་ངག་ཟབ་མོ་ཨྠིྀ༔ དྲག་པོ་སྒྲུབ་པའི་ཕྲིན་ལས་ཀྱི༔ སྲུང་ཟློག་ལ་སོགས་ལས་ཀུན་ལ༔ རབ་ཏུ་གཅེས་པའི་ལས་སྦྱོར་ནི༔ དུག་ཁྲག་རྫས་རྒོད་སྒྲུབ་ཐབས་བསྟན། སྦྱོར་བ་དུག་ཁྲག་རྫས་གསུམ་པོ༔ རེ་རེར་གསུམ་ཕྱེས་དགུ་ཡིན་ཏེ༔ བཙན་དུག་ར་དུག་བོང་དུག་གསུམ༔ མི་ཁྲག་རྟ་ཁྲག་ཁྱི་ཁྲག་གསུམ༔ གུ་གུལ་ཤུ་དག་ཁྱི་ལྕེ་གསུམ༔ དེ་དགུ་ལ་ནི་སྐྱོབས་སྦྱར་བ༔ རེ་ལྕགས་ཐང་ཕྲོམ་སྤྱང་ཚེར་ནག༔ མངལ་ཁྲག་ཀ་བར་ཕག་པ༔ ཤ་ཟན་བྱ་དང་གཅན་གཟན་ཁྲག༔ མཛེ་ཅན་དམེ་ཕོ་དམ་ཉམས་ནག་པོ་ གསུམ༔ མ་གཏོགས་ཁྲག་སྣ་ཚོགས་ཚད་དང་༔ ནག་པོ་ ཁྱད་པར་གྲི་ཁུག་བུང་ཆེར་ཡུག་ས་མ་ཡིན་པ། བསྐྱེད༔ དེ་ལ་སྨན་གྱི་ངར་འདོགས་སུ༔ གླ་རྩི་སྡོང་རོས་རྟ་བོན་དང་༔ ཁྱི་ནག་སྤྱང་ཀི་ [22b] ཕག་པའི་བྲུན༔ སྦལ་སྦྲུལ་ལྕོང་མོའི་ཤ་རྣམས་བསྲེ༔ ཁྲིམས་ལྡན་དགེ་སློང་མི་བསྐྱོད་དང་༔ ནུས་ལྡན་སྔགས་པའི་རྣམ་སྣང་བཅས༔ གར་ཆང་སྦྱར་ཏེ་དྲོ་སར་བསྙལ༔ ཁྲག་ནུས་རུལ་པ་ལས་འབྱུང་ཕྱིར༔ ཤིན་ཏུ་རུལ་ཞིང་དུལ་བར་བྱ༔ སྨན་ནུས་སོ་མ་ལས་འབྱུང་ཕྱིར༔ སྐབས་སུ་གསར་པ་སྦྱར་ཞིང་གསོ༔ སྔགས་ནུས་བཟླས་པ་ལས་འབྱུང་ཕྱིར༔ ནངས་བཞིན་སྔགས་མང་བཟླས་ལ་བཏབ༔ དངོས་གཞི་རྫས་ཉིད་ལྷ་རུ་བསྒོམ༔ ཡེ་ཤེས་སྤྱན་དྲང་དབྱེར་མེད་བསྟིམ༔ དུག་རླངས་མེ་དུད་འཚུབས་པར་བསམ༔ རྩ་བསྙེན་གཟིར་སྔགས་ཤམ་བུ་ཅན༔ འབུམ་ཕྲག་བཟླས་ལ་ཧུ་ཡིས་འདེབས༔ སྔགས་ཀྱི་ངར་འདོགས་ཤམ་བུ་ནི༔ ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ༔ ཙིནྡྷ་ཙིནྡྷ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་གི་ནི་སྭཱཧཱ༔ བཟླས་པས་མེ་ལ་རླུང་བུས་བཞིན༔ སྔགས་ནུས་རབ་ཏུ་འབར་བར་བསམ༔ རྗེས་ནི་ལྕགས་ཀྱི་སྤར་བུའམ༔ གླང་དམར་འོག་ཅན་རྭ་གཡས་པར༔ བླུགས་ཏེ་ཤིན་ཏུ་དམ་པོར་བཅང་༔ རྒྱུན་དུ་མཆན་ཁུང་གཡོན་ན་འཆང་༔ སྲུང་ཟློག་བསད་དང་མནན་གཏད་སོགས༔ དྲག་ལས་ [23a] གང་ལ་འཇུག་ཀྱང་རུང་༔ རང་སྲུང་རྫས་ཀྱི་ཐིག་ལེ་ནི༔ བུ་ག་དགུ་ལ་བྱུག་པར་བྱ༔ གཞན་དག་བསྲུང་ན་ལྕགས་སྣོད་དམ༔ སྨྱུག་ཚིགས་སོགས་སུ་བླུགས་ལ་བཏགས༔ སེར་བ་བསྲུང་ན་སྐྱེར་ཕུར་ལ༔ སྔགས་བྲིས་རྫས་ཐུམ་བཏགས་པ་ཉིད༔ སེར་ལམ་ཕྱོགས་སུ་བསྟན་ཏེ་འཛུག༔ ཡུངས་དཀར་ཐལ་ཆེན་བསྲེས་པའི་ཐུན༔ བྲབ་པས་སེར་བ་གདོང་བཟློག་བསྲུང་༔ རྒྱལ་འགོང་སྨྱོ་འདྲེ་སོགས་བསྲུང་ན༔ མགུལ་དུ་བཏགས་པས་གནོད་པ་ཐུབ༔ དུད་པའི་དྲི་ཚོར་གདོན་བགེགས་འབྲོས༔ སྲིའུ་གསོ་ན་གི་ཝང་དང་༔ གུར་གུམ་བསྲེས་ལ་ཐིག་ལེ་བྱ༔ ཞོ་ཉེས་ཆང་ཉེས་བསྲུང་འདོད་ན༔ སྣོད་ཀྱི་ཁ་ལ་བསྐོར་ཞིང་བདུག༔ སྡེ་བརྒྱད་རྒྱུ་ལམ་གཅོད་པ་དང་༔ རྦོད་གཏོང་བཟློག་ན་དེའི་ཕྱོགས་སུ༔ སྔགས་ཀྱིས་མཚན་པའི་ཐོ་བཙུག་ལ༔ རྫས་བྲན་ཚིལ་ཆེན་བསྲེག་པས་བདུག༔ སྡེ་བརྒྱད་རྒྱུ་ལམ་གཅོད་པ་དང་༔ རྦོད་གཏོང་བཟློག་ན་དེའི་ཕྱོགས་སུ༔ སྔགས་ཀྱིས་མཚན་པའི་ཐོ་བཙུག་ལ༔ རྫས་བྲན་ཚིལ་ཆེན་བསྲེག་པས་བདུག༔ ཆར་པ་དབབ་ན་ཆུ་མིག་མདུན༔ སྦལ་སྦྲུལ་ཤ་སྦྱར་བསྲེག་པས་འབེབས༔ སེར་རྒོད་དབབ་ན་ལྷ་འདྲེའི་སར༔ བ་བླ་ཚིལ་ཆེན་རྟ་བོན་དང་༔ ཕག་ཁྲག་ [23b] སྦྱར་བསྲེག་གཞོབ་བཏང་འབེབས༔ གག་ལྷོག་གཟེར་རྒོད་མཛེ་ནད་དང་༔ སྐྲང་པ་ཤུ་ཐོར་གཉན་འབྲུམ་སོགས༔ མདོར་ན་ནད་རིགས་ཐམས་ཅད་ལ༔ ཕྱི་ནས་བྱུག་ཅིང་ཁོང་དུ་བཏང་༔ དུད་པས་བདུག་སོགས་འཕྲུལ་ཤེས་བྱ༔ རྫས་སྔགས་ཏིང་འཛིན་ལག་ལེན་བཞི༔ མ་འཆོལ་ཚུལ་བཞིན་ལག་བླངས་ན༔ འཇིག་རྟེན་ཕུང་འཚེང་ནུས་པ་ཡིན༔ གལ་ཏེ་དམ་ཉམས་ལག་ཤོར་ན༔ རྫས་ལས་སྐད་འབྱིན་སྣོད་འགས་འགྱུར༔ ནུས་པ་ཞུད་པས་སླར་ཡང་ནི༔ བསྐྱར་ཞིང་བསྒྲུབ་པ་མཆོག་ཏུ་གཅེས༔ བྱ་སླ་དོན་ཆེ་ཟབ་པའི་གནད༔ དྲག་སྒྲུབ་གསང་བའི་ལས་མཐར་གདམས༔ སྙིགས་མའི་དུས་སུ་ཕན་པ་འབྱུང་༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ། །

༁ྃ༔ བླ་མ་དྲག་པོའི་ཁྱད་པར་གྱི་ཕྲིན་ལས་ཟབ་པའི་མན་ངག་ཨྠིྀ༔ མ་འོངས་ལྔ་བརྒྱ་ཕྱི་མའི་དུས༔ མཐའ་བཞིའི་དམག་གི་མཚོན་ཁ་ལངས༔ འགོང་པོའི་ཟ་ལམ་བོད་དུ་བསྟན༔ ནད་ཡམས་བཀྲེས་ཕོངས་འཐབ་རྩོད་སོགས༔ མི་འདོད་ [24a] སྡུག་བསྔལ་མཚོ་བརྡོལ་འགྱུར༔ དུས་ངན་དེ་དག་སྐྱོབ་པའི་ཕྱིར༔ ཆོས་ནོར་དམ་རྫས་སྦས་ཡུལ་སོགས༔ དཔག་མེད་སྦས་ཤིང་བྱིན་གྱིས་བརླབས༔ བདེན་ཚིག་སྨོན་ལམ་གཏད་རྒྱ་བཞིན༔ དུས་སྐབས་སོ་སོར་བསྔགས་པ་ཡི༔ ང་སྤྲུལ་སྐྱེས་བུ་རིམ་བཞིན་དུ༔ འབྱུང་བས་བཏོན་ཅིང་སྤེལ་ནས་ཀྱང་༔ བོད་ཁམས་སྡུག་བསྔལ་སྐྱོབ་པར་ངེས༔ འོན་ཀྱང་དེ་དུས་བོད་འབངས་རྣམས༔ བསོད་ནམས་སྐལ་ཆུང་དབང་སོང་བས༔ ང་སྤྲུལ་གཏེར་འབྱིན་དེ་དག་ལ༔ ཐེ་ཚོམ་ལོག་པར་ལྟ་བ་མང་༔ རང་གཞན་དམ་ཚིག་གཡེལ་བའི་རྒྱུས༔ གཏེར་སྲུང་ཁྲོས་ཤིང་ལྷ་འདྲེ་འཁྲུགས༔ དམ་སྲི་འབྱུང་པོས་བར་ཆད་རྩོམ༔ མི་རུང་ཆོ་འཕྲུལ་མང་འབྱུང་ཞིང་༔ གཏེར་འབྱིན་སྐྱེས་བུ་རང་ཉིད་ཀྱང་༔ ལྟ་སྒོམ་ཏིང་འཛིན་རྩལ་ཞན་པས༔ ཟབ་གཏེར་གསན་སྒོ་འབྱེད་མི་ནུས༔ དེ་ཚེ་པདྨ་བདག་ཉིད་ལ༔ སྐྱབས་གནས་ཀུན་འདུས་ངེས་ཤེས་ཀྱིས༔ གདུང་ཤུགས་དྲག་པོས་གསོལ་བ་ཐོབ༔ གཏེར་སྲུང་གཞི་བདག་གཉན་པོ་ལ༔ གཏོར་ [24b] མ་བསང་དང་གསེར་གཡུའི་སྐྱེམས༔ དཀར་དམར་འབྲུ་སྨན་རིན་ཆེན་རིགས༔ ཤ་ཁྲག་དབུགས་སོགས་རང་རང་གི༔ མཐུན་རྫས་སྤྱན་གཟིགས་ཚོགས་ཀྱིས་བརྔན༔ འགྲོ་དོན་ཟབ་གཏེར་སྦས་ཡུལ་སོགས༔ འབྱེད་པའི་སེམས་བསྐྱེད་བཟང་པོ་ཡིས༔ རང་ཉིད་དབང་དྲག་འཆོལ་བ་ནི༔ སྟོང་ཁམས་རབ་འབྱམས་གང་བའི་སྐུར༔ རིགས་བཞིའི་མཁའ་འགྲོ་ཡང་སྤྲུལ་གྱི༔ དཔའ་བོ་མཁའ་འགྲོ་འབུམ་སྡེ་དང་། ཆོས་སྐྱོང་གཏེར་སྲུང་ལས་བྱེད་ཚོགས༔ སྤྲིན་ཕུང་གཏིབས་བཞིན་བསྐོར་བར་བསམ༔ བྱིན་ཆེན་དབབ་ལ་ང་རྒྱལ་བཟུང་༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཧ་རི་ནི་ས་ནི་དྷི་སིདྡྷི་ཕ་ལ་སརྦ་ཀརྨ་ཀུ་རུ་ ཧོཿ ཞེས་བཟླ་རིག་པ་གཟེང་བསྟོད་ལ༔ ཧཱུྃ་གླུ་ལེན་ཅིང་སྟངས་སྟབས་བསྒྱུར༔ ཡ་ང་འཁུ་འཁྲིག་དང་བྲལ་བར༔ གཡོ་མེད་དགོངས་པའི་གདིང་བསྐྱེད་པས༔ འབྱུང་པོའི་བར་ཆད་མི་ཚུགས་ཤིང་༔ ལྷ་སྲིན་ཟེར་གྱིས་ཞུད་རྣམས་ཞི༔ གཏེར་བདག་བཀའ་ཉན་ཕྲིན་ལས་སྒྲུབ༔ གཞན་ཡང་སོ་སོའི་ཁ་བྱང་བཞིན༔ མ་འཆོལ་ [25a] ལག་ལེན་གནད་ལྡན་པས༔ རང་གཞན་དོན་ཆེན་འགྲུབ་པར་འགྱུར༔ ས་མ་ཡ༔ དུས་མཐར་འགོང་པོས་བློ་བསྒྱུར་ནས༔ འགྲོ་རྣམས་ཆགས་སྡང་སྤྱོད་ངན་གྱིས༔ ཡུལ་གནས་གཞི་བ་དག་ལྷ་སྲིན་འཁྲུགས༔ སྟག་གཟིག་དོམ་དྲེད་འཕར་སྤྱང་སོགས༔ འབྱུང་པོ་གཅན་གཟན་གཟུགས་བརྫུས་ཏེ༔ མི་ཕྱུགས་ཨར་ལ་གཏད་པ་འབྱུང་༔ དེ་ཚེ་གཞི་བདག་སྲུང་མ་ལ༔ བརྔན་ཆ་འབུལ་ཞིང་ཐ་ཚིག་བསྒྲག༔ རང་ཉིད་དྲག་པོར་གསལ་བའི་འཁོར༔ གིང་ཆེན་སྡེ་བཞི་ཡང་སྤྲུལ་འབུམ༔ ཀུན་ཀྱང་བྲོ་བརྡུང་བཤུག་གླུ་དང་༔ དྲིལ་གཡེར་རྔ་སྒྲ་སྟོང་ཁམས་གང་༔ གནོད་བྱེད་ཐམས་ཅད་སྐྲོད་པར་བསམ༔ རྩ་སྔགས་ཤམ་དུ་སྔགས་འདི་གདགས༔ ར་ཙ་ཧྲིཿཡ་སརྦ་དུ་ཏྲི་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བཟླ་མུ་ཟི་གླ་རྩ་དང་༔ སྒོག་སྐྱ་གུ་གུལ་ལ་སོགས་པར༔ སྔགས་བཏབ་བདུག་པས་ཐམས་ཅད་བྱེར༔ ཁྱད་པར་ཁ་ཆིངས་ཙཀྲ་ནི༔ གཅན་གཟན་གང་གནོད་དེ་ཡི་གཟུགས༔ ལྕེ་ཕྱུངས་སྟེང་དུ་རྒྱ་གྲམ་མཐར༔ ཧཱུྃ་ཨ་རལླི་གཅན་གཟན་ཆེ་གེ་ [25b] མོའི་མཆུ་ཆིངས་གྲེ་བ་སྡོམ་ཤིག༔ ཅེས་པས་བསྐོར་ཞིང་སྤྱི་གཙུག་ཏུ༔ མཆོད་རྟེན་ནག་པོས་མནན་པ་བྲི༔ མགོ་ནས་དྲིལ་ཏེ་སྐུད་པས་བཅིང་༔ སཱཙྪ་ནག་པོའི་འོག་ཏུ་མནན༔ རང་སྔགས་བཟླ་ཞིང་གཅན་གཟན་གྱི༔ ཁ་བཅིངས་དཔའ་རྩལ་ཉམས་པར་བསྒོམ༔ དེས་ནི་གཅན་གཅན་མ་རུངས་པའི༔ གནོད་པ་ཀུན་ལས་བསྲུང་བར་འགྱུར༔ ས་མ་ཡ༔ སྨོན་ལམ་ལོག་པའི་དམ་སྲི་རྣམས༔ དུས་ཀྱི་མཐའ་ལ་རླུང་ལྟར་འཚུབས༔ སྐྱེ་འགྲོ་ཀུན་གྱི་ཤེས་རྒྱུད་བསྒྱུར༔ ཁྱད་པར་དགེ་བཤེས་བན་བཙུན་དང་༔ མི་ཆེན་རྣམས་ཀྱི་བློ་སྣ་བསྒྱུར༔ ཆོས་ཀྱི་ཁ་འཛིན་ཕྱོགས་ལྷུང་གིས། སྡེ་དང་རིས་སུ་ཕྱེས་ནས་རྩོད༔ གསང་སྔགས་བསྟན་དང་བསྟན་འཛིན་སྡེ༔ ཟོལ་མེད་རྣམས་ལ་ལྷག་པར་སྡང་༔ རྒྱལ་བསྟན་རི་མོའི་མར་མེ་ཡང་༔ ཐབས་ཀྱིས་བསྣུབ་པར་བརྩོན་པ་ཡི༔ འགོང་པོ་ཁ་རྒྱལ་དུས་ཤིག་འབྱུང་༔ དེ་ཚེ་སེམས་བསྐྱེད་ལྡན་པ་ཡིས༔ ང་ཉིད་དྲག་པོའི་རྣལ་འབྱོར་གྱིས༔ ཕུང་སེལ་དམ་སྲི་བྱུར་སྲི་ཀུན༔ གཟིར་མནན་བསྲེག་པའི་ལས་སྦྱོར་བྱ༔ [26a] བདག་ཉིད་དབང་དྲག་ཐུགས་ཀ་ནས༔ རབ་འཕྲོས་འབར་བའི་འོད་ཟེར་གྱིས༔ འཁོར་གྱི་ལྷ་ཚོགས་ཐམས་ཅད་བསྐུལ༔ དེ་དག་རྣམས་ལས་རང་འདྲ་བའི༔ ཕོ་ཉ་སྟོང་ཁམས་གང་བར་འཕྲོས༔ མི་དང་མི་མིན་དྲེགས་པ་ཅན༔ ཀུན་གྱི་སེམས་རྒྱུད་དབང་མེད་བསྒྱུར༔ བདག་ལ་དད་ཅིང་རྗེས་སུ་ཞུགས༔ ཕྱིར་མི་ལྡོག་པའི་བརྟན་ཐོབ་བསམ་༔ རྩ་བའི་སྙིང་པོར་ཤམ་བུ་སྤེལ༔ ཧ་རི་ནི་ས་ར་ཙ་ཧྲིཿཡ་མ་ཧཱ་རཱ་ཛ་སརྦ་ཨ་ནྲྀ་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བཟླ་ཐུན་མཐར་དེ་རྣམས་ཀུན༔ འོད་དམར་ཚུལ་བསྡུས་རང་ལ་བསྟིམ༔ འཁོར་འདས་སྲོག་ལ་དབང་ཐོབ་བསྒོམ༔ སྟོང་ཉིད་ཟབ་མོའི་ཕྱག་རྒྱས་གདབ༔ དེ་ལྟར་རྒྱུན་དུ་བརྩོན་བྱས་ན༔ མི་དང་མི་མིན་སྐྱེ་འགྲོ་ཀུན༔ ཆོས་བཞིན་དབང་དུ་འདུ་བར་འགྱུར༔ ཡང་ཟབ་སྣང་བ་དབང་སྡུད་ཀྱི༔ ཙཀྲའི་རིམ་པ་འདི་ལྟ་སྟེ༔ དར་རམ་ཤོག་དམར་གང་རུང་ལ༔ འཁོར་ལོ་མུ་ཁྱུད་རིམ་བཞིན་བསྐོར༔ ལྟེ་བར་ཧཱུྃ་གི་ཞབས་ཀྱུའི་ནང་༔ ཨ་ཏྲི་ནྲི་གསུམ་བྲིས་པའི་མཐར༔ རྩ་སྔགས་ཤམ་བུ་ཅི་རིགས་ [26b] སྤེལ༔ དེ་རྒྱབ་འཁོར་ལོའི་ཕྱོགས་མཚམས་སུ༔ མཁའ་འགྲོ་གིང་བཞིའི་ས་བོན་དང་༔ རྩིབས་མཆན་རྣམས་ལ་ལས་སྔགས་བརྒྱན༔ ཨོཾ་ཙག་ཤུ་ཙེར་ལྡན་གུཾ༔ དེ་རྒྱབ་འདབ་བཞིར་རྒྱལ་ཆེན་བཞིའི༔ སྔགས་མཐར་རང་རང་སྤེལ་ཚིག་སྦྱར༔ དེ་རྒྱབ་སྣང་བ་དབང་སྡུད་སྔགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ཧ་རི་ནི་ས་ར་ཙ་ཧྲིཿཡ་མཧཱ་རཱ་ཛ་སྲབ་ཨ་ནྲྀ་ཏྲི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿ་མ་མ་དུང་དུང་༔ མ་མ་ཁ་ཤི་བཾ༔ སྲོག་རྩ་བྲིང་བྲིང་༔ ཡཾ་ཡཾ༔ མ་མ་པཱ་ཤྃ་ཀུ་རུ་ཛ༔ དེ་རྒྱབ་རླུང་གི་ཞགས་པས་བསྐོར༔ ལྕགས་ཀྱུ་རྩྭ་ལྕགས་ཀྱུ་ མེ་ཏོག་གླང་སྣ་རྡོ་ཁབ་ལེན་ གསུམ་དང་བྱང་སེམས་གཉིས༔ དཀར་དམར་ ཕོ་མོའི་འདོད་ཟིལ་ལན་ཚྭས་བྱུག༔ ལྷ་དུང་ འདྲེ་ཕ་ཝཾ་ལོང་བུ་ མི་གཡུ་ གསུམ་བླ་རྡོ་ལ༔ རང་རང་ལྷ་ལ་ཨ་ འདྲེ་ལ་ཏྲི་ མི་ལ་ནྲྀ་ སྲོག་ཡིག་བྲིས་པ་བཅས༔ ལྷན་ཅིག་རབ་ཏུ་གནས་པ་ཉིད༔ རང་གིས་བཅང་ངམ་གཟུངས་སུ་གཞུག༔ རླུང་ལ་བསྐོར་སོགས་སྐབས་ཐོབ་འཕྲུལ༔ ནན་ཏུར་ལས་ལ་མ་ལྟོས་པར༔ འཇམ་པོའི་སྦྱོར་བས་རྩུབ་པོ་ཡང་༔ སྐད་ཅིག་རང་དབང་བྱེད་པའི་ཐབས༔ ཚུལ་འདི་པདྨའི་ཁྱད་ཆོས་ཏེ༔ [27a] བསྟན་འཛིན་རྣམས་ཀྱིས་གཅེས་པར་ཟུངས༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ།། །།

༁ྃ༔ བླ་མ་དྲག་པོའི་ཕྲིན་ལས་དབང་གི་སྲེག་བླུགས་ཀྱི་མན་ངག་ཟབ་མོ་ཨྠིྀ༔ དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི༔ དབང་གི་སྦྱིན་སྲེག་བྱ་འདོད་ན༔ ལས་མཐུན་ཐབ་ཏུ་བུད་ཤིང་བརྩིགས༔ བསྲེག་རྫས་བསགས་ལ་བྱིན་གྱིས་བརླབ༔ སྨད་འཚོང་ལག་གི་མེ་སྦར་ཏེ༔ མེ་ཐབ་བསང་སྦྱང་སྟོང་པའི་ངང་༔ རང་མདུན་དབང་གི་ཐབ་ཁུང་ནི༔ ཚད་དང་མཚན་ཉིད་ཐམས་ཅད་ཀུན༔ ཡོངས་རྫོགས་འོད་དམར་འཁྲུགས་པའི་ཀློང་༔ མེ་ལྷ་ཆེ་མཆོག་གྲོ་བོ་ལོད༔ ཁྲོ་ཆགས་སྒེག་པའི་རྣམ་འགྱུར་ཅན༔ དབང་གི་གཟི་བྱིན་འབར་བར་བསྐྱེད༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསྟིམ༔ ལྗགས་ཉིད་རྡོ་རྗེ་རྩེ་གསུམ་པ༔ ཧཱུྃ་མཚན་འབར་བས་བསྲེག་བླུགས་ཀྱི༔ བདུད་རྩིའི་རྒྱུན་དྲངས་གསོལ་བར་བསམ༔ ཏིལ་མར་ལ་སོགས་རྫས་རྣམས་ཀུན༔ རྩ་བའི་སྔགས་ཀྱིས་ཕུལ་ནས་ཀྱང་༔ ལས་སྔགས་ཤམ་སྦྱར་འདོད་དོན་གསོལ༔ ཁྱད་པར་ [27b] དམིགས་བྱ་དབང་སྡུད་ན༔ ལིངྒ་མིང་རུས་རྫས་ལྡན་ལ༔ འགུགས་བསྟིམ་བསྡུ་བའི་དམིགས་གནད་བཅས༔ ལས་སྔགས་ཁོ་ནས་གྲངས་ལྡན་དབུལ༔ རྩ་སྔགས་ཤམ་དུ། ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧོཿ མཆན། མཐར་ནི་དམིགས་བྱ་རང་རིག་དང་༔ དབྱེར་མེད་སྟོང་སྲོག་གཅིག་ཏུ་བསྡུ༔ མེ་ལྷ་རང་དང་གཉིས་མེད་དང་༔ འཁོར་འདས་དབང་ཕྱུག་གྲོ་བོ་ལོད༔ ཡེ་ཡིན་ཆེན་པོར་ལ་བཟླས་པས༔ སེམས་ལྡན་འགྲོ་བ་སྨོས་ཅི་སྟེ༔ སེམས་མེད་བེམ་པོའང་དབང་དུ་འགྱུར༔ མན་ངག་གསང་བའི་མཐར་ཐུག་སྟེ༔ ལས་ཅན་རེ་འགའ་ཙམ་ལས་གཞན་༔ མང་དུ་སྤེལ་ན་རང་ཉིད་ཉམས༔ དེ་བས་གསང་ལ་སྤྱོད་ཤེས་བྱ༔ ས་མ་ཡ་གུཧྱ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ།། །།

༁ྃ༔ བླ་མ་དྲག་པོའི་ཕྲིན་ལས་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་མཆོད་བསྐུལ་བྱང་ཟབ་མོ་ཨྠིྀ༔ མཐུན་རྫས་ཤ་ཁྲག་གཏོར་མ་ནི༔ ཟག་མེད་བདུད་རྩིར་སྦར་བྱས་ཏེ༔ མགྲོན་རྣམས་སྐད་ཅིག་མདུན་དུ་བཀུག༔ རྩ་བའི་སྔགས་དང་གཟིར་སྔགས་ལ༔ ཨ་ཡ་མ་དུ་རུ་ཧ་ཤ་ན་བཛྲ་ས་མ་ཡ་ཛཿཛཿ ཞེས་བོས་ལྷགས་ཏེ་ [28a] བཀའ་ནོད་བསམ༔ ཧཱུྃ་ཛཿ ཁྲག་འཐུང་བཀའ་ཡི་ཕོ་ཉ་ཆེ༔ མཐུ་ཆེན་སྡེ་བརྒྱད་དྲེགས་པའི་ཚོགས༔ སྔོན་གྱི་ཁས་བླངས་མ་གཡེལ་བར༔ མ་ཐོགས་མྱུར་དུ་དམ་ལ་འདུ༔ དམ་ཉམས་བསྒྲལ་བའི་ཤ་ཁྲག་རུས༔ དོན་སྣོད་དབང་པོ་རྐང་ཀླད་ཚིལ༔ སྨན་རཀ་གཏོར་མའི་དགའ་སྟོན་ལ༔ རོལ་ཅིག་གསོལ་ལོ་ཁ་རཾ་ཁཱ་ཧི༔ ཤ་ལ་དགའ་བས་ཤ་ལ་ཟོ༔ ཤ་ཟན་རྐན་སྒྲ་ཏོག་ཅིང་རོལ༔ ཁྲག་ལ་དགའ་བས་ཁྲག་ལ་འཐུང་༔ ཁྲག་འཐུང་མིད་པ་ཁྱུར་གྱིས་རོལ༔ རུས་ལ་དགའ་བས་རུས་པ་མུར༔ རུས་མུར་སོ་སྒྲ་ཆེམ་ཆེམ་རོལ༔ བསྟབ་པ་བདག་གིས་མ་ནོར་གྱིས༔ བཞེས་པ་ཁྱེད་རྣམས་མ་ནོར་ཅིག༔ དགྱེས་ཤིང་ཚིམས་པར་རོལ་ནས་ཀྱང་༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱོད་ཀྱིས་སྒྲོལ༔ གལ་ཏེ་ཕྲིན་ལས་མི་སྒྲུབ་ན༔ དཔལ་གྱི་ལུང་ལས་འགལ་བའི་ཕྱིར༔ ཁྱེད་རྣམས་ཉམས་ཤིང་བརླག་པར་གྱུར༔ དེ་བས་དམ་ལས་མ་འདའ་བར༔ བཅོལ་བའི་ལས་འདི་མྱུར་དུ་གྱིས༔ དུས་ལ་བབ་བོ་ས་མ་ཡ༔ གཏོར་མ་བསྟབ་ཅིང་ཕྲིན་ལས་ [28b] བཅོལ༔ དེ་ཡིས་བཀའ་ཉན་ལས་བྱེད་འགྱུར༔ ཁྱད་པར་སྙིགས་དུས་ལོག་སྤྱོད་མཐུས༔ སྡེ་བརྒྱད་ཁེངས་ལོག་ཆོ་འཕྲུལ་གྱིས༔ གློ་བུར་ཆག་ཆེ་རྐྱེན་ངན་ན༔ གཏོར་མ་བུངས་བསྐྱེད་ནན་ཏན་བརྔན༔ འདི་ལྟར་བཟློག་བསྒྱུར་ཕྲིན་ལས་བསྐུལ༔ ཧཱུྃ༔ དབང་དྲག་བཀའ་ཡི་ཕོ་ཉ་ཆེ༔ སྲིད་པ་གསུམ་ལ་མངའ་དབང་བསྒྱུར༔ ལས་མཁན་དྲེགས་པ་སྡེ་བརྒྱད་ཚོགས༔ དེ་རིང་བཟློག་བསྒྱུར་ལས་ལ་ཆོས༔ ཨ་བྷྱོ༔ སྲོག་བདག་ཚངས་པ་དཀར་པོ་ནི༔ ལྷ་རྣམས་ཀུན་གྱི་རྗེ་བོ་ཡིན༔ སྤྲུལ་པ་རྒྱལ་འགོང་འབྱུང་པོ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དུས་འཁྲུགས་དམ་སྲིའི་ཆོ་འཕྲུལ་སོགས༔ མི་མཐུན་ཕྱོགས་ཀུན་དགྲ་ལ་ཟློག༔ ཡ་བྷྱོ༔ འཆི་བདག་ནག་པོ་ཁྲམ་ཐོགས་ནི༔ གཤིན་རྗེ་ཡོངས་ཀྱི་དེད་དཔོན་ཡིན༔ སྤྲུལ་པ་བདུད་དང་མོན་དམག་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ནད་མཚོན་གོད་ཡམས་ལོ་ཉེས་སོགས༔ མི་མཐུན་ཕྱོགས་ཀུན་དགྲ་ལ་ཟློག༔ མ་བྷྱོ༔ འབྱུང་བ་ལྔ་ཡི་རྒྱལ་མོ་ནི༔ སྣང་སྲིད་མ་མོའི་དེད་དཔོན་ཡིན༔ སྤྲུལ་པ་བུད་མེད་འབུམ་སྡེ་འགྱེད༔ ཤ་ཁྲག་གཏོར་མ༴ ནད་ [29a] རིམས་བསེན་མོའི་གནོད་གདུག་སོགས༔ མི་མཐུན་ཕྱོགས་ཀུན་དགྲ་ལ༴ དུ་བྷྱོ༔ ནག་པོ་མེ་ཡི་ཁ་རླངས་ཅན༔ ཡ་བདུད་ཀུན་གྱི་དམག་དཔོན་ཡིན༔ སྤྲུལ་པ་ཞགས་ཐོགས་ཟོར་ཐོགས་འགྱེད༔ ཤ་ཁྲག་གཏོར་མ༴ བློ་འགྱུར་བགེགས་ཀྱི་ཆོ་འཕྲུལ་སོགས༔ མི་མཐུན་ཕྱོགས་ཀུན་དགྲ༴ རུ་བྷྱོ༔ ཡམ་ཤུད་དམར་པོ་སྲོག་གི་གཤེད༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྤྲུལ་པ་རྟ་ནག་འབུམ་སྡེ་འགྱེད༔ ཤ་ཁྲག་གཏོར་མའི་འདི༴ གློ་བུར་གྲི་ཐབ་གཟེར་ནད་སོགས༔ མི་མཐུན་ཕྱོགས་ཀུན་དགྲ༴ ཙ་བྷྱོ༔ སྲོག་བདག་སྲིད་པ་ལི་འབྱིན་ཧར༔ རྒྱལ་པོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྤྲུལ་པ་འོད་དང་འབག་སེང་འགྱེད༔ ཤ་ཁྲག་གཏོར་མ་འདི༴ བརྒྱལ་ནད་སྨྱོ་འབོག་འཐབ་འཁོན་སོགས༔ མི་མཐུན་ཕྱོགས་ཀུན༴ ཤ་བྷྱོ༔ གང་བ་བཟང་པོ་རལ་པ་ཅན༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཡིན༔ སྤྲུལ་པ་གནོད་འབྱིན་འབུམ་སྡེ་འགྱེད༔ ཤ་ཁྲག་གཏོར་མ༴ ཐོག་སེར་ཆོ་འཕྲུལ་གདོང་གཟེར་སོགས༔ མི་མཐུན་ཕྱོགས་ཀུན་དགྲ༴ ན་བྷྱོ༔ ཀླུ་བདུད་མུན་པ་ནག་པོ་ནི༔ ཀླུ་རྣམས་ཡོངས་ཀྱི་དེད་དཔོན་ཡིན༔ སྤྲུལ་པ་ཀླུ་གཉན་དམག་ [29b] དཔུང་འགྱེད༔ ཤ་ཁྲག་གཏོར་མ་འདི༴ དྲེགས་གྲུམ་མཛེ་ཤུ་ཕོལ་མིག་སོགས༔ མི་མཐུན་ཕྱོགས་ཀུན་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ སྲིད་པ་གསུམ་ལ་དབང་བྱེད་ཅིང་༔ བར་སྣང་ཁམས་ནས་རྩལ་འབྱིན་པའི༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཆག་ཆེ་ཉམ་ང་བྱད་ཕུར་སོགས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ དམིགས་པས་གཟིར་ཞིང་གནད་ནས་བསྐུལ༔ གཏོར་མ་དགྲ་བོའི་ཕྱོགས་འཕངས་པས༔ གནོད་པ་ཐམས་ཅད་ཞི་ཞིང་ཟློག༔ བརྩམས་པའི་དོན་ཀུན་མྱུར་འགྲུབ་འགྱུར༔ ས་མ་ཡ༔ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ།། །།