ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཡང་ཞུན༔ དངོས་ཞེན་རེ་དོགས་གཅོད་པའི་གདམས་པ༔ གནས་ལུགས་རང་ཞལ་སྤྲོད་པའི་མན་ངག༔ སྒྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོ༔

From Dudjom Wiki
Revision as of 13:06, 30 October 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-065
Wylie title chos nyid nam mkha'i klong mdzod las: gsang sngags rdo rje theg pa'i yang zhun: dngos zhen re dogs gcod pa'i gdams pa: gnas lugs rang zhal sprod pa'i man ngag: sgrub mchog sa ra ha pa'i snying thig zab mo: DUDJOM-THROMA-065.pdf
Location khros ma'i sgrub skor
Volume 1, Text 65, Pages 527-641 (Folios 1a1 to 58a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gsang sngags rdo rje theg pa'i yang zhun dngos zhen re dogs gcod pa'i gdams pa gnas lugs rang zhal sprod pa'i man ngag sgrub mchog sa ra ha pa'i snying thig zab mo. In Khros ma'i sgrub skor: 527-641. Kalimpong: Mani Dorji, 1979.
Side notes Recto: gcod khrid   Verso: khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Contemplative Guide Books and Instructional Manuals - khrid yig  ·  Severance Texts - gcod gzhung
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་མཁའ་ཀློང་དུ། །མི་འགྱུར་རྡོ་རྗེའི་བྲག་ནས་བཏོན། །རྡོ་རྗེ་བཟང་པོས་བསྐུལ་བའི་ངོར། །ཀློང་བརྡོལ་རིག་པའི་སྒྲོམ་ལས་བཤུས། །བརྒྱུད་འཛིན་ཐར་ལམ་གཟུད་པའི་ཕྱིར། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །དགེའོ། །དགེའོ།།

rig 'dzin rdo rje gro lod kyis/__/'od gsal chos sku'i mkha' klong du/__/mi 'gyur rdo rje'i brag nas bton/__/rdo rje bzang pos bskul ba'i ngor/__/klong brdol rig pa'i sgrom las bshus/__/brgyud 'dzin thar lam gzud pa'i phyir/__/yi ge rig pa'i rdo rjes bris/__/dge'o/__/dge'o/__/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཡང་ཞུན༔ དངོས་ཞེན་རེ་དོགས་གཅོད་པའི་གདམས་པ༔ གནས་ལུགས་རང་ཞལ་སྤྲོད་པའི་མན་ངག༔ སྒྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོ་བཞུགས་སོ༔


ཕྚ༔ དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་གྲུབ་པའི་མཆོག་བརྙེས་ས་ར་ཧ་པས་ངའི་བུ་སློབ་ཐམས་ཅད་བྱིན་གྱིས་བརླབས་ནས་རྗེས་སུ་བཟུང་སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ་དབུགས་དབྱུང་བར་མཛད་དུ་གསོལ༔ བདག་དང་ཡུལ་གྱི་འཕྱང་བ་ཆེན་པོ་རང་མལ་དུ་ཞིག་པས་བདག་མེད་བདེན་པ་མངོན་མཐོང་རྩོལ་མེད་ཐད་གྲོལ་དུ་བརྡོལ་བའི་གསང་བའི་ནམ་མཁའ་བདེ་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པའི་ཀློང་དུ༔ ཨེ་ཝཾ་ཟུང་འཇུག་གི་བཀོད་པ་ངོམས་པའི་གནས་རང་སྣང་དོན་གྱི་འོག་མིན་དེར༔ སྟོན་འཁོར་སྒྱུ་འཕྲུལ་རོལ་པའི་རྒྱལ་པོ་ས་ར་ཧ་པའི་རོལ་རྩལ་འཁོར་དུ་ངོམས་པའི་ཐོག་མ་ཡེ་ཤེས་ཉི་མ་དང་༔ ཤེས་རབ་ཟླ་བའི་དབང་པོ་ལ་བཀའ་བསྒོས་ཏེ༔ ཆོས་ཉིད་ཀློང་གི་ཡང་མཛོད་ཆེན་པོའི་སྒོ་ཕྱེས་ནས་རིན་པོ་ཆེ་མི་ཟད་རྒྱན་འཁོར་ཞེས་བྱ་བའི་གབ་བྱང་ཆེན་པོ་འདི་ཉིད་བདག་ཀློང་གྲོལ་རྡོ་རྗེ་མི་འགྱུར་ལ་གཅེས་ནོར་དུ་གནང་བ་ཡིན༔ དེའི་ཚེ་དེའི་དུས་ན་འོད་གསལ་བརྡལ་ཁྱབ་ཆེན་པོའི་གསལ་སྒྲོན་རང་ཤར་ནས་བྱ་རྩོལ་མེད་པའི་འོད་ཀྱི་མདངས་འདི་ཡང་ཡུལ་ངོས་བཟུང་དང་བྲལ་བ་ཚོགས་སྨོན་ལས་འཕྲོ་འཛོམ་པའི་གདུལ་བྱའི་གང་ཟག་དེའི་ཟ་ཐང་དུ་རང་བྱུང་བའོ༔ ཡུལ་དང་ཡུལ་ཅན་ལག་སྦྲེལ་ཕྲེང་བའི་མུ༔ དཔེ་རྟགས་གཤིས་ལུགས་ཐབས་ཤེས་སྙོམས་ཞུགས་པའི༔ བདེ་སྟོང་ཀློང་རྒྱས་འདེབས་མའི་ལྟོ་བར་སྦྲུམ༔ མཐའ་སྡུད་ཀུན་ཆུབ་བུམ་པའི་རྒྱལ་པོར་ཟུངས༔ སྟོང་ཆེན་ནམ་མཁའ་སྟོང་པའི་དཔེར་ཆེ་བས༔ འདམ་བུའི་ཁུང་བུ་སྟོང་པའི་ཧར་མི་སངས༔ ཞེས་བྱུང་བའི་ཁུངས་ནི༔ (བརྡ་ཡིག་) ཀྱེཿ རྒྱལ་དང་རྒྱལ་སྲས་མ་ལུས་འདུས་པའི་ཞལ༔ སྐལ་ལྡན་གདུལ་བྱའི་ཤེས་རྒྱུད་སྨིན་མཛད་ཅིང་༔ འཁོར་བ་མྱང་འདས་ཀློང་སྒྲོལ་མཐུ་མངའ་བའི༔ རིགས་ཀུན་ཁྱབ་བདག་བླ་མ་དེ་མཁྱེན་ནོ༔ དལ་འབྱོར་ལྡན་པའི་མི་ལུས་རིན་ཆེན་ཐོབ༔ ཚོགས་སྨོན་ལས་འབྲེལ་བཟང་པོའི་རྒྱུ་འབྲས་བསྐྱེད༔ ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ༔ ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་འགྲུབ་ཤོག༔ དེའི་དོན་བསྒོམ་ནས་བློ་སྦྱོང་བ་ལ༔ དལ་འབྱོར་རང་གི་ངོ་བོ་ལ་བསམ་པ་དང་༔ རྙེད་པར་དཀའ་བའི་རྒྱུ་མཚན་བསྒོམ་པ་ལས༔ དང་པོ་ནི༔ སྐྱེ་གནས་ཀྱི་བྱེ་བྲག་ལས་ཕྱི་ནང་གི་མི་ཁོམ་པ་བརྒྱད་དུ་ངས་སྨྲ་བ་ཡིན༔ དམྱལ་བ་པ་དག་ནི་ཚ་གྲང་གི་སྡུག་བསྔལ་དྲག་པོས་ངལ་གསོ་བའི་བར་སྐབས་ཐང་ཅིག་ཙམ་ཡང་མེད་དེ་ཆོས་བྱེད་པའི་དལ་ཁོམ་མེད་པ་སྨོས་ཅི་དགོས༔ ཡི་དྭགས་པ་ནི་བཀྲེས་ཤིང་སྐོམ་པའི་གདུང་བ་དྲག་པོས་མནར་ཏེ་ཟས་སྐོམ་ཁོ་ན་ལ་སྲེད་པ་ལས་རྣམ་པར་རྟོག་པ་གཞན་འགགས་པས་དལ་ཁོམ་མེད་པ་དང་༔ དུད་འགྲོ་པ་དག་ནི་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དྲག་པོས་གདུང་བ་ལས་དགེ་སྡིག་ཤན་འབྱེད་ཀྱི་ཤེས་རིག་གི་མིག་མེད་པས་དལ་བའི་སྐབས་མེད་པ་དང་༔ ལྷ་ཚེ་རིང་པོ་བ་རྣམས་ནི་དགའ་བདེ་ལོངས་སྤྱོད་ཀྱི་རོས་རྟག་ཏུ་མྱོས་ནས་ཆོས་ལ་འཇུག་པའི་འདུ་ཤེས་མི་སྐྱེ་བས་རང་བྲེལ་བ་སྟེ༔ ཕྱིའི་སྐྱེ་གནས་ཀྱི་མི་ཁོམ་པ་བཞིར་མ་སྐྱེས་ཤིང་ནང་མི་ལུས་ཐོབ་པ་ལ་དགའ་བ་བསྒོམ་པར་བྱའོ༔ ནང་མི་ལུས་ཐོབ་ཀྱང་ཆོས་ཀྱི་སྣོད་དུ་མ་གྱུར་པའི་མི་ཁོམ་པ་བཞི་ཡོད་དེ༔ བཞི་པོ་ནི༔ མུ་སྟེགས་དང་ཀླ་ཀློ་པ་དག་ཏུ་སྐྱེས་ན་ལྟ་སྒོམ་ཕྱིན་ཅི་ལོག་པ་ལ་གདིང་འཆའ་བ་དང་༔ ཡུལ་མཐའ་འཁོབ་དང་༔ མུན་བསྐལ་ལ་སྐྱེས་ན་དགེ་སྡིག་ངོ་མི་ཤེས་པས་མི་ཁོམ་པ་དང་༔ ལྐུགས་པ་སོགས་སེམས་ལས་སུ་མི་རུང་བའི་དྲན་པ་ཉམས་པ་དག་ནི་ཆོས་ལ་འཇུག་པའི་བློ་མེད་པ་དང་ཚིག་དོན་གྱི་བརྡ་མི་འཕྲོད་པས་མི་ཁོམ་པ་སྟེ༔ མི་ཁོམ་པ་བརྒྱད་པོ་གང་དུ་སྐྱེས་ཀྱང་ཆོས་བྱེད་མི་ཁོམ་པས༔ དེ་དག་གང་དུའང་མ་སྐྱེས་པ་ནི་ཆོས་སྒྲུབ་པའི་རང་དབང་དང་ལྡན་པས་དལ་བ་ཡིན༔ དེའི་སྟེང་དུ་ཆོས་ཉམས་སུ་ལེན་པ་ལ་འབྱོར་པ་བཅུ་ཡང་ཚང་དགོས་པས་དེའི་རྒྱུ་མཚན་ནི༔ མི་ལུས་མ་ཐོབ་ན་ཆོས་ཟབ་མོ་དང་མི་མཇལ་བ་ལས་མིའི་ལུས་རྟེན་གྱི་འབྱོར་པ་ཐོབ༔ མི་ལུས་ཐོབ་ཀྱང་ཡུལ་གྱི་དབུས་སུ་མ་སྐྱེས་ན་ཆོས་མི་དར་བ་ལས་ཡུལ་དབུས་ཁྱད་འཕགས་ཏུ་སྐྱེས་པས་གནས་ཀྱི་འབྱོར་པ་དང་༔ དབང་པོའི་སྒོ་རྣམས་མ་ཚང་ན་ཆོས་ཀྱི་སྣོད་ལ་བྲི་བས་སྐྱོན་ཡོད་དེ་དེ་ཚང་བས་དབང་པོའི་སྣོད་ཀྱི་འབྱོར་པ་དང་ལྡན༔ ལས་ཀྱི་མཐའ་ལོག་སྟེ་ཆོས་སྒོར་མི་འཇུག་པའི་སྐྱེ་བོ་ཕོ་མོ་བྲན་དང་ཁོལ་པོ་དག་ནི་མི་ལུས་ཐོབ་ཀྱང་ཐོབ་ཙམ་ལས་དོན་མེད་པར་མི་ལུས་སྣང་ཙམ་པ་སྟེ་ཆོས་དང་མི་འཕྲད་པ་ལས༔ ཆོས་སྒྲུབ་པའི་ལས་དང་ལྡན་པའི་འབྱོར་པ༔ དད་མི་རུང་བའི་གནས་ངན་མུ་སྟེགས་སོགས་ལ་མི་དད་ཅིང་དད་པའི་གནས་བསྟན་པ་ཁྱད་པར་ཅན་ལ་དད་པ་དད་པའི་ནོར་གྱི་འབྱོར་པ་དང་ལྔ་པོ་ནི་རང་གི་ངོས་ལ་ཚང་བའི་རང་འབྱོར་ལྔ་ཞེས་བྱ་བ་ཡིན༔ སངས་རྒྱས་འཇིག་རྟེན་དུ་བྱོན་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ་དང་༔ དམ་པའི་ཆོས་གསུངས་པ་ལམ་ཟབ་མོའི་འབྱོར་པ་དང་༔ བསྟན་པ་མ་ནུབ་པར་གནས་པ་བསྟན་པ་རིན་པོ་ཆེའི་འབྱོར་པ་དང་༔ དེ་ལ་ཞུགས་སུ་ཟིན་པ་རང་གི་སྐལ་པའི་འབྱོར་པ་དང་༔ དགེ་བའི་བཤེས་གཉེན་རྣམས་བཞུགས་པ་བླ་མ་དམ་པའི་འབྱོར་པ་སྟེ༔ ལྔ་པོ་ནི་ཕྱིའི་ཡུལ་དུ་ཚང་བས་གཞན་གྱི་འབྱོར་པ་ཞེས་བྱའོ༔ དེ་ནི་དལ་འབྱོར་རང་གི་རྣམ་གྲངས་ཡིན་ཏེ་འདིའི་དོན་བློ་ལ་བསྒོམ་པ་ནི༔ ད་ལྟ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་འདི་སྔོན་གྱི་དགེ་བ་བཟང་པོའི་འབྲས་བུ་ཡིན་ཏེ༔ ད་རེས་འདི་དོན་དང་ལྡན་པ་ཞིག་མ་བྱས་ན་སྔོན་གྱི་དགེ་འབྲས་འདི་ཀས་ཟད་ནས་ད་ཕན་ཆད་བདེ་བའི་སྐབས་འཚོལ་བའི་དུས་མི་འོང་སྙམ་ནས་སྒོ་གསུམ་དགེ་བ་ལ་བསྐུལ་བར་བྱའོ༔ འདི་འདྲ་བའི་ཡོན་ཏན་ཐམས་ཅད་ཚང་བའི་ལུས་རྟེན་བཟང་པོ་ནི་སྤྱིར་འགྲོ་བ་རིགས་དྲུག་རང་གི་མཐོང་ཚོར་ཐམས་ཅད་ལ་བརྟག་ནས་རྩིས་གྲངས་བཏང་སྟེ་རྒྱུད་ལ་བཀལ་ནས་ཆོས་ལམ་དུ་བློ་འཇུག་པ་ནི་གནད་དམ་པའོ༔ དལ་འབྱོར་མི་ལུས་ཚེ་ཡིས་བཟའ་བ་ལ་གཞིག་ནས་མི་རྟག་པ་བསྒོམ་པ་ནི༔ ཕྱི་སྣོད་འཇིག་རྟེན་མི་རྟག་འཇིག་ཆགས་གནས༔ ནང་བཅུད་སེམས་ཅན་སྐྱེ་འཆིའི་ཚོང་དུས་འགྲིམ༔ ལོ་ཟླ་ཞག་དུས་གར་གྱི་རྣམ་འགྱུར་བཞིན༔ མི་རྟག་འཆི་བ་དྲན་པར་བླ་མ་མཁྱེན༔ ཞེས་ངག་ཏུ་བརྗོད་ཅིང་ཡིད་ལ་བསྒོམ་པ་ནི༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་འདི་ཡང་སྲ་མཁྲེག་ཐོགས་རེག་གི་གཟུགས་སུ་འདུག་ཀྱང་མཐར་མེ་ཡིས་ཞེ་དགུ་ཆུ་ཡིས་ལན་བདུན་རླུང་གིས་ལན་གཅིག་ཏུ་འཐོར་ཏེ་ཅང་མེད་ནམ་མཁའ་སྟོང་པར་འགྱུར་བ་དང་༔ ཁང་ཁྱིམ་ཡུལ་ཞིང་རྣམས་ཀྱི་ཤུལ་ལ་བརྟག་ན་ཡང་སྔོན་སྐྱེས་པ་ཕོ་མོ་རྣམས་ཀྱིས་བརྩིག་བཞེངས་སོ་ནམ་བཟང་པོས་བདག་འཛིན་གཏན་ནོར་དུ་རློམས་ནས་དཀའ་བ་སྤྱད་པའི་རྨང་ཤུལ་དུ་ལྟོས་ལ་བྱ་བྱེད་གཅེས་ནོར་ཐམས་ཅད་དེར་མཚོན་པའི་ཚུལ་ལ་ལྟོས༔ སྲིད་པ་བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་སྔ་ནུབ་ཕྱི་འབྱུང་ཚོང་དུས་ཀྱི་ཚོགས་པ་བཞིན་དུ་འགྲོ་འོང་གི་རྣམ་པ་དང་༔ མཐོང་ཚོར་གྱི་སྐྱེ་འགྲོ་ཕ་མ་ཐམས་ཅད་ཚེ་ལོ་སྐྱེ་འཆིའི་ཚད་མི་ངེས་པར་རང་ས་ནས་ཤི་བ་ལ་བློས་གཞལ་ནས་ནམ་འཆི་ཆ་མེད་བསྒོམ་པ་དང་༔ སྐྱེ་ནས་ད་ལྟའི་བར་གྱི་ཚེ་ཡི་ཡུན་ལ་བློས་གཞིག་ན་སྐད་ཅིག་ཙམ་ལས་མི་རིང་༔ རྨིར་སྣང་ཙམ་ལས་མི་བདེན་པ་ལ་བསམ་མནོ་བཏང་ནས་དལ་ཁོམ་མེད་པར་དགེ་བ་སྒྲུབ་ཅིང་༔ འཕོ་འགྱུར་མེད་པའི་ངེས་འབྱུང་དང་སྐྱོ་ཤས་བསྒོམ་པ་ནི་གནད་གཉིས་པའོ༔ ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་ཉོན་ཅིག༔ གནད་འདི་མེད་ན་ཆོས་གང་བསྒྲུབ་ཀྱང་དོན་གཉེར་གྱི་བརྩོན་འགྲུས་དང་སྙིང་རུས་ནི་དབྱར་ཁའི་བ་མོ་ལྟ་བུ༔ ལ་ཁའི་ན་བུན་ལྟ་བུ༔ མཚན་མོའི་མེ་འོད་ལྟ་བུ་ལས་ཚུགས་མི་ཐུབ་པ་ཡིན༔ བདག་གྲུབ་བརྒྱའི་མེས་པོ་ཡང་ཤིང་རྟ་ཆེན་པོ་འདི་ལ་ཞོན་ནས་དོན་གཉིས་གྲུབ་པ་ཡིན༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བརྒལ་བའི་ཤིང་རྟ་ཆེན་པོ་འདི་ལ་ཞོན་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཕྱིན་ཏེ་ཕྱིན་པ་ཕྱིན་འགྱུར་དུ་གདོན་མི་ཟ་བས་གདམས་ངག་གི་གཙོ་བོར་ཟུངས་ཤིག༔ བཟོད་མེད་སྡུག་བསྔལ་དྲག་པོའི་ཁྲི་མུན་དུ༔ ཐང་ཅིག་བདེ་བའི་སྐབས་མེད་ཉམ་ཐག་ཅིང་༔ མཐའ་མེད་ལས་ཀྱི་འཕེལ་ཁར་སྣོན་སྤེལ་བའི༔ འཁོར་བའི་མཚོ་ལས་སྒྲོལ་ཞིག་བླ་མ་མཁྱེན༔ དེའི་དོན་ཡིད་ལ་བསྒོམ་པ་ནི༔ དམྱལ་བའི་སྡུག་བསྔལ་ལ་བསམ་ན་ཚ་བའི་དམྱལ་ཁམས་བརྒྱད་པོ་ཐིག་ནག་ནས་མནར་མེད་བར་མས་རིམ་དུ་གནས༔ འཇིག་རྟེན་འདིའི་མེ་ལས་བདུན་འགྱུར་དུ་བསྐལ་པའི་མེས་ཚ་སྟེ༔ དེ་ལས་བདུན་འགྱུར་དུ་དམྱལ་བ་ཡང་སོས་པའི་མེས་ཚ་བ་ཡིན༔ དེ་ལས་ཀྱང་བདུན་འགྱུར་དུ་ཐིག་ནག་པའི་མེས་ཚ་བའི་དཔེས་འོག་མ་རྣམས་མནར་མེད་ཀྱི་བར་དུ་བདུན་འགྱུར་གྱིས་ཚ་བ་དང་སྡུག་བསྔལ་ཡང་དེ་བཞིན་དུ་བརྣག་པར་དཀའ་བ་ཡིན་པས༔ དེ་ལ་བསམ་ན་དེང་སང་གི་ལུས་ལ་མེ་སྟག་གཅིག་ཕོག་པ་ཙམ་ཡང་མི་བཟོད་པར་སྐད་ངན་ཤོར་བ་ཙམ་འབྱུང་ན༔ སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་བ་ནི་ལྟ་ཅི་སྨོས༔ ཞེས་ཞེ་ཐག་པ་ནས་བསམ་ཞིང་བློ་སྦྱོང་བར་བྱའོ༔ གྲང་བའི་དམྱལ་ཁམས་བརྒྱད་ལ་ཡང་གྲང་དབལ་བསྐལ་པ་འཇིག་པའི་རླུང་ལས་ཀྱང་བརྒྱ་འགྱུར་གྱིས་གྲང་བ་གསེར་གྱི་ཐོ་ལུམ་ལྟ་བུ་ཡང་ཨུཏྤལ་བཞིན་དུ་འགས་པར་འགྱུར་བ་ཡིན་ཏེ༔ སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་བ་མ་ཟད་ད་ལྟ་ཉིན་ཞག་གཅིག་གི་གྲང་ལྷག་མི་བཟོད་པ་ལ་བློས་གཞིག་ན་བསྐལ་པ་མང་པོར་སྡུག་བསྔལ་མྱོང་བ་ལྟ་ཅི་སྨོས་སྙམ་དུ་སྡུག་བསྔལ་བློ་ཐོག་ཏུ་བླང་ནས་བློ་སྦྱོང་བར་བྱ༔ ངན་སོང་གི་གནས་གཉིས་པ་ཡི་དྭགས་ལ་ཡང་བཀྲེས་ཤིང་སྐོམ་པས་གདུང་ཞིང་ལུས་ལ་མེ་འབར་བ་དང་༔ གསུམ་པ་བྱོལ་སོང་ལ་ཡང་བླུན་རྨོངས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དྲག་པོས་རྟག་ཏུ་གདུང་བ་དང་༔ མཐོ་རིས་གསུམ་པོ་ལ་ཡང་མི་སྐྱེ་རྒ་ན་འཆི༔ ལྷ་མ་ཡིན་འཐབ་རྩོད༔ ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་གྱི་མེ་འོབས་སྡུག་བསྔལ་གྱི་ཁྲི་མུན་ཆེན་པོས་གདུང་ཞིང་མནར་བ་ལས༔ བདེ་བ་སྡུག་བསྔལ་གྱིས་མ་བསླད་པ་སྤུ་རྩེ་ཙམ་ཡང་མེད་པ་ལ་བློས་གཞིག་ནས་རྒྱུད་ལ་བཀལ་ཏེ་བློ་སྦྱོང་བ་ནི་ཆོས་ལམ་དུ་འགྲོ་བའི་གནད་དམ་པའོ༔ འདི་ལྟ་བུར་བློ་སྦྱོང་ནས་ལམ་དུ་ཞུགས་པ་རྣམས་ནི་ཕྱིར་མི་ལྡོག་པའི་ཚུགས་ཐུབ་པ་ཡིན༔ དེ་ལྟར་བློ་མ་སྦྱོང་བ་དག་ནི་ཆོས་ལམ་དུ་ཞུགས་ཀྱང་རི་གཟར་གྱི་རྡོ་ལྟ་བུར་ངེས་མེད་དུ་ཡིད་བརྟན་མེད་པར་ཕྱིར་ལྡོག་པར་སླ་བ་ཡིན་ཏེ༔ ཆོས་ཐམས་ཅད་ཀྱི་བསྐུལ་མ་འདི་ཀ་ཡིན་པས་རྟག་ཏུ་འདི་ཁོ་ན་ལ་སྐྱོ་ཤས་ཆེན་པོ་བསྐྱེད་པ་ནི་གསུམ་པའོ༔ དཀར་ནག་ལས་ཀྱི་རྣམ་སྨིན་མི་བསླུ་བར༔ བག་ཆགས་བདེ་སྡུག་ཉེ་བར་ལེན་པའི་སེམས༔ རྒྱུ་དང་འབྲས་བུར་སྤྱོད་པའི་མཁན་པོར་གྲུབ༔ བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེན༔ ཞེས་བརྗོད་ཅིང་རང་རྒྱུད་ཀྱི་སྐྱོན་ལ་རྟག་ཏུ་བརྟག་ནས་ཉེས་སྤྱོད་སྡོམ་པ་ལ༔ ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིར་བཟོད་མེད་ཀྱི་སྡུག་བསྔལ་དྲག་པོ་རྟག་ཏུ་མྱོང་བར་བྱེད་པའི་རྒྱུ་མི་དགེ་བའི་ལས་ཡིན་པས༔ དེ་ལ་མི་དགེ་བ་ནི༔ ལུས་ཀྱི་ལས་གསུམ་སྲོག་གཅོད་པ༔ མ་བྱིན་པ་ལེན་པ༔ འདོད་ལོག་སྤྱོད་པ་དང་གསུམ༔ ངག་གི་ལས་བཞི་རྫུན་སྨྲ་བ༔ ཕྲ་མ་སྨྲ་བ༔ ཚིག་རྩུབ་སྨྲ་བ༔ ངག་འཁྱལ་སྨྲ་བ་དང་བཞི༔ ཡིད་ཀྱི་ལས་གསུམ་བརྣབ་སེམས༔ གནོད་སེམས༔ ལོག་ལྟ་དང་གསུམ་སྟེ་བཅུ་པོ་ནི་མི་དགེ་བ་ཀུན་འདུས་སུ་འདུག་པས་རྩ་བ་ཡིན་ཏེ༔ དེ་དག་གི་གཞི་ལའང་ཀུན་སློང་གི་བྱེད་ལས་ཀྱིས་སྡུག་བསྔལ་ཆེ་འབྲིང་ཆུང་གསུམ་དུ་བྱེད་དེ༔ ཞེ་སྡང་གི་ལས་ཀྱིས་མནར་མེད༔ འདོད་ཆགས་ཀྱི་ལས་ཀྱིས་ཡི་དྭགས༔ གཏི་མུག་གི་ལས་ཀྱིས་དུད་འགྲོར་འཕེན་པ་ཀུན་སློང་གི་བྱེད་ལས་ཡིན༔ དབང་དང་རྒྱུ་མཐུན་གྱི་འབྲས་བུ་ཡང་མི་དགེ་བ་དེ་དག་རང་རང་གི་ལྕི་ཡང་བར་པ་ཐོགས་མེད་ཐོགས་བཅས་ཀྱི་ཡུལ་ཀུན་སློང་གིས་བསྐྱེད་པ་ཡིན་ཏེ་དེ་དང་དེ་ལྟ་བུའོ༔ མི་དགེ་བའི་ལས་ལའང་ངེས་པ་དང་མ་ངེས་པ་གཉིས་ཏེ༔ ངེས་པ་ནི་ཕ་མ་དང་༔ སློབ་དཔོན་དང་༔ དགྲ་བཅོམ་པ་རྣམས་བསད་པ་དང་༔ རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྔ་པོ་ནི་དམྱལ་བ་མནར་མེད་དུ་ལྟུང་ངེས་པས་ན་ངེས་པའི་སྡིག་པའོ༔ དེ་ལས་གཞན་པ་ནི་དམ་ཉམས་མ་གཏོགས་པ་མ་ངེས་པའི་སྡིག་པ་སྟེ་གཞི་བསམ་སྦྱོར་བ་མཐར་ཐུག་རྣམས་ཚང་ནའང་མཐར་དེ་ལྟ་བུའི་སྲེད་ལེན་གྱིས་གསོས་མ་ཐེབ་ན་སྐྱེ་བ་གཅིག་གི་ལས་ཀྱིས་དེ་འདྲར་འཕེན་པའི་ངེས་པ་མེད་པས་མ་ངེས་པའི་སྡིག་པ་ཞེས་བྱ་བ་ཡིན༔ བཤགས་སྡོམ་གྱིས་ཀྱང་འབྱང་སླ་བ་ཡིན༔ དགེ་བ་ལའང་ཟག་བཅས་དང་ཟག་མེད་གཉིས་ལས༔ ཟག་བཅས་ནི་བྱང་ཆུབ་སེམས་ཀྱི་རྒྱས་མ་ཐེབས་པ་སྟེ༔ ཆེན་པོས་གཟུགས་ཁམས་དང་༔ འབྲིང་གིས་འདོད་ལྷ༔ ཆུང་ངུས་མིའི་རྒྱལ་པོ་སོགས་དགེ་བ་དེའི་འབྲས་བུ་མ་ཟད་ཀྱི་བར་དུ་བདེ་འབྲས་བསྐྱེད་དེ་བསོད་ནམས་དུ་འགྱུར་བའི་བསོད་ནམས་ཆ་མཐུན་དུ་ཡང་གྲགས༔ ཟག་མེད་ནི་ཀུན་སློང་བྱང་ཆུབ་སེམས་ཀྱི་རྒྱས་ཐེབས་པ་སྟེ་མི་ཟད་པར་གོང་ནས་གོང་དུ་འཕེན་པས་ཟག་མེད་དང་༔ བདག་མེད་རྟོགས་པའི་ཤེས་རབ་ནི་ས་ལམ་བདེན་གཉིས་ཟུང་འཇུག་གཅིག་ཆར་དུ་རྫོགས་ཤིང་ཁམས་གསུམ་ལས་ཐར་ནས་གཏན་གྱི་བདེ་བ་ཐོབ་པས་ཐར་པ་ཆ་མཐུན་ཞེས་བྱའོ༔ དེ་ལྟར་ལས་དཀར་ནག་རྒྱུ་འབྲས་ཀྱི་བླང་དོར་ཐམས་ཅད་མདོ་རྒྱུད་མན་ངག་གི་དོན་བཞིན་ལག་ལེན་མ་ནོར་བ་ནི་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་ཤིང་རྟ་ཆེན་པོ་ཡིན་ཏེ་གནད་བཞི་པའོ༔ ཕཊ༔ ཡེ་གཞི་ཀ་དག་ཕྱོགས་ཡན་ཀུན་བཟང་མོ༔ རང་བཞིན་རང་ངོར་སངས་པ་མཁའ་སྤྱོད་མ༔ ཐུགས་རྗེ་ཀུན་ཁྱབ་བརྡལ་བ་ཁྲོས་མའི་སྐུར༔ སྐྱབས་སུ་མཆིའོ་དགོངས་པར་འུབ་ཆུབ་རོལ༔ ཅེས་རང་སྣང་གི་བཀོད་པ་འདི་སྐད་ཅིག་དེ་ཉིད་ལ་གནས་སུ་གྱུར་པ་ལས་མཁའ་སྤྱོད་བདེ་བ་ཆེན་པོའི་གནས་དང་ཞིང་ཁམས་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ༔ རང་དང་སེམས་ཅན་ཐམས་ཅད་གནས་པའི་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླ་བམ་རོའི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་ཅིག་ཁྲོས་མ་ནག་མོ་མཐིང་ནག་ཕྱག་གཡས་གྲི་གུག་དང་གཡོན་པས་ཐོད་ཁྲག་བསྣམས་པ༔ ཞབས་གཉིས་གར་སྟབས་བསྒྱུར་བ་རོའི་གདན་ལ་རོལ་པ༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བསྒྲད་པ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས་ཤིང་སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བ༔ ནུ་མ་འབུར་ཞིང་པདྨོ་རྒྱས་པ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡེ་ཤེས་མེ་དང་འོད་ཕུང་འཁྲིགས་པའི་ཀློང་དུ་བཞུགས་པའི་སྤྱི་བོར༔ བླ་མ་ལོངས་སྐུ་ཀུན་འདུས་ཀྱི་སྤྱི་ཞལ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་བསྣམས་ཤིང་གར་སྟབས་ཀྱིས་རོལ་པ་ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་སྤྱིར་བོར༔ བླ་མ་ཆོས་སྐུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ངོ་བོ་ཀུན་ཏུ་བཟང་མོ་མཐིང་ནག་གཅེར་བུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པདྨ་ཟླ་བའི་གདན་ལ་བཞུགས་ཤིང་སྟོང་ཉིད་མཉམ་སྦྱོར་གྱི་ཕྱག་རྒྱ་ཐུགས་ཀར་གཏད་ཅིང་མཐིང་ནག་འོད་ཀྱི་ཐིག་ལེའི་ཀློང་དུ་ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པར་བསམ༔ མཐའ་སྐོར་དུ་བརྒྱུད་པ་དགུ་ལྡན་གྱི་བླ་མ་དམ་པ་རྣམས་ཀྱིས་བསྐོར་ནས་རང་གཞན་སེམས་ཅན་རྣམས་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞུགས་པར་བསྒོམ་པའི་མདུན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་གཅིག་ཏུ་མཉམ་པའི་ངང་ནས་སྐྱབས་སུ་འགྲོ་བར་བསམ་ལ༔ དུས་འདི་ནས་བཟུང་སྟེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་ཁྱེད་རྣམས་ལ་སྐྱབས་སུ་མཆིའོ༔ གསོལ་བ་འདེབས་སོ༔ ཕྱག་འཚལ་ལོ༔ བརྟེན་ནོ༔ རེའོ༔ སྒོ་གསུམ་འབུལ་ལོ༔ མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་ཀྱིས་ཤེས་སོ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཅེས་བསམ་ཞིང་བློ་ལིང་གིས་བཀལ་བ་ནི་གནད་དོ༔ སྐྱབས་སུ་སོང་བའི་རྣལ་འབྱོར་གྱིས་དང་དུ་ལེན་པ་གསུམ་དང་༔ སྤང་བར་བྱ་བ་གསུམ་ལས༔ སྔ་མ་གསུམ་ནི་སངས་རྒྱས་སུ་བློ་བཞག་པའི་གཟུགས་བརྙན་དངོས་མ་ཟད་གྲིབ་མ་ལའང་མི་བརྙས་ཤིང་གུས་པ་ཆེན་པོ་བསྐྱེད་པ་དང་༔ ཆོས་ཀྱི་ཡན་ལག་ཡི་གེ་འབྲུ་གཅིག་ཙམ་ལ་ཡང་མི་བརྙས་ཤིང་གུས་པ་དང་༔ དགེ་འདུན་གྱི་རྗེས་སུ་ཞུགས་པའི་གོས་དང་གྲིབ་མ་ལ་ཡང་མི་བརྙས་པ་སྟེ་གསུམ་པོ་ནི་བླང་བྱའོ༔ ཕྱི་མ་གསུམ་ནི༔ མུ་སྟེགས་ཀླ་ཀློའི་སྐྱབས་ཡུལ་དང་འཇིག་རྟེན་ཁམས་ཀྱི་ལྷ་ཀླུ་གཉན་བཙན་རྒྱལ་པོ་ཟོ་དོར་མཐུ་བོ་ཆེ་རྣམས་ལ་སྐྱབས་དང་ཕྱག་མི་བཙལ་བ་དང་༔ སེམས་ཅན་ལ་གནོད་པའི་བསམ་སྦྱོར་སྤོང་བ་དང་༔ ཕྱིན་ཅི་ལོག་གི་ལྟ་སྤྱོད་དང་དུ་ལེན་ཅིང་ཆོས་དང་རྒྱབ་འགལ་དུ་སོང་བའི་གྲོགས་ངན་མུ་སྟེགས་པར་མི་འགྲོགས་པ་ནི་སྤང་བྱ་གསུམ་ཡིན་པས་བླང་དོར་གྱི་གནས་ལག་ལེན་དུ་འདེབས་པ་གནད་དམ་པ་ལྔ་པ་ཡིན་ནོ༔ ཕཊ༔ འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ༔ སྐྱབས་གནས་དམ་པའི་མཆོག་རྣམས་དགོངས་སུ་གསོལ༔ བདག་གིས་བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ཅེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སྨོན་པ་དང་འཇུག་པ་གཉིས་སུ་མཆིས་པ་ལས༔ དང་པོ་སྨོན་སེམས་ཚད་མེད་བཞིའི་སྒོ་ནས་སེམས་བསྐྱེད་པ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡིན་ཏེ༔ དེ་མདོར་བསྡུ་ན་འདི་ལྟར་འཁོར་བ་མཐའ་མེད་ཀྱི་གནས་ན་བཟོད་མེད་སྡུག་བསྔལ་གྱིས་གདུང་བའི་ཕ་མ་སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ འདི་རྣམས་ཐམས་ཅད་བདག་གིས་བདེ་བ་དང་ལྡན་པར་བྱ༔ སྡུག་བསྔལ་དང་བྲལ་བར་བྱ༔ མཉམ་པ་ཆེན་པོའི་སྒོ་ནས་བྲལ་བར་བྱའོ་སྙམ་པའི་ངང་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ནི་སྨོན་སེམས་སོ༔ དེ་ནས་འཇུག་པ་ལ་ཕར་ཕྱིན་དྲུག་གཅིག་ཆར་དུ་རྫོགས་པའི་ཐབས་ཟབ་མོ་ཡིན་པས་ཤེས་པར་བྱའོ༔ དེ་ལ་མདུན་གྱི་ནམ་མཁར་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་བསྐྱེད་ནས་དེ་དག་གི་སྤྱན་སྔར་གུས་པས་ཕྱག་འཚལ་ཏེ༔ ཇི་ལྟར་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་འདོན་པའི་ཕྱིར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བསླབ་པ་ལ་གནས་པ་དེ་བཞིན་དུ༔ བདག་གིས་ཀྱང་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་འདོན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་རིིན་པོ་ཆེ་བསྐྱེད་ནས་བསླབ་པ་ལ་རབ་ཏུ་གནས་པར་བྱའོ༔ ཞེས་ཞེ་ཐག་པ་ནས་བསམ་ཞིང་ངག་ཏུའང་བརྗོད་ནས་དམ་བཅའ་བ་འདི་ཉིན་མཚན་དུས་དྲུག་ཏུ་སྐྱོ་ངལ་མེད་པར་བརྩོན་པ་ནི་ལམ་གནད་དམ་པའོ༔ བསླབ་བྱ་ནི་ཟག་བཅས་ཟག་མེད་ཀྱི་དགེ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེ་རིང་ཕྱོགས་རིས་མེད་པར་དམིགས་པ་ནི་བསླབ་བྱ་མདོར་བསྡུས་པའོ༔ དུས་དང་རྣམ་པ་ཀུན་ཏུ་ཉེ་རིང་ཕྱོགས་རིས་མེད་པར་སེམས་ཅན་ཐམས་ཅད་ལ་གནོད་པའི་སྦྱོར་བ་གཞི་དང་བཅས་པ་སྤང་ཞིང་༔ དུས་གསུམ་དུ་རང་རྒྱུད་ལ་དྲན་ཤེས་ཀྱི་བྱ་ར་བྱེད་ཅིང་ཉམས་པ་བཤགས་མ་ཉམས་པ་སེམས་ཅན་ཐམས་ཅད་ལ་བསྔོ་བའི་རྒྱས་འདེབས་བྱས་ཏེ་སྡོམ་སེམས་དམ་བཅའ་གསོ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་གནད་དུ་ཤེས་པར་བྱའོ༔ ཡང་གཅེས་བདེ་སྡུག་གཏོང་ལེན་ལ་རྣམ་པ་གཉིས་ཏེ༔ དང་པོ་འདི་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་བཟོད་མེད་ཟུག་གཟེར་ཆེན་པོས་མནར་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བག་ཆགས་ཐམས་ཅད་བདག་གི་སྟེང་དུ་སྨིན་ཏེ་བདག་གཅིག་པུས་ཉམས་སུ་མྱོང་ནས་སེམས་ཅན་ཐམས་ཅད་ད་ལྟ་ཉིད་དུ་སྡུག་བསྔལ་ལས་རྟག་ཏུ་ཐར་བར་གྱུར་ཅིག༔ བདག་གི་བདེ་བ་དང་དགེ་འབྲས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཐོབ་ནས་བདེ་བ་མཆོག་དང་ལྡན་པར་གྱུར་ཅིག་སྙམ་པ་དང་༔ གཉིས་པ་ལའང་རླུང་འབྱིན་འཇུག་དང་སྦྲག་ནས་བདག་གི་བདེ་བ་དང་དགེ་བ་རྒྱུ་འབྲས་ཐམས་ཅད་རླུང་དང་མཉམ་དུ་སེམས་ཅན་ཐམས་ཅད་ལ་ཐིམ་ནས་བདེ་བ་མཆོག་དང་ལྡན་པར་བསམ་ཞིང་རླུང་ཕར་དབྱུང་༔ རླུང་ཚུར་རྔུབ་པ་དང་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་རང་ལ་ཐིམ་ནས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བསམ་ལ་བློ་སྦྱོང་བར་བྱའོ༔ འདི་ལ་རྟག་ཏུ་ནན་ཏན་བྱེད་པ་ནི་གནད་ཀྱི་སྙིང་པོར་གྱུར་པ་ཡིན་པས་ཤེས་པར་བྱ་བ་སྟེ་དྲུག་པའོ༔ དེ་ནས་མཎྜལ་འབུལ་བ་ལ༔ ཕཊ༔ སྟོང་གསུམ་རབ་འབྱམས་བཀོད་པ་ཕྱི་ཡི་ཡུལ༔ རང་ལུས་བཀོད་པ་རབ་རྫོགས་ནང་གི་དཔལ༔ རང་སྣང་ལྷུན་གྲུབ་བཀོད་པ་གསང་བའི་དལ༔ ཚོགས་གཉིས་རྫོགས་ཕྱིར་རྒྱལ་བ་རྣམས་ལ་འབུལ༔ ཞེས་བརྗོད་ཅིང་དམིགས་པ་ནི༔ ཚོགས་ཞིང་གོང་ལྟར་གསལ་ལ་མཎྜལ་འབུལ་ཐབས་ཕྱི་ནང་གསང་བའི་བཀོད་པ་བློས་བླངས་ཏེ་འབུལ་བའོ༔ དེ་ལ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ལ་རི་རབ་གླིང་བཞི་གླིང་ཕྲན་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་ན་བདག་གིས་ཡོངས་སུ་མ་བཟུང་བ་རྡུལ་ཕྲན་ཙམ་ཡང་མེད་པས་དེ་དག་ཐམས་ཅད་བློས་བླང་སྟེ་འབུལ༔ ནང་རང་ལུས་ཀྱི་བཀོད་པ་ལའང་དེ་ཚང་བར་གསལ་བཏབ་སྟེ་འབུལ་བ་ལ༔ ལྤགས་པ་དབང་ཆེན་གསེར་གྱི་ས་གཞི༔ རྒལ་ཚིགས་རིའི་རྒྱལ་པོ་རི་རབ༔ ལག་གཡས་ཤར་ལུས་འཕགས་པོ༔ རྐང་གཡས་ལྷོ་འཛམ་བུའི་གླིང་༔ རྐང་གཡོན་ནུབ་བ་ལང་སྤྱོད༔ ལག་གཡོན་བྱང་སྒྲ་མི་སྙན༔ ཉིང་ལག་དང་སོར་མོ་གླིང་ཕྲན་དང་གླིང་གཡོག༔ རྩིབ་མ་ལྕགས་རི་མུ་ཁྱུད༔ ཤ་ཚིལ་གསེར་གྱི་རི་བོ༔ རྒྱུ་མ་རོལ་པའི་མཚོ་ཆེན༔ མཁལ་མ་ཅང་ཤེས་ཀྱི་རྟ༔ མཆིན་པ་འདོད་འཇོའི་བ༔ མཚེར་པ་ཨ་མོ་ལི་ཀའི་རྡོ་ལེབ༔ མཆིན་ཁྲི་ལྷ་གནས༔ གློ་བ་དཔག་བསམ་གྱི་ཤིང་༔ སྙིང་གཏེར་གྱི་བུམ་པ༔ རྩ་འཁོར་མཆོད་ལྷ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས་ལྷ་མིའི་དཔལ་ཡོན༔ ཁྲག་ཆུ་སེར་ཆུ་བོ་ཆར་རྒྱུན༔ ཨོལ་ཀྲོང་ཤེལ་གྱི་མཆོད་རྟེན༔ མིད་པ་གང་གཱའི་ཆུ་རྒྱུན༔ མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་༔ སོ་མ་རྨོས་པའི་ལོ་ཏོག༔ སྣ་སྒྲ་གཅན༔ མིག་ཉི་ཟླ༔ རྣ་བ་གཟུགས་མེད༔ ཀླད་པ་ལྷའི་བདུད་རྩི༔ བ་སྤུ་ལྷ་ཀླུ་མིའི་ལོངས་སྤྱོད་དཔལ་ཡོན་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་ལ་འབུལ་བ་ནི་ནང་གི་མཎྜལ༔ ཀུན་གཞི་གསེར་གྱི་ས་གཞི༔ ཉོན་ཡིད་རི་རྒྱལ༔ ཚོགས་བརྒྱད་གླིང་བཞིའི་གླིང་ཕྲན༔ ཡིད་ཉི་ཟླ༔ སེམས་བྱུང་འདོད་རྒུའི་དཔལ་ཡོན་དུ་སྤྲུལ་ནས་འབུལ་བ་གསང་བའི་མཎྜལ་སྟེ༔ དེ་ཡང་རང་གཞན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཕྱིར་དམིགས་ནས་འབུལ་བ་ནི་བསམ་པའི་གནད་དེ་བདུན་པའོ༔ དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ནི༔ ཕཊ༔ སྐུ་གསུམ་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་འབུལ༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་མཐོལ་ལོ་བཤགས༔ རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ རྒྱལ་རྣམས་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ མ་ལུས་ཕྱམ་གཅིག་སངས་རྒྱས་ས་ཐོབ་ཤོག༔ ཅེས་བརྗོད་ཅིང་༔ མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པར་ཚོགས་ཀྱི་ཞིང་དུ་དམིགས་ནས་དེ་དག་གི་མདུན་དུ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང་༔ རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཆགས་འཛིན་མེད་པར་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་དམིགས་ནས་མཆོད་པ་འབུལ་བ་དང་༔ ཚེ་རབས་ཐམས་ཅད་དུ་བསགས་པའི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་སྡོམ་བགྱིད་པ་དང་༔ སོ་སྐྱེ་ཉན་རང་བྱང་སེམས་འཕགས་པ་རྣམས་ཀྱི་ལམ་དང་རྣམ་དཀར་གྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་༔ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྤྱན་སྔར་རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་གསེར་གྱི་འཁོར་ལོ་དུང་དཀར་གཡས་འཁྱིལ་རིན་ཆེན་སྣ་བདུན་རྣམས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏེ་གནང་བར་བསམ་པ་དང་༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འགྲོ་ཁམས་རྒྱ་མཚོ་མ་སྟོངས་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་རྩེ་གཅིག་ཏུ་གདབ་ནས་རྗེས་སུ་གནང་བར་བསམ་པ་དང་༔ རང་གིས་དུས་གསུམ་དུ་དགེ་བའི་རྩ་བ་བྱས་པ་བྱེད་འགྱུར་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་སྟེ༔ ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པའི་གནད་ཡང་དག་པའོ༔ ཞེས་སྐབས་བརྒྱད་པའོ༔ དེ་ནས་སྐུ་གསུམ་སྒོམ་བཟླས་ཉམས་སུ་ལེན་པ་ནི༔ ཕཊ༔ སྐད་ཅིག་གིས་སྣང་བ་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་ཞིང་ཁམས་རྣམ་པར་དག་པའི་དབུས་སུ་མ་ཆགས་པདྨ་འདབ་བརྒྱད་ཉི་ཟླའི་གདན་ལ་རང་ཉིད་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ ཞབས་གཉིས་གར་སྟབས་མཛད་པའི་སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ ཤིན་ཏུ་ཁྲོས་པའི་ཉམས་དང་ལྡན་པ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དུ་བཞུགས་པའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཡི་གེ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་གྱུར༔ དེའི་སྤྱི་བོར་ལོངས་སྐུ་རྡོ་རྗེ་ཕག་མོ་དམར་གསལ་གྲི་ཐོད་ཅན་ཞབས་གཉིས་པད་ཟླའི་གདན་ལ་གར་སྟབས་བསྒྱུར་བ་ཡེ་ཤེས་ཀྱི་མེ་དང་འོད་ཕུང་རབ་ཏུ་འཁྲིགས་པའི་ཀློང་དུ་བསྐྱེད་དོ༔ དེའི་སྤྱི་བོར་ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་མོ་མཐིང་ནག་གཅེར་བུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་ཕྱག་གཉིས་ས་གནོན་མཛད་པ་ཡེ་ཤེས་འོད་ཐིག་ཟླུམ་པོ་གཏིང་གསལ་གྱི་ཀློང་དུ་བསྐྱེད་དོ༔ རིགས་ཀྱི་བདག་མོ་ཆོས་ཀྱི་སྐུ་དང་ལོངས་སྐུ་གཉིས་ཀྱི་ཐུགས་ཀར་ཨ་ཡིག་དང་བྃ་ཡིག་དཀར་དམར་གསལ་བ་ལ་ཡང་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ནས་འོད་གསལ་ཀ་དག་གི་སྐུར་སད་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མང་དུ་བཟླས་མཐར༔ རིགས་བདག་རྡོ་རྗེ་ཕག་མོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་ལྡན་དྲོད་དང་ལྡན་པ་ཝལ་གྱིས་བྱུང་ནས་བདག་ཉིད་ཁྲོས་མའི་ཐུགས་ཀར་ཐིམ་པས་འོད་ཀྱི་ཐིག་ལེ་དཀར་པོར་གྱུར་ནས་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀར་ཐིམ་པས༔ རང་ཉིད་རྡོ་རྗེ་ཕག་མོའི་ཐུགས་ཀར་བྃ་དམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་ཁམས་གསུམ་གྱི་བག་ཆགས་ལས་ཉོན་ཐམས་ཅད་སངས་ཀྱིས་དག་ནས་ཁམས་གསུམ་དག་པའི་ཞིང་དང་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་དམིགས་ལ༔ ཨོཾ་བཛྲ་ཝ་ར་ཧི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རིགས་བདག་ཀུན་ཏུ་བཟང་མོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཞིག་པར་བསམ༔ ཨོཾ་བཛྲ་ཝ་ར་ཧི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་མཐར༔ ཡུམ་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་འཕྲོས་པ་བདག་ཉིད་རྡོ་རྗེ་ཕག་མོའི་ཐུགས་ཀར་ཐིམ་པས་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀར་ཐིམ་པས༔ བདག་ཉིད་ཀུན་ཏུ་བཟང་མོའི་ཐུགས་ཀར་ཨ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་འཁོར་བ་མྱང་འདས་ཆེན་པོའི་ཀློང་དུ་བཤིགས་ཤིང་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་པའི་བདག་ཉིད་དུ་གྱུར༔ ཨོཾ་བཛྲ་ས་མནྟ་བྷ་དྲ་ཨོཾ༔ ཞེས་བཟླས་པས༔ འཁོར་འདས་མཉམ་བརྡལ་གྱི་ཀློང་ཆེན་པོར་རིག་པས༔ རྩ་སྔགས་མཐར༔ དྷརྨ་ཀཱ་ཡ་ས་མ་ཏི་སིདྡྷི་ཨ་ཨ་ཨཱཿཅི་ནུས་བཟླས་མཐར་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག༔ དེ་ལྟར་བསྒོམ་བཟླས་བྱེད་པའི་སྐབས་སུ་སེམས་གཞན་དུ་མ་ཡེངས་པར་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བསྲེས་ཏེ་སྣང་སྲིད་དག་པ་རབ་འབྱམས་ཀྱི་ངང་དུ་ལམ་ཁྱེར་བྱ་བ་གནད་དམ་པ་སྟེ་དགུ་པའོ༔ དེ་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་དབང་གིས་སྨིན་པར་བྱ་བ་བླ་མའི་རྣལ་འབྱོར་ལ༔ ཕཊ༔ རང་སྣང་རྣམ་དག་ཆོས་ཀྱི་དབྱིངས་ཆེན་པོ༔ བདེ་ཆེན་འཕོ་འགྱུར་མེད་པའི་ཞིང་ཁམས་སུ༔ རང་རིག་ཡེ་ཤེས་ཁྲོས་མ་དམར་གསལ་མཛེས༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས༔ ཞབས་གཉིས་གར་སྟབས་རུས་རྒྱན་མེ་དཔུང་འབར༔ མདུན་གྱི་ནམ་མཁར་འཇའ་འོད་ཐིག་ལེའི་ཀློང་༔ བརྒྱུད་གསུམ་བླ་མ་ཡོངས་འདུས་བདག་ཉིད་དཔལ༔ རྩ་བའི་བླ་མ་རྡོ་རྗེ་ཕག་མོའི་སྐུ༔ ཕྱག་གཡས་གྲི་གུག་གཡོན་པས་བྷན་ཐོད་བསྣམས༔ ཞབས་གཉིས་གར་སྟབས་རུས་པའི་རྒྱན་དྲུག་གསོལ༔ སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར༔ ཞི་འཛུམ་མདངས་ལྡན་མཚན་དཔེའི་ལང་ཚོས་མཛེས༔ སྤྱི་བོར་ཀུན་ཏུ་བཟང་མོ་མཉམ་གཞག་བཞུགས༔ མཐའ་བསྐོར་སངས་རྒྱས་བྱང་སེམས་རིག་འཛིན་ཚོགས༔ མ་འདྲེས་ཡོངས་རྫོགས་ཏིལ་གོང་ཕྱུར་བཞིན་གསལ༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་དབྱེར་མེད་རོལ༔ ཧཱུྃ༔ གླིང་གི་གླིང་མཆོག་དག་པ་མཁའ་སྤྱོད་གླིང་༔ གནས་ཀྱི་མཆོག་གྱུར་འོག་མིན་ཆོས་དབྱིངས་ནས༔ བརྒྱུད་གསུམ་བླ་མ་ཡོངས་འདུས་རིན་པོ་ཆེ༔ མཁའ་སྤྱོད་དབང་མོའི་རྣམ་རོལ་གར་བསྒྱུར་གྱིས༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བདག་རྒྱུད་སྨིན་གྲོལ་ནུས་པར་བྱིན་གྱིས་རློབས༔ འབྲལ་མེད་རྗེས་སུ་ཟུངས་ལ་དབུགས་དབྱུང་མཛོད༔ གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཕཊ༔ དུས་གསུམ་སངས་རྒྱས་ཡོངས་འདུས་བདག་ཉིད་དཔལ༔ བཀའ་དྲིན་འཁོར་མེད་བླ་མ་རིན་པོ་ཆེ༔ ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྡོ་རྗེ་འཛིན༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་རྫོགས་པའི་གཏེར༔ སྐྱེ་འགྲོ་སྲིད་ལས་སྒྲོལ་བའི་དཔའ་བོ་ཆེ༔ བཀའ་དྲིན་ཡོན་ཏན་དྲན་པའི་མོས་གུས་ཀྱིས༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དབྱིངས་ལས་དགོངས་པ་བསྐྱོད་ལ་ཞལ་གྱིས་ཕྱོགས༔ དུས་གསུམ་རྒྱུན་ཆད་མེད་པར་མཁྱེན་བརྩེས་དགོངས༔ བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་འཛིན་ཞེན་པ་བྲལ་བས་ཁྱེད་ལ་འབུལ༔ སྒོ་གསུམ་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གཏན་གྱི་མགོན་པོ་ཁྱེད་ལ་རྟེན་བཅའོ༔ སྐྱབས་གནས་བསླུ་མེད་ཁྱེད་ལ་སྐྱབས་མཆི་ཞིང་༔ མཐོང་ཐོས་དྲན་རེག་རྣམ་འདྲེན་དེད་དཔོན་ལ༔ དུས་གསུམ་འཕོ་འགྱུར་མེད་པའི་དད་གུས་ཀྱིས༔ ཕྱག་འཚལ་སྣང་སྲིད་བློ་ཡིས་བླངས་ཏེ་འབུལ༔ ཉེས་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་ཞིང་བཞུགས་པར་གསོལ༔ འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་གྱུར་ཅིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ ཐུགས་རྗེས་ཟུངས་ཤིག་ཡེ་ཤེས་མཁའ་འགྲོ་མ༔ བྱིན་གྱིས་རློབས་ཤིག་འགྲོ་བའི་མགོན་པོ་མཆོག༔ དལ་འབྱོར་དོན་དང་ལྡན་པར་བྱིན་གྱིས་རློབས༔ འཆི་བ་སྙིང་ནས་དྲན་པར༴ བླང་དོར་གནས་ལ་མཁས་པར༴ འཁོར་བར་ཞེན་པ་ལོག་པར༴ དགོས་མེད་རྒྱུད་ལ་སྐྱེ་བར༴ ཟོལ་མེད་རང་རྒྱུད་ཐུལ་བར༴ ཆགས་མེད་རྒྱུད་ལ་བརྟན་པར༴ གྲོགས་མེད་བློ་བདེ་དྲན་པར༴ ངེས་མེད་གཉན་ཁྲོད་ཟིན་པར༴ བྱར་མེད་རི་ཁྲོད་ཐུབ་པར༴ འཕྱུགས་མེད་ཆོས་ཚུགས་ཟིན་པར༴ འགྱུར་མེད་མོས་གུས་བརྟན་པར༴ ཉམས་མེད་ངེས་འབྱུང་སྐྱེ་བར༴ འབྲལ་མེད་བླ་མ་དྲན་པར༴ གཞོལ་མེད་དངོས་གྲུབ་ཐོབ་པར༴ འཇིགས་མེད་གདིང་ཆེན་ཐོབ་པར༴ སྣང་བ་བདེན་མེད་རྟོགས་པར༴ བདག་མེད་ཤེས་རབ་རྟོགས་པར༴ ཡུལ་མེད་ཟང་ཐལ་མཐོང་བར༴ འཁྲུལ་མེད་བཙན་ས་ཟིན་པར༴ ཡེངས་མེད་ཁོར་ཡུག་འདྲེས་པར༴ སྒོམ་མེད་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབས༔ བཅོས་མིན་གནས་ལུགས་རང་གཞིའི་ཞལ་མཐོང་ནས༔ སྐུ་བཞིའི་བདག་ཉིད་དཔལ་དུ་གདིང་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ དབང་བཞི་ལེན་པ་ལ༔ ཕ་བླ་མ་དུས་གསུམ་སངས་རྒྱས་མཁྱེན༔ བུའི་ལུས་དང་རྩ་ཡི་སྒྲིབ་པ་སྦྱང་༔ སྐུ་བུམ་པའི་དབང་གིས་རབ་སྨིན་ནས༔ ལུས་སྤྲུལ་པའི་སྐུ་རུ་བསྒྱུར་དུ་གསོལ༔ ད་རྣམ་སྨིན་རིག་འཛིན་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ ཕ་བླ་མ་དུས་གསུམ་སངས་རྒྱས་མཁྱེན༔ བུའི་ངག་དང་རླུང་གི་སྒྲིབ་པ་སྦྱང་༔ གསུང་གསང་བའི་དབང་གིས་སྨིན་གྲོལ་ཏེ༔ ངག་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ ད་ཚེ་དབང་རིག་འཛིན་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ ཕ་བླ་མ་དུས་གསུམ་སངས་རྒྱས་མཁྱེན༔ བུའི་ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱང་༔ ཐུགས་ཤེས་རབ་དབང་གིས་སྨིན་གྲོལ་ནས༔ སེམས་ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ ད་ཕྱག་རྒྱའི་རིག་འཛིན་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ ཕ་བླ་མ་དུས་གསུམ་སངས་རྒྱས་མཁྱེན༔ བུའི་སྒྲིབ་གཉིས་བག་ཆགས་སྦྱང་དུ་གསོལ༔ དོན་ཚིག་དབང་ཆེན་པོས་སྨིན་གྲོལ་ནས༔ ཀློང་སྐུ་བཞིའི་དཔལ་དུ་དབུགས་དབྱུང་མཛོད༔ ད་ལྷུན་གྲུབ་རིག་འཛིན་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ ཕ་བླ་མའི་དགོངས་རྒྱུད་ཀློང་ཆེན་པོ༔ འོད་མཐིང་ནག་རྣམ་པར་བདག་ལ་ཐིམ༔ གཤིས་རྫོགས་པ་ཆེན་པོའི་ཀློང་དུ་སད༔ གཞི་ཀ་དག་ངང་དུ་གཉིས་མེད་རོལ༔ ངང་གཞོན་ནུ་བུམ་སྐུར་བྱང་ཆུབ་བོ༔ ད་འཁོར་འདས་དག་མཉམ་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ སྐད་ཅིག་དེ་ཉིད་ལ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་ཞིག་ནས་བདེ་ཆེན་འཕོ་འགྱུར་བྲལ་བ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ་ཞབས་གཉིས་གར་སྟབས་མཛད་ཅིང་པད་ཉིའི་གདན་ལ་རོལ་པ༔ སྐུ་གཅེར་བུ་རུས་རྒྱན་དང་པད་དཀར་ཕྲེང་བས་དོ་ཤལ་མཛད་ཅིང་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ༔ འོད་ཟེར་གྱི་མདངས་འོད་འཁྲིགས་པ་སྣང་ལ་རང་བཞིན་མེད་པ་གསལ་ལ་དེར་འཛིན་བྲལ་བ་ཆུ་ཟླ་དང་གཟུགས་བརྙན་རྨི་ལམ་ལྟ་བུར་གསལ་བའི༔ མདུན་གྱི་ནམ་མཁར་པདྨ་དང་ཉི་མའི་གདན་ལ་བརྒྱུད་གསུམ་བླ་མ་མ་ལུས་ཤིང་ལུས་པ་མེད་པ་ཡོངས་སུ་འདུས་པའི་བདག་ཉིད་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་མ་ཅིག་རྡོ་རྗེ་ཕག་མོ་དམར་སེར་ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་དང་གཡོན་པས་ཐོད་ཁྲག་ཐོགས་པ༔ ཞབས་གཉིས་གར་སྟབས་མཛད་ཅིང་རུས་པའི་རྒྱན་དྲུག་དང་དུར་ཁྲོད་ཀྱི་ཆས་རྫོགས་པ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་འགྱིང་བའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་མོ་གཅེར་བུ་མཉམ་གཞག་མཛད་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ༔ དེའི་མཐར་སྐོར་དུ་རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་རང་ཅག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས་བཞུགས་པར་བསྒོམ༔ དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པ་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག་ཉི་མ་འབུམ་གྱི་འོད་ལྟར་འབར་ཞིང་དབང་དང་ཡེ་ཤེས་ཆེན་པོའི་མཛོད་དུ་དམིགས་ལ༔ དད་པ་དང་མོས་གུས་ཐང་ལྷོད་མེད་པའི་ངང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་མཐར་དབང་བཞི་ལེན་པའི་དམིགས་པ་འདི་ལྟར་བྱའོ༔ བླ་མའི་དཔྲལ་བར་ཨོཾ་དཀར་པོ་བཅོ་ལྔའི་ཟླ་བ་ལྟར་འབར་བ་ལས་ཨོཾ་དཀར་འོད་ཟེར་དང་བཅས་པ་ནམ་མཁའི་སྐར་མདའ་ཆད་པ་ལྟར་འཕྲོས་རང་གི་སྤྱི་བོ་ནས་ལུས་ལ་ཞུགས༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་སྦྱངས༔ སྐུ་བུམ་པའི་དབང་ཐོབ༔ ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས༔ སྤྲུལ་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ༔ མགྲིན་པའི་ཨཱཿདམར་པོ་ལས་ཨཱཿདམར་འོད་ཟེར་དམར་པོ་དང་བཅས་པ་ནམ་མཁའི་གློག་ཞགས་འཁྱུག་པ་ལྟར་བྱུང་ནས་རང་གི་མགྲིན་པར་ཐིམ་པས༔ ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྦྱངས༔ གསུང་གསང་བའི་དབང་ཐོབ༔ ངག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབས༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ༔ ཐུགས་ཀའི་ཧཱུྃ་མཐིང་ནག་ལས་ཧཱུྃ་ཡིག་མཐིང་ནག་འོད་ཟེར་དང་བཅས་པ་ནམ་མཁའི་སྤྲིན་ཕུང་འཐིབས་པ་ལྟ་བུ་འཕྲོས་ཏེ་བདག་གི་སྙིང་གར་ཐིམ་པས༔ ཡིད་ཀྱི་སྒོ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་པར་སྦྱངས༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས༔ སེམས་ཀ་དག་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ༔ སླར་ཡང་བླ་མའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་རང་གི་གནས་ལྔར་ཐིམ་པས༔ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས་ཚིག་དབང་རིན་པོ་ཆེ་ཐོབ༔ སེམས་དང་སྣང་བ་ངོ་བོ་ཉིད་དུ་འཕོས༔ དོན་གཉིས་ལྷུན་གྲུབ་ཀྱི་དཔལ་དུ་བྱིན་གྱིས་བརླབས༔ ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསྒོམ༔ དེ་ནས་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཐིག་ལེ་མཐིང་ནག་འོད་དང་བཅས་པའི་རྣམ་པར་བདག་གི་སྙིང་གར་ཐིམ་པས༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར༔ རིག་པའི་རྩལ་དབང་ཐོབ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱས༔ རིག་འཛིན་རྣམ་བཞིའི་གོ་འཕང་གཅིག་ཆར་ཏུ་རྫོགས༔ རང་འོད་དམར་གྱི་ཐིག་ལེ་ཞིག་ཏུ་གྱུར་ནས་བླ་མ་རིན་པོ་ཆེའི་ཐུགས་ཀར་ཐིམ༔ དེ་ཆོས་སྐུ་འཕོ་འགྱུར་མེད་པའི་ལྷུམས་སུ་ཞུགས་པས་ཀ་དག་སྐྱེ་མེད་ཁྱབ་བརྡལ་གྱི་ངང་དུ་ལྷུག་པར་བཞག༔ སྐབས་འདིར་འཕོ་བ་ཡེ་ཤེས་སྒོ་འབྱེད་སྦྱར་རོ༔ སྐབས་བཅུ་པའོ༔ དེ་ནས་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་སྐོར་ལས་དང་པོ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཏན་ལ་དབབ་པ་ནི༔ དང་པོ་ལུས་ངག་ཡིད་གསུམ་གྱི༔ གཙོར་བརྟག་ངོས་བཟུང་རྣལ་དུ་དབབ༔ དེ་ནས་སེམས་ཀྱི་ཁ་དོག་དབྱིབས༔ རྟག་ཆད་མཐའ་བསལ་རྣལ་དུ་དབབ༔ སླར་ཡང་དྲན་པ་རྣམ་རྟོག་ཏུ༔ དབྱེ་བ་ངོ་སྤྲོད་ལམ་དུ་ཞུགས༔ དེ་ནས་གཅིག་འདྲེས་རྩེ་གཅིག་དང་༔ ཡུལ་དུ་ཤར་འཕྲོ་ཀློང་ནས་གཡོ༔ དྲན་པ་རང་ཚུགས་བརྟན་པ་ཞེས༔ སྟོང་ཉིད་ངང་ལ་ཤར་རིག་གསལ༔ དྲན་སྟོང་མལ་དུ་འཁོད་པ་སྟེ༔ དྲན་པ་སྤྲོས་མེད་ངང་དུ་ཞིག༔ ངོ་བོ་ངང་གནས་རང་ཤེས་དེ༔ ལམ་དུ་ཞུགས་པ་རིག་པར་བརྗོད༔ དེ་ནས་གནས་ལུགས་གཏན་ཕབ་ནས༔ ལྟ་སྒོམ་སྐྱོན་གྱི་རྩ་བ་བསལ༔ སྐྲ་དང་བ་སྤུ་ང་མ་ཡིན༔ ཤ་དང་རུས་པ་ང་མ་ཡིན༔ ཁྲག་དང་ཆུ་སེར་ང་མ་ཡིན༔ སོ་དང་སེན་མོ་ང་མ་ཡིན༔ ནང་རོལ་དྲི་གཤང་ང་མ་ཡིན༔ དེ་བཞིན་མགོ་བོ་རྐང་ལག་དང་༔ ལྷུ་ཚིགས་ངོས་ན་རང་རང་གི༔ གདག་གཞི་ཡུལ་མེད་ལས་འདུག་གམ༔ དེ་བཞིན་སྣོད་བཅུད་འདོད་ཡོན་ལྔ༔ རང་རང་ངོས་ནས་མིང་གདག་གཞི༔ མི་འགྱུར་མི་ཤིགས་རྟག་པ་ཡི༔ དངོས་མཚན་གྲུབ་ན་ཁྱོད་བདེན་འདོད༔ ཁྱེད་ཀྱིས་རང་ཡུལ་བདེན་ཞེན་གྱི༔ འབྱུང་དང་འབྱུང་བ་ལས་འགྱུར་བའི༔ གཟུགས་ལ་མི་འགྱུར་རྡོ་རྗེ་ཡི༔ མཚན་ཉིད་ཚང་ན་དེ་ཡང་འདོད༔ བཤིགས་བཏུལ་གཏོར་ན་མི་འགྱུར་རམ༔ རྡུལ་དང་རྡུལ་ཕྲན་ཆ་མེད་ནས༔ གནས་ཡུལ་གང་དུ་སོང་ལ་ལྟོས༔ སྒྱུ་མའི་དཔེ་བཅུ་དང་མཚུངས་པས༔ སྣང་ནས་སྣང་ངོས་སྟོང་པས་ན༔ ཡུལ་མེད་ཡུལ་དུ་ཅི་ལ་འདོད༔ ཉིན་སྣང་བ་དང་ཕ་གི་བ༔ བདེན་པར་འཛིན་པ་ཁྱོད་བདེན་ན༔ རྨི་སྣང་རྨི་ཚེ་རྨི་དུས་སུ༔ བདེན་མེད་ཤེས་ན་ཁྱོད་བདེན་མོད༔ ཉིན་ངོས་ཉིན་སྣང་བདེན་ལྟ་ཞིང་༔ རྨི་ངོས་རྨི་སྣང་བདེན་ལྟ་ན༔ ཉིན་སྣང་རྨི་དུས་གང་དུ་བཞག༔ ཤི་ནས་ཡུལ་དུ་རོ་སྟོར་རམ༔ ཉིན་དུས་རྨི་སྣང་གང་དུ་ཐལ༔ རྨི་ཡུལ་སྐྱེ་འགྲོ་ཅི་ལས་བྱུང་༔ རྨི་ལམ་གཟུགས་ཕུང་གང་དུ་ཡིབ༔ འདི་སྣང་རྒྱུ་རྐྱེན་ལས་བྱུང་ལུས༔ བོར་ནས་ཕ་རོལ་འགྲོ་བ་ཡི༔ མི་དེའི་ཕ་མ་རྒྱུ་རྐྱེན་གང་༔ ད་ལྟ་རྒྱུ་རྐྱེན་ལུས་གཟུགས་ལ༔ ནད་དང་སྡུག་བསྔལ་འབྱུང་དུ་དོགས༔ འདི་དང་བྲལ་ན་སུ་ཡིས་ལེན༔ དེ་བཞིན་དུས་གསུམ་འབྱུང་བ་ཡི༔ རང་བཞིན་མཉམ་པ་ཉིད་དུས་ཉིད༔ མ་མྱོང་མྱོང་བའི་སྣང་བ་ལ༔ བདེན་འཛིན་འདས་པའི་དུས་སུ་འཛིན༔ མ་འབྱུང་འབྱུང་བའི་སྣང་བ་ལ༔ མ་འོངས་དུས་ཉིད་འབྱུང་བ་ཡིན༔ མ་གྲུབ་འཁྲུལ་པའི་སྣང་ཆ་ལ༔ དངོས་ཞེན་ད་ལྟའི་དུས་བྱུང་ངོ་༔ དེ་ཕྱིར་ཡུལ་སྣང་གཏན་ཕབ་ན༔ འཁྲུལ་པའི་རྫུན་ཕུག་ཅིས་མི་བརྡིབ༔ རེ་ཡུལ་སངས་རྒྱས་བཟང་པོ་ནི༔ སྣོད་བཅུད་འཛིན་ན་མ་སངས་པ༔ སངས་རྒྱས་མཚན་ཉིད་མེད་པ་ལ༔ མཚན་ཉིད་གདགས་པ་མ་རིག་པ༔ མ་རིག་སྒོང་སྦུབས་ལས་སངས་ནས༔ ཡེ་ཤེས་རང་མདངས་རྒྱས་པ་ཉིད༔ ཕྱོགས་མེད་རྒྱ་ཡན་ཁྱབ་བརྡལ་མཉམ༔ མཁྱེན་གཟིགས་ངང་ལས་འཕྲུལ་ཡང་སྣང་༔ དེ་ལ་དབང་པོ་དང་ཡང་བྲལ༔ གཟུགས་རྫས་མཚན་མ་སྣོད་བཅུད་མིན༔ གཟུགས་རྫས་མཚན་མ་སེམས་ཅན་ཞེས༔ སྣོད་བཅུད་སེམས་ཅན་སྣང་བ་སྟེ༔ སངས་རྒྱས་སེམས་ཅན་ཅི་ལ་བལྟ༔ ལྟ་ན་ཁྱད་འཕགས་མེད་པས་གང་༔ བདེ་ཉམས་ཙམ་ལས་མི་འཕགས་ན༔ གཟུགས་ཁམས་ཙམ་དུ་ལ་བཟླའམ༔ ཡང་ན་ཚེ་རིང་ཞེས་ཟེར་རམ༔ ཡང་ན་བདེ་སྐྱིད་ཅེས་ཟེར་རམ༔ ཡང་ན་གྲོགས་བཟང་ཞེས་ཟེར་རམ༔ ཡང་ན་གནས་བཟང་ཞེས་ཟེར་རམ༔ ཡང་ན་གཟུགས་མཛེས་ཞེས་ཟེར་རམ༔ ཡང་ན་རྫུ་འཕྲུལ་ཆེ་ཟེར་རམ༔ དེ་ནི་གཟུགས་ཁམས་ལྷ་མིན་ནམ༔ སངས་རྒྱས་གཉིས་འཛིན་མེད་པའི་དོན༔ སངས་རྒྱས་ངར་འཛིན་མེད་པའི་དོན༔ སངས་རྒྱས་རྟེན་འབྲེལ་ལས་འདས་དོན༔ སངས་རྒྱས་ཚོགས་ཡུལ་ལས་འདས་དོན༔ སངས་རྒྱས་སྤྲོས་པ་བྲལ་བའི་དོན༔ སངས་རྒྱས་རྣམ་ཐར་སྒོ་གསུམ་དོན༔ སངས་རྒྱས་གཟུང་འཛིན་ཞིག་པའི་དོན༔ སངས་རྒྱས་དུས་ལས་འདས་པའི་དོན༔ སངས་རྒྱས་ཕྱོགས་མཐའ་ཡས་པའི་དོན༔ སངས་རྒྱས་སྐུ་བཞིའི་བདག་ཉིད་དོན༔ དེ་ཡང་གཟུགས་སུ་སུ་ཡིས་བལྟ༔ སངས་རྒྱས་གཞོན་ནུ་བུམ་སྐུའི་དོན༔ དེ་ཡང་རྫས་སུ་གང་གིས་འཛིན༔ སངས་རྒྱས་འཁོར་འདས་འུབ་ཆུབ་དོན༔ ཕྱི་དང་ནང་དུ་ཅི་ལ་བལྟ༔ སངས་རྒྱས་བྱང་ཆུབ་སེམས་ཀྱི་དོན༔ བློ་ཡིད་ཙམ་དུ་སུས་ཡིད་རྟོན༔ སངས་རྒྱས་རྒྱ་མ་ཆད་པའི་དོན༔ ཕྱོགས་དང་འཕྲོ་འདུ་ག་ལ་རློམ༔ སངས་རྒྱས་ཐིག་ལེ་ཉག་གཅིག་དོན༔ དབྱིབས་དང་ཁ་དོག་གང་གིས་འཆད༔ སངས་རྒྱས་སེམས་ཅན་ཀུན་ཡིད་གནས༔ སེམས་ཅན་ངོ་བོ་ཆོས་ཀྱི་སྐུ༔ ངོ་བོ་ཉིད་ལས་མི་གཞན་ཉིད༔ ཤེས་རབ་མིག་ལྡན་དག་གིས་སྤྱོད༔ ལོང་བས་འོལ་ཚོད་སྤྱོད་ཡུལ་མིན༔ ཡུལ་ནས་ཡུལ་དུ་བགྲོད་པ་ཡི༔ བྱིས་པས་བགྲོད་སླེབ་ཞིང་ཁམས་ལ༔ དོན་དམ་འཛིན་པ་འབྲོག་དགོན་ཟིན༔ ཀུན་རྫོབ་དོན་དམ་ཤན་འབྱེད་པའི༔ ཤེས་རབ་མིག་འབྲས་ཟུམ་པ་ཕྱེས༔ སངས་རྒྱས་རང་རྒྱུད་པར་མ་གོལ༔ དོགས་ཡུལ་ཁམས་གསུམ་འཁོར་བའི་གནས༔ རང་བཞིན་སྟེང་ན་བག་ཆགས་འཐས༔ ང་ལས་ཕྱི་ཡུལ་གྲུབ་པ་སྟེ༔ གནས་འགྱུར་ངང་ལས་གཞན་སྣང་བ༔ བདེན་འཛིན་ཨ་འཐས་ཐེར་ཟུག་བརྟན༔ དེ་ལས་མངོན་གྲུབ་བྱུང་གཞན་ན༔ ལྕགས་སྲེགས་ས་གཞི་སུ་ཡིས་བྱས༔ མཚོན་ཆ་དམྱལ་མི་གང་ལས་བྱུང་༔ དེ་བཞིན་བསྐལ་པར་ཉམ་ཐག་པའི༔ སྡུག་ཐེག་བཀྲེས་སྐོམ་ཁུར་ལེན་པའི༔ ལྟོ་ཆེ་ཡན་ལག་རབ་ཕྲ་ཞིང་༔ ཁ་བྱིལ་པོ་དག་སུ་ཡི་བུ༔ དེ་ལྟར་འགྲོ་བའི་གནས་ཡུལ་བདག༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་༔ མ་བརྟག་པ་ན་བདེན་གྲུབ་ཅན༔ བརྟག་ན་ཐམས་ཅད་རྫུན་དུ་ཟད༔ འདི་ལྟར་སྣང་བའི་ཆོས་སོ་ཅོག༔ གནས་འགྱུར་ངང་ལས་གཉིས་སུ་མེད༔ གཉིས་མེད་ངང་དུ་མཉམ་པར་ལྟོས༔ འཁོར་ལས་འཁོར་བར་འཁོར་དུ་མེད༔ སྣང་ལས་ཡུལ་ཁ་བརྒྱུད་དུ་མེད༔ ཁྱོད་ཀྱིས་དེ་ལྟར་ཁ་བརྒྱུད་ནས༔ སྡུག་བསྔལ་ཉམས་སུ་མྱོང་གྱུར་ན༔ ད་དུང་མི་ཉམས་མི་ཟད་པའི༔ སྲ་མཁྲེགས་འགགས་མེད་དེ་ཅིའི་ཕྱིར༔ སྣང་སེམས་འཁྲུལ་པར་སྦུན་པ་ཡིས༔ དཀར་ནག་ལས་འབྲས་འཁོར་བའི་རྒྱུ༔ མ་ནོར་གདོན་མི་ཟ་བར་ཤར༔ བདེ་སྡུག་སོ་མི་ཟིན་པར་སྨིན༔ དེ་ལས་གཞན་དུ་མི་བལྟ་གནད༔ གཞན་ཡང་སྟོང་པ་འཇིགས་བྲལ་ལ༔ སྐྱོབ་བྱེད་ལྷ་ཡིས་ཇི་ལྟར་བསྐྱབ༔ གནོད་བྱེད་བགེགས་ཀྱིས་ཇི་ལྟར་མནར༔ སྟོང་ན་དངོས་པོས་གནོད་ཡུལ་གང་༔ དངོས་པོས་སྟོང་ན་ཇི་ལྟར་གཞིག༔ ལུས་མེད་ལུས་ལ་ཅི་བྱས་གནོད༔ ལུས་ཀྱིས་ལུས་མེད་ཇི་ལྟར་གསོད༔ དངོས་མེད་དངོས་ཅན་སྐྱབས་ཚུལ་ཅི༔ དེ་བཞིན་གཟུགས་ཅན་མེད་ལ་མིན༔ གཟུགས་ཀྱིས་གཟུགས་ཅན་སྐྱབས་མི་སྦྱིན༔ གཟུགས་མེད་པས་ཀྱང་དེ་ལྟར་སྟེ༔ བདེ་སྡུག་སུས་ཀྱང་སྦྱིན་ལེན་མེད༔ འཁྲུལ་སྣང་ཉམས་ཀྱི་རི་མོ་རུ༔ རྒྱུ་འབྲས་དཀར་ནག་དཔེ་དེས་བྱས༔ འཁོར་བ་ཐམས་ཅད་ཀུན་རྫོབ་དང་༔ དེ་ལས་འདས་པ་དོན་དམ་པར༔ མཁས་པ་ས་ར་ཧ་ངས་བརྗོད༔ སྣང་སེམས་རང་ལ་ཀུན་རྫོབ་དང་༔ ངོ་བོ་ཉིད་ལ་དོན་དམ་པར༔ མཁས་པ་གཞན་གྱིས་ཀྱང་སྟོན་ཏོ༔ སྔར་བྱས་ལས་ཉོན་བག་ཆགས་སྒྲིབ༔ དགེ་བའི་ལས་གསོག་ལས་རྣམས་ཀུན༔ སྟོང་པའི་ཡུལ་ལ་ཕན་གནོད་ཀྱི༔ བྱ་བྱེད་གང་གི་ཐད་དུ་གདའ༔ བསགས་པ་གང་དུ་འདུག་ལ་ལྟོས༔ ཡུལ་མེད་པས་ན་ཅི་བྱར་ཡོད༔ དེ་ལྟར་སྣང་བ་རང་སྟོང་ཆོས༔ ཤེས་ཀྱང་གནས་ལུགས་ཡིན་ལུགས་སུ༔ ངོ་མི་ཤེས་ན་དོན་གྲུབ་མེད༔ དེ་ཕྱིར་ངོ་ཤེས་གདིང་ཐོབ་གནད༔ ཡེ་གཞི་བདེ་གཤེགས་སྙིང་པོ་ཉིད༔ རང་བྱུང་ཤེས་རབ་ཀྱིས་བརྡལ་ན༔ ཆོས་སྐུ་གཏིང་གསལ་ཆེན་པོ་སྟེ༔ མིག་ལ་མ་རིག་རྡུལ་ཕོག་ནས༔ མིག་རྡུལ་འདྲེས་པ་འཁོར་བའི་གཞི༔ ལོང་བའི་སྤྱོད་འགྲོས་ལྟར་དུ་དུབ༔ དེ་ལས་ངར་འཛིན་འཆིང་བའི་ཡུལ༔ སྣོད་བཅུད་འདོད་ཡོན་ཆོས་ཀུན་ཤར༔ ང་ལས་བདག་ཉིད་གཟུགས་སུ་གྲུབ༔ གཟུགས་ལ་ཁྱིམ་བྱས་བདག་པོ་ཡིད༔ སྒོ་ལྔར་ཞུགས་པའི་རྣམ་པར་ཤེས༔ སྔ་མའི་ངར་འཛིན་དེས་བསྐྱེད་པས༔ བདག་གཞན་གཟུང་བ་ཡུལ་དུ་སོང་༔ ཕྱི་ཡི་ཉེ་བར་ལེན་པའི་མཁན༔ འཛིན་པ་སེམས་སུ་ངས་སྨྲའོ༔ འདི་ནི་རྣམ་རྟོག་གཉིས་སུ་འདོད༔ ཕྱི་རུ་ཡུལ་སྟོང་རང་ངོས་སྟོང་༔ ནང་དུ་སེམས་སྟོང་རང་ངོས་སྟོང་༔ རང་རྒྱུད་གོལ་ལྟ་ཟུང་འབྲེལ་དུ༔ ལ་བཟླ་བ་དག་གཉིས་འཛིན་གྱི༔ ཞགས་པ་ཆེན་པོས་འཆིང་མ་གྲོལ༔ ཕྱི་ཡུལ་ཡུལ་སྣང་རང་སར་ཕར༔ ནང་གི་ང་བདག་རང་སར་ཚུར༔ བར་དུ་སྟོང་པ་ཕྱལ་ཆད་བསྒོམ༔ དེ་ནི་འཁྱག་པའི་སྦུབས་ཆུར་སོང་༔ གྲོལ་བ་ཐོབ་པ་ཉུང་ལ་ལྟོས༔ དེ་ལྟར་གཟུང་འཛིན་འཁྲུལ་པའི་སེམས༔ ངོ་བོ་ཉིད་ལས་སུས་མ་བྱས༔ ངོ་བོ་ཉིད་ཀྱིས་ཀྱང་མ་བྱས༔ རང་བཞིན་རང་ཤར་རང་སྣང་བ༔ ངོ་བོ་ཉིད་དུ་དག་མཉམ་རོལ༔ ངོ་བོ་ཉིད་ནི་འཁོར་འདས་ཀུན༔ མ་བཅོས་ངང་གནས་འདུ་འབྲལ་མེད༔ ཡེ་ནས་འབྲལ་མི་ཤེས་པ་སྟེ༔ རིག་དང་མ་རིག་བྱེ་བྲག་གིས༔ སངས་རྒྱས་སེམས་ཅན་གཉིས་སུ་བརྗོད༔ མ་བཅོས་ཡོངས་གྲུབ་ཤེས་རབ་མིག༔ མ་སྐྱེས་མ་འགགས་གསལ་འགྲིབ་མེད༔ བསྒོམ་བཅོས་བསྒྱུར་བསམ་ལས་འདས་པའི༔ རང་བྱུང་ཡེ་ཤེས་དེར་ལ་བཟླ༔ གདོད་མའི་སངས་རྒྱས་དེ་ཉིད་དུ༔ རང་ལ་རང་འཕྲད་གདིང་ཐོབ་བྱ༔ འདི་ལྟར་གནས་ལུགས་ཞལ་མཇལ་བའི༔ རྣལ་འབྱོར་ལས་སྨོན་ཕུན་ཚོགས་རྣམས༔ རྐྱེན་ཐོག་གནད་ངོ་འཕྲོད་པའི་ཕྱིར༔ གཉན་ཁྲོད་དག་ཏུ་ངེས་མེད་འགྲིམ༔ ཡུལ་འཛིན་རེ་དོགས་མཚང་ལ་རྒོལ༔ རང་གྲོལ་རྒྱལ་པོ་ཧེ་རུ་ཀའི༔ གོ་འཕང་མཆོག་ཏུ་བགྲོད་པར་གྱིས༔ སྐབས་བཅུ་གཅིག་པའོ༔ དེ་ནས་གཉན་ཁྲོད་དུ་འགྲོ་བ་ལ་དང་པོ་སྒོ་ཐེམ་མཚམས་སུ་ཞག་གསུམ༔ དེ་ནས་མིག་མཐོང་གང་དུ་སྔ་ཚད་རྫོགས་ཀྱི་བར་དུ་ཉལ༔ དེ་ནས་གཉན་ཁྲོད་ངེས་མེད་དུ་འགྲིམ་པའི་ལག་ལེན་ནི༔ དེ་ལ་དང་པོ་སྔ་ནོན་བཏང་བ་ལ༔ རི་བོ་ལ་གནམ་ལྕགས་ཀྱི་འཁོར་ལོ་ཁ་སྦྱར་བ་གཡས་དང་གཡོན་དུ་འཁོར་བས་རི་རབ་ཐལ་ཕུང་བཞིན་དུ་བཤིགས་ཤིང་གཏོར་ནས་ལྷ་འདྲེ་གནས་མེད་རྟེན་མེད་དུ་བསྐྲད་དེ་སྐྲག་ཅིང་དངངས་ནས་འདར་ཕྲི་ལི་ལི་བྱེད་པའི་མཐར་རྡོ་རྗེ་མེ་འབར་བའི་གུར་དང་ར་བ༔ དེའི་མཐར་མེ་དཔུང་འབར་བའི་ར་བ་དང་གུར་ཁང་༔ དེའི་མཐར་མི་ནག་མཚོན་ཐོགས་ཀྱི་ར་བ༔ དེའི་མཐར་མཁའ་འགྲོ་ཁྲོས་མའི་ར་བ༔ དེའི་མཐར་ཆུ་དང་རླུང་གི་ར་བས་བསྐོར་ནས་གང་དུའང་བྲོས་ཤིང་ཐར་པའི་ཡུལ་མེད་པར་བསམ༔ བྲག་ལ་གནམ་ལྕགས་ཀྱི་ཐོག་མདའ་དམར་ལྷོག་གིས་བབས་ནས་བྱེ་ཕུང་བཞིན་དུ་བཤིགས་བཏུལ་གཏོར་གསུམ་བྱས་ནས་དེར་གནས་པའི་ལྷ་འདྲེ་གནས་རྟེན་སྐྱབས་དང་བྲལ་བར་བྱས་ཏེ་བྱེ་ཕུང་བརྡལ་བའི་སྟེང་དུ་གནས་པ་གོང་གི་ར་བའི་གུར་གྱི་ནང་དུ་བཙུད་ནས་ཐར་ཤོར་མེད་པར་བསམ༔ ཤིང་ལ་མེའི་ཐོ་ལུམ་དམར་ཤར་གྱིས་སོང་ནས་བསྲེགས་ཤིང་གཏོར་ནས་གནས་པའི་ལྷ་འདྲེ་རྣམས་གོང་ལྟར་ཉམ་ཐག་ཐར་མེད་ཀྱི་ར་བར་བཙུད་པར་བསམ༔ ལུང་པ་ལ་རྡོ་ཆར་ཆེན་པོ་བབས་ནས་ས་རྡོ་རི་བྲག་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་དུ་ཡལ་ནས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་གནས་མེད་རྟེན་མེད་ཀྱི་ངང་དུ་ལུས་པ་གོང་ལྟར་ར་བ་དྲུག་གིས་མཐའ་ནས་བསྐོར་ཏེ་བྲོས་ཐར་མེད་པར་བསམ༔ ཐང་ལ་མེ་འབར་ལྕགས་སྲེག་གི་ཁ་ཆར་ཕབ་ནས་ས་གཞི་ཐམས་ཅད་ལྕགས་སྲེག་གི་ཕྱེ་མ་མེ་འབར་བའི་རང་བཞིན་ཅན་དུ་བསྒོམ་སྟེ་ལྷ་འདྲེ་རྣམས་གོང་ལྟར་སྐྱབས་མེད་མགོན་མེད་དུ་ལུས་པ་གོང་བཞིན་གུར་དང་ར་བས་བསྐོར༔ མཚོ་ཆུ་རྣམས་ལ་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་བབས་ནས་ཁྲོ་ཆུར་བསྒྱུར་ཏེ་ཁོལ་ནས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་ཀྱིས་ཚ་དབལ་དྲག་པོ་མི་བཟོད་པར་ཚུ་རོལ་ཐོན་པས་ཤུལ་མེ་ལྕེ་དམར་ལྷབ་ལྷབ་འབར་བར་བསམ༔ ཕྱིར་ཐོན་པའི་ལྷ་འདྲེ་ཐམས་ཅད་གོང་ལྟར་དམིགས༔ ཁང་སྟོང་དང་གྲོང་སྟོང་ལ་ཡང་ཁྲོ་ཆུའི་ཕ་ཝང་མེ་འབར་བ་བབས་ནས་ཐར་གྱིས་བཤིགས་ཤིང་བསྲེགས་ནས་ཐལ་བའི་སྟེང་དུ་ལྷ་འདྲེ་གནས་རྟེན་མེད་པའི་མཐར་གུར་དང་ར་བས་བསྐོར་བར་བྱའོ༔ དུར་ཁྲོད་ལ་ཡང་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་འཕྲོས་ཏེ་གནས་དེར་ཐོག་ལྟར་བབས་ནས་ས་གཞི་ཐལ་ཕུང་ལྟ་བུར་བཤིགས་ཤིང་མེ་འབར་བའི་ལྕགས་ཕྱེའི་རང་བཞིན་དུ་བསྒོམ་ནས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་རྗེན་ལ་ཕུད་ནས་ཡོད་པའི་མཐར་གུར་དང་ར་བ་གོང་ལྟར་བསྒོམ༔ ཡང་ན་སྤྱི་ལ་གཅེས་པའི་དམིགས་པ་འདིས་ཀྱང་ཆོག་པ་ཡིན༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་རབ་ཏུ་འཕྲོས་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བསམ༔ ཐམས་ཅད་འོད་ཀྱི་ངང་དུ་ཞུ་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཐར་འཆོར་མེད་པར་མཐའ་ནས་བསྡུས་ཏེ་གཉན་ཁྲོད་དེར་བསྡུས་ནས་གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པའི་གུར་ཁང་ནག་པོ་མེ་འབར་བའི་ནང་དུ་ཚུད་དེ་ཀུན་གྱི་སྤྱོད་འགྲོས་ཀྱི་སྟོབས་ནུས་བཅིང་ནས་དཔའ་ཟིལ་ཆོམ་སྟེ་འདར་ཕྲི་ལི་ལི་ཡོད་པར་བསམ་པ་ནི་ཀུན་ལ་སྦྱར་ཀྱང་ཆོག་གོ༔ དེ་ཡང་ཇེ་ཆུང་ཇེ་ཆུང་དུ་འདུས་པ་ཡིན་ཏེ་ཕྱོགས་གང་དུ་ཕྱིན་ཡང་དེ་ལས་མི་འདའ་བར་དམིགས་པ་ཞལ་ལས་ཤེས་སོ༔ འདི་ནི་ཐོག་མར་ཕོ་ཉས་ཟིལ་གནོན་ཡིན་ཏེ་མིང་ལ་ཡང་དམིགས་པ་དབང་སྡུད་ཆིང་ཆེན་ཞེས་བྱའོ༔ དེ་ནས་འགྲོ་ཚུལ་ཡང་འདི་ལྟར་ལག་ལེན་མ་ནོར་བ་གནད་དུ་གཅེས་སོ༔ འགྲོ་བའི་དུས་དང་གནས་དང་འགྲོ་བ་རྣམས་ཤིན་ཏུ་གསང་བར་བྱའོ༔ འགྲོ་དུས་མཚོན་དང་གྲོགས་དང་སྲུང་བ་སོགས་བློ་ཕུག་གཏོད་ཡུལ་མེད་པར་འགྲོའོ༔ དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི༔ ལྷ་འདྲེས་ཐོག་དྲང་སེམས་ཅན་ཐམས་ཅད་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་འགོད་པར་བྱའོ་བསམ་ཞིང་འགྲོའོ༔ འགྲོ་དུས་ཡང་རྣལ་འབྱོར་པ་རབ་ཀྱིས་འཁོར་འདས་རང་སྣང་དུ་ངོ་ཤེས་པའི་ངང་ནས་སེམས་རྩལ་སྣང་བ་རྫོགས་པའི་གདིང་གིས་ལྟ་སྟངས་བྱེད་ཅིང་འགྲོའོ༔ དེ་ལྟར་མི་ལྡན་པ་དག་གིས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་ཆེ་བརྗིད་རབ་ཏུ་འཇིགས་པའི་སྐུར་བསྒོམ༔ སྣང་སྲིད་ཀྱི་ཁམས་ཐམས་ཅད་ནམ་མཁའ་སྟོང་པ་ཁྱབ་བརྡལ་གྱི་རང་བཞིན་དུ་བསམ་སྟེ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བྱིའུ་ཆུང་ཁྲས་དེད་པ་ལྟར་གཉན་མིག་དེར་དེད་ནས་འགྲོ་བར་བསམ་ལ་འགྲོའོ༔ དེ་ནས་གཉན་མིག་མཐོང་སར་སླེབ་ནས་ཟིལ་གནོན་བྱ༔ གཉན་སེར་སླེབ་ཚེ་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཕྱག་གཡས་པས་དེར་འདུས་ལྷ་འདྲེ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་གཅིག་ཏུ་རྫོགས་པའི་ངོ་བོ་མི་ནག་ཆེ་ཞིང་བརྗིད་པའི་རྐང་པ་གཡས་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་ཐམས་ཅད་བསྡུས་ནས་ཐིམ༔ ས་ལ་ལན་གསུམ་བརྡབ་པས་དུག་གསུམ་གྱི་ནུས་མཐུ་དཔའ་ཟིལ་ཐམས་ཅད་བཅོམ༔ སླར་ཡང་གན་རྐྱལ་དུ་ཡོད་པའི་སྟེང་དུ་རང་ཉིད་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་བཞེངས་པར་བསམ་ནས་དབང་སྡུད་ཟིལ་གནོན་འདོན་ཅིང་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་དཔག་ཏུ་མེད་པས་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་གདན་འོག་གི་མི་ནག་ལ་བསྟིམ་སྟེ་རང་གི་ཟིལ་གྱིས་གནོན་ཅིང་ཡོད་པའི་སྙིང་ཁར་ཉི་གདན་ཆེན་པོས་མནན་པར་བསམ༔ དེའི་སྟེང་དུ་ཡེ་ཤེས་དབྱིངས་ཀྱི་དཔའ་བོ་མཁའ་འགྲོ་མའི་ཚོགས་ཐམས་ཅད་ཀྱིས་རྟ་བྲོ་འཁྲབ་ནས་མནན་པས་སྐད་ངན་ཙིར་ཙིར་འདོན་པར་བསྒོམ་ལ༔ ཕཊ་ཕཊ་ཕཊ༔ ཁྱབ་བདག་རྡོ་རྗེའི་གདིང་ལྡན་དཔའ་བོ་ངས༔ རེ་དོགས་རོ་སྙོམས་ཆེན་པོའི་བརྟུལ་ཞུགས་སྤྱོད༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དབྱིངས་ནས་བཞེངས༔ གཉིས་འཛིན་བདག་ལྟའི་རཱུ་དྲ་བྲོ་ཡིས་བཅོམ༔ ཕཊ༔ རྩ་གསུམ་ཀུན་འདུས་བདག་ཉིད་བླ་མ་དང་༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་བྲོ་ལ་དགོངས༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་བྲོ་ར་འཁྲབ༔ གཏི་མུག་ལྷ་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཧཱུྃ་ཧཱུྃ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཕཊ༔ རྩ་གསུམ་ཀུན་འདུས་བདག་ཉིད་བླ་མ་དང་༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་བྲོ་ལ་དགོངས༔ མེ་ལོང་ཡེ་ཤེས་ཆེན་པོའི་བྲོ་ར་འཁྲབ༔ ཞེ་སྡང་ལྷ་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཧཱུྃ་ཧཱུྃ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཕཊ༔ རྩ་གསུམ་ཀུན་འདུས་བདག་ཉིད་བླ་མ་དང་༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་བྲོ་ལ་དགོངས༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་བྲོ་ར་འཁྲབ༔ ང་རྒྱལ་ལྷ་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཧཱུྃ་ཧཱུྃ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཕཊ༔ རྩ་གསུམ་ཀུན་འདུས་བདག་ཉིད་བླ་མ་དང་༔ ནུབ་ཕྱོགས་པདྨ་མཁའ་འགྲོ་བྲོ་ལ་དགོངས༔ སོར་རྟོག་ཡེ་ཤེས་ཆེན་པོའི་བྲོ་ར་འཁྲབ༔ འདོད་ཆགས་ལྷ་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཧཱུྃ་ཧཱུྃ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཕཊ༔ རྩ་གསུམ་ཀུན་འདུས་བདག་ཉིད་བླ་མ་དང་༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་བྲོ་ལ་དགོངས༔ བྱ་གྲུབ་ཡེ་ཤེས་ཆེན་པོའི་བྲོ་ར་འཁྲབ༔ ཕྲག་དོག་ལྷ་འདྲེའི་མགོ་ལ་ཆེམས་སེ་ཆེམ༔ ཧཱུྃ་ཧཱུྃ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཕཊ༔ ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ་མ་ཚོགས་རྣམས༔ གཏི་མུག་ཀླུ་གདོན་འདུལ་བའི་བྲོ་ལ་བསྐུལ༔ ལོངས་སྐུ་མཁའ་སྤྱོད་དབང་མོ་འཁོར་དང་བཅས༔ འདོད་ཆགས་མོ་གདོན་འདུལ་བའི་བྲོ་ལ་བསྐུལ༔ སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ ཞེ་སྡང་རྒྱལ་འགོང་འདུལ་བའི་བྲོ་ལ་བསྐུལ༔ སྐུ་གསུམ་ལྷུན་གྲུབ་བྲོ་ར་གྱི་ལི་ལི༔ དུག་གསུམ་ཉོན་འཁྲུལ་ལྷ་འདྲེའི་མགོ་ལ་ཆེམ༔ འཁོར་བ་མྱང་འདས་ཆེན་པོའི་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ དེ་ནས་གདན་འོག་ཏུ་མནན་པའི་རཱུ་དྲ་དེའི་མགོ་དང་རྐང་ལག་རྣམས་ཡེ་ཤེས་ལྔའི་ཕུར་པ་བཏབ་ནས་འཕར་ལྡང་གཡོ་འགུལ་མེད་པར་བསམ༔ ཅོག་པུ་ཕུབ་པ་ནི༔ ཕཊ་ཕཊ་ཕཊ༔ ཤེལ་གིང་དཀར་མོ་འོད་འཕྲོ་མ༔ དུང་གི་ཕུར་པ་དཀར་པོ་ཁྱེར༔ ཞེ་སྡང་འབར་བའི་ལྷ་འདྲེ་ལ༔ སྙིང་རྗེ་ཆེན་པོའི་ཕུར་པ་ཐོབ༔ ཕཊ༔ གསེར་གིང་སེར་མོ་འོད་འཕྲོ་མ༔ བསེ་ཡི་ཕུར་པ་ཆེན་པོ་ཁྱེར༔ ང་རྒྱལ་གདུག་པའི་ལྷ་འདྲེ་ལ༔ བྱམས་པ་ཆེན་པོའི་ཕུར་པ་ཐོབ༔ ཕཊ༔ ཟངས་གིང་དམར་མོ་མེ་འབར་མ༔ བྱི་རུའི་ཕུར་པ་ཆེན་པོ་ཁྱེར༔ འདོད་ཆགས་འཁྲུགས་པའི་ལྷ་འདྲེ་ལ༔ དགའ་བ་ཆེན་པོའི་ཕུར་པ་ཐོབ༔ ཕཊ༔ ལྕགས་གིང་ནག་མོ་ཁྲོ་གཏུམ་མ༔ གཡུ་ཡི་ཕུར་པ་ཆེན་པོ་ཁྱེར༔ ཕྲག་དོག་གཡོ་འཁྲུགས་ལྷ་འདྲེ་ལ༔ བཏང་སྙོམས་ཆེན་པོའི་ཕུར་པ་ཐོབ༔ ཕཊ༔ ཀེང་རུས་ཆེན་མོ་མཆེ་གཙིགས་མ༔ མཆོག་ཆེན་རུས་པའི་ཕུར་པ་ཁྱེར༔ གཏི་མུག་མ་རིག་ལྷ་འདྲེ་ལ༔ བྱང་ཆུབ་ཆེན་པོའི་ཕུར་པ་ཐོབ༔ ཕཊ༔ མ་རིག་གཉིས་སྣང་རཱུ་དྲ་ཡི༔ མགོ་དང་ཡན་ལག་ཐམས་ཅད་དུ༔ ཡེ་ཤེས་ལྔ་ཡི་ཕུར་པ་བཏབ༔ འཕར་ལྡང་འགུལ་བསྐྱོད་མེད་པར་གྱུར༔ ཕཊ་ཕཊ་ཕཊ༔ ཅེས་ཕུབ་ནས་མལ་དུ་རྒྱབ་རྟེན་ལ་བརྟེན་ནས་འདུག་ཅིང་ཡང་དམིགས་པ་འདི་ལྟར་བྱའོ༔ རང་ལུས་ཆེ་བ་སྲ་བ་བརྗིད་པ་ཡུལ་ལྗོངས་ཙམ་དུ་བསྐྱེད་པའི་འོག་ཏུ་ལྷ་འདྲེ་ཐམས་ཅད་མནན་ནས་སྐད་ངན་ཙིར་ཙིར་བྱེད་པར་བསམ༔ སླར་ཡང་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་མལ་འོག་ཏུ་མནན་པའི་ལྷ་འདྲེ་དེ་དག་ལ་ཐིམ་པར་བསམ༔ ཡང་སེམས་ལ་བསམ་ཞིང་ངག་དུ་འདི་ལྟར་བརྗོད་པར་བྱའོ༔ འཻ་ད་ནི་བསྐལ་པ་མ་ཞིག་སྲིད་པ་མ་སྟོངས་ཀྱི་བར་དུ་ང་ནི་གནས་འདི་ལས་མི་འགུལ༔ འདི་ལས་མི་འཕོ༔ གནས་འདི་ལས་མི་གཡོའོ༔ འདི་རུ་སྡོད་དོ༔ ཉལ་ལོ༔ ཕཊ༔ ཅེས་ལན་གསུམ་བརྗོད་མཐར༔ སྟེང་གི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་པར་བསམ་ལ་ཡེངས་མེད་འཛིན་མེད་ཀྱི་ངང་དུ་གདིང་བཅའོ༔ སླར་ཡང་བར་སྐབས་སུ་དམིགས་པ་དང་དམ་བཅའ་གསལ་འདེབས་བྱ་ཞིང་སྡོད༔ དེའི་དུས་སུ་རབ་དངོས་སྣང་འབྲིང་ཉམས་སྣང་ཐ་མ་ལ་ཡང་རྨི་ལམ་ཙམ་དུ་སློང་ཚད་ངེས་པར་འབྱུང་བ་ཡིན༔ དེ་ཡང་སློང་ཚད་ལ་ཡང་ཐོགས་བཅས་དང་ཐོགས་མེད་གཉིས་ལས༔ ཐོགས་བཅས་ནི་གཅན་གཟན་མི་རྒོད་མི་ཕྱུགས་གཟུགས་སྣང་གིས་སློང་ན་ཐོགས་བཅས་ཞེས་བྱའོ༔ ཐོགས་མེད་ནི་གཟུགས་མེད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་རྣམས་ལ་བྱའོ༔ གཞན་ཡང་ས་གཡོ་ཁྱིམ་ཞིག་རི་ཉིལ་རྦབ་འདྲིལ་ཆུ་དང་རྒྱ་མཚོ་འཕྱུར་བ་སེར་ཆེན་འབེབས་པ་འབྲུག་སྒྲ་ཆེན་པོ་ཐོག་འཚེག་པ་འོད་འཚེར་བ་དམག་མི་དང་མི་མང་དུད་འགྲོ་སྣ་ཚོགས་ཀྱིས་འུར་སྒྲ་འདོན་ཅིང་རྒྱུག་པ་ལ་སོགས་འབྱུང་ངོ་༔ གཞན་ཡང་རྨི་ལམ་རྣམས་སུ་མི་མང་པོ་དང་འཐབ་ཅིང་རྩོད་པ་རང་ཉིད་མནན་པ་རང་ཉིད་ལ་རྒོལ་བ་ཟ་བར་ཆས་པ་རང་འབྲོས་དེད་བྱེད་པ་ལ་སོགས་པ་འབྱུང་༔ ཡང་འབུ་སྲིན་ལུས་ལ་འབྱར་བ་ཁ་རུ་འཇུག་པ་རོས་བཅར་བ་ལ་སོགས་མདོར་ན་རང་སློང་བར་བྱེད་པའི་རྟགས་སྣ་ཚོགས་མ་ངེས་པར་འབྱུང་སྲིད་དེ༔ སློང་ཚད་ཀྱི་དབྱེ་བ་ལ༔ ལུས་སློང་བ་ནི་ལུས་ཀྱི་བ་སྤུ་གཡོ་བ་ཤ་ཁོལ་བུར་འཕར་བ་གཟེར་རྒོད་ཕྲ་རགས་འབྱུང་བ་སྐྲང་དང་རྨ་ཆེན་གློ་བུར་དུ་འབྱུང་བ་ལུས་འདར་ཤོམ་དང་འཕར་གཡོ་འབྱུང་བ་རྣམས་སོ༔ ངག་སློང་བ་ནི་སྐད་ངན་ཤོར་བ་ཚིག་ཆད་པ་ཤུགས་རིང་པོ་དང་ཐུང་དུ་འགྲོ་བ་དང་དབུགས་འཐེན་འགགས་མ་ངེས་པར་འབྱུང་༔ ཡིད་སློང་བ་ནི་སེམས་དངངས་པ་དྲན་མེད་ཧད་པོར་འཐོམས་པས་བསྒོམ་དམིགས་ཀྱི་གདིང་ཤོར་བ་འདུག་སར་མི་ཆུགས་བྲོས་སྙིང་འདོད་པ་རེ་དོགས་སྣ་ཚོགས་དབང་མེད་དུ་སྐྱེ་བ་འཇིགས་ཤིང་སྐྲག་པ་ལ་སོགས་པ་སྟེ་མདོར་ན་སེམས་རང་བཞིན་ལྟར་མ་ཡིན་པའི་དགའ་སྡུག་རེ་དོགས་འཁུ་འཕྲིག་ཐམས་ཅད་སློང་ཚད་ཡིན་ནོ༔ དེ་དག་མཉམ་དུ་སྒོ་གསུམ་ལ་གང་ལྟར་ཤར་ཡང་སློང་ཚད་ཆེན་པོ༔ གཉིས་སློང་ན་འབྲིང་༔ གཅིག་ལས་མི་འབྱུང་ན་ཆུང་ངུ་ཡིན་ཏེ་ཤེས་པར་བྱའོ༔ གཞན་ཡང་སློང་ཚད་སྟོན་པ་ལ་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་དེ་བདུད་བཞི་ཡོད་དེ༔ ཐོགས་བཅས་ནི་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་དངོས་སུ་གྲུབ་པ་ལ་བྱའོ༔ དེ་ནི་མིག་གིས་མཐོང་མ་ཐག་ཏུ་རེ་དོགས་དགའ་སྡུག་གི་རྣམ་རྟོག་ཐར་གྱིས་ཤར་བ་ནི་སློང་བ་ཡིན༔ རྗེས་སུ་འབྲངས་ནས་ལུས་ངག་གི་བྱ་བྱེད་སྣ་ཚོགས་པར་འབྱམས་ན་དབང་དུ་སོང་བ་ཡིན༔ སློང་མ་ཐག་ཏུ་ངོས་ཟིན་ནས་རྗེས་མེད་དུ་སོང་བ་ནི་ཆོད་པ་ཡིན༔ ཐོགས་མེད་ནི་ཡུལ་གྱིས་མ་བསྐྱེད་ཀྱང་སྐྲག་པ་སྐྱེས་པ༔ སྣང་བ་འཁྲུལ་ནས་མཐོང་ཚོར་མ་ངེས་པར་འབྱུང་བ་ལ་བྲེད་དངངས་སྐྱེས་པ་དངོས་མེད་ཐམས་ཅད་ལ་བྱའོ༔ དེ་ཡང་དང་པོ་བྲེད་ནས་འཇིགས་སྐྲག་སྐྱེས་པ་ནི་སློང་བ་ཡིན༔ དེའི་རྗེས་སུ་འབྲངས་ཏེ་རེ་དོགས་མངོན་ཞེན་དུ་འཐས་ན་དབང་དུ་སོང་བ་སྟེ༔ དེས་ན་ཤར་ནས་སློང་ཚད་ཆེ་འབྲིང་ཆུང་གསུམ་གང་བྱུང་ཡང་སླར་ཡང་དྲན་མ་ཐག་ཏུ་འཁྲུལ་སྣང་བདེན་མེད་དུ་ཐག་བཅད་ནས་ཚུལ་བཞིན་གདིང་ཐོག་ཏུ་སླེབ་ན་ཆོད་པ་ཡིན༔ དགའ་བྲོད་ཀྱི་བདུད་ལ་ཡང་ཐོགས་བཅས་ཐོགས་མེད་གཉིས་ལས༔ དང་པོ་ནི་གཞན་གྱིས་བཀུར་བ་བསྟོད་པ་འཁོར་དུ་འདུ་བ་སྦྱིན་བདག་བྱས་ནས་ཟས་ནོར་ཆེན་པོ་འབུལ་བ་དང་མཆོད་གནས་སུ་བཀུར་བ་སོགས་བཟང་པོ་མཛེས་མོའི་གཟུགས་སྣ་ཚོགས་མངོན་དུ་འབྱུང་བ་ཡིན༔ དེ་ལ་དགའ་བ་དང་མགུ་བ་ལ་སོགས་པའི་རྣམ་རྟོག་ལྷག་ལྷག་སྐྱེས་པ་སློང་ཚད༔ དེ་དངོས་གྲུབ་དང་མཚན་མ་རྟེན་འབྲེལ་བཟང་པོར་ཁྱེར་ནས་དགའ་བདེ་མགུ་བྲོད་མངོན་ཞེན་ཡང་ཡང་དུ་འཐས་ནས་ཞེན་ན་དབང་དུ་སོང་བ་ཡིན༔ དགའ་བྲོད་སྐྱེས་མ་ཐག་ཏུ་རྨི་ལམ་དང་སྒྱུ་མ་ལྟ་བུར་བདེན་མེད་ཀྱི་མཚང་བཙལ་ནས་ཞེན་པ་དུག་བཞིན་བཅད་ན་ཆོད་པ་ཡིན༔ ཐོགས་མེད་ནི་རྒྱུ་རྐྱེན་གང་གིས་མ་བསྐྱེད་པར་བདག་གི་གནས་ཁང་ཡང་བཟང་༔ ལོངས་སྤྱོད་རྣམས་ཀྱང་ལེགས༔ རིགས་རུས་ཀྱང་བཟང་༔ ཕུ་ནུ་དང་ཉེ་འབྲེལ་ཡང་མང་སྟེ་བཟང་༔ བདག་ཀྱང་ལུགས་གཉིས་ཀྱིས་བཟང་པོ་ཡིན་བསམ་ནས་ལུས་ངག་ཡིད་གསུམ་དགའ་ལྷང་ངེར་འགྲོ་བ་ནི་སློང་བ་ཡིན༔ དེ་དང་དེར་ཡང་ཡང་ཆགས་ཞེན་གྱི་ངང་ཚུགས་སུ་ཞེན་ན་དབང་དུ་སོང་བ་ཡིན༔ འདི་ལ་འདི་དག་གཅིག་ཆར་དུ་ངེས་པའི་དོན་ནི་མ་ཡིན༔ དཔེར་བསྟན་པ་སྟེ་བསླུ་རྐྱེན་ནི་མ་ངེས༔ ལ་ལ་ནི་ནོར་གྱིས་བསླུ༔ ལ་ལ་ནི་ཟས་ཀྱིས་བསླུ༔ ལ་ལ་ནི་གོས་ཀྱིས་བསླུ༔ ལ་ལ་ནི་ཚོང་ཁེ་རྐུ་ཇག་གིས་བསླུ༔ ལ་ལ་ནི་བུད་མེད་ལ་ཆགས་བརྩེས་བསླུ༔ ལ་ལ་ནི་རྫུན་དང་གཡོ་སྒྱུས་བསླུ༔ ལ་ལ་ནི་ཕ་མ་དང་ཉེ་འཁོར་གྱིས་བསླུ༔ ལ་ལ་ནི་དཀོར་གྱིས་བསླུ༔ ལ་ལ་ནི་དགྲ་འདུལ་གཉེན་སྐྱོང་གི་སེམས་ཀྱིས་བསླུ༔ བསླུ་བྱེད་དེ་དག་ཐམས་ཅད་དགའ་བྲོད་ལྷའི་བུའི་བདུད་ཀྱི་ཆོ་འཕྲུལ་དུ་ངེས་སོ༔ འདིས་བསླུ་བ་གང་ལ་འབྱུང་ཞེ་ན་ཆོས་ལ་རྩེ་གཅིག་ཏུ་མོས་ཤིང་སྡིག་པའི་ལས་ལ་སྐྲག་སྟེ་མི་མོས་པ་འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་ཆེ་བ་རྣམས་ལ་འབྱུང་ངོ་༔ དེས་བསླུས་ནས་དབང་དུ་སོང་བའི་རྟགས་ནི་ཆགས་པའི་གནས་དེ་ལས་བློ་སྐད་ཅིག་ཙམ་ཡང་ཕྱིར་ལྡོག་མི་ཐུབ་པ༔ བློ་ཡང་སྔར་བས་འགྱུར་ཏེ་དགེ་སྡིག་རྒྱུ་འབྲས་ཐམས་ཅད་ལ་བླང་དོར་གྱི་བསམ་པ་ཉམས་ནས་སྙིང་སྲ་མཁྲེག་གེར་སོང་སྟེ༔ ངེས་འབྱུང་དང་སྐྱོ་ཤས་ན་བུན་བཞིན་དུ་ཡལ་ནས་མེད༔ རང་རྒྱུད་ལ་བརྟག་དཔྱད་ཀྱང་མི་བྱེད༔ བྱས་ན་ཤེས་ཏེ་ཤེས་ཀྱང་ངོ་ཚ་དང་ཁྲེལ་མེད་དུ་ཁྱི་ཕག་ལྟ་བུར་བག་མེད་ཀྱི་སྤྱོད་པ་ལ་གཟེངས་བསྟོད་བྱེད་པ་ཡིན༔ དེ་ལྟར་བདུད་ཀྱིས་བསླུ་བ་བྱུང་ན་ཡང་དེ་སྣང་ཙམ་ཤར་ཙམ་གྱིས་བསླུ་བར་མི་འགྱུར་ཏེ༔ སྣང་བ་ལ་རྣམ་རྟོག་ཤར༔ ཤར་ནས་ཆགས་ཚུན་ཆད་སློང་ཚད་དོ༔ ཆགས་ནས་ཞེན་ཕན་ཆད་བསླུས་པ་ཡིན་པས་ཤེས་པར་བྱའོ༔ འདུས་བྱས་མི་རྟག་པ་དང་༔ འཁོར་བ་ལ་ངེས་འབྱུང་༔ ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་ནས་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་པས་ཆོད་པ་ཡིན༔ འདི་ཤིན་ཏུ་ཆོད་པར་དཀའ་བ་ཡིན་པས་རྣལ་འབྱོར་པ་རྣམས་ཀྱིས་གཟབ་པར་གྱིས་ཤིག༔ སྔོན་ཡུལ་མ་ག་དྷའི་གྲོང་ཁྱེར་ཆེན་པོ་ན་རྣལ་འབྱོར་པ་སཱུཪྻ་བཛྲ་ཞེས་བྱ་བས་སྒྲུབ་པ་ལྷུར་བླངས་ཏེ་ཕ་མ་དང་སྤུན་ཟླ་ཐམས་ཅད་སྤངས་ནས་ཆོས་ལ་བྲོས་འདུག་པ་བསླུ་བདུད་དག་གིས་མཐོང་ནས་བདུད་རྣམས་ཀྱིས་གྲོས་བཏབ་པ༔ ཐོགས་བཅས་བདུད་ཀྱིས་ངས་འཇིགས་སྐྲག་དྲག་པོ་བསྟན་ན་ཐུབ་ཟེར༔ ཐོགས་མེད་བདུད་ཀྱིས་ང་ཁོའི་སྙིང་ལ་ཞུགས་ནས་དགའ་སྡུག་སྣ་ཚོགས་བསྟན་ན་ཐུབ་ཟེར༔ སྙེམས་བྱེད་བདུད་ཀྱིས་ངས་ཁོ་ལ་རྣམ་རྟོག་མ་ངེས་པར་སྐྱེ་བར་བྱེད་དང་ཐུབ་མོད་ཟེར༔ དགའ་བྲོད་བདུད་ཀྱིས་ན་རེ༔ ཐོགས་བདུད་ཀྱིས་འཇིགས་སྐྲག་བསྟན་ཀྱང་ཁོས་གཅོད་བྱེད་ཀྱི་གདམས་ངག་བདག་མེད་ཅེས་བྱ་བས་བཅད་ནས་མདངས་ཕྱུང་སྟེ་སླར་ཡང་གླགས་མི་རྙེད་པའི་རྒྱུར་འགྲོ་བས་དེ་ཡང་མི་བྱེད༔ ཐོགས་མེད་བདུད་ཀྱིས་སྙིང་ལ་ཞུགས་ཀྱང་དགའ་སྡུག་ནི་མི་མཐུན་པའི་ཕྱོགས་སུ་ངོས་ཟིན་སླ་བས་སྐྱེ་འགག་དང་བྲལ་བའི་དབྱིངས་སུ་བསྒྲལ་ནས་ཁོའི་གྲོགས་སུ་འགྱུར་ངེས༔ སྙེམས་བྱེད་བདུད་ཀྱིས་རྣམ་རྟོག་བསླང་ཡང་ཁོ་ལ་ལྟས་ངན་གཡང་དུ་ལེན་པ་རྐྱེན་ངན་གྲོགས་སུ་འཁྱེར་བ་རྣམ་རྟོག་རྩལ་དུ་ཡན་པའི་གདམས་པ་ཡོད་པས་ཁྱེད་གསུམ་གྱིས་བསླུ་བ་ནི་ངན་རྐྱེན་ཡིན་པས་ཁོས་ལམ་དུ་སློང་སླ་སྟེ་གྲོགས་སུ་འགྱུར་ནས་གང་གིས་ཀྱང་མི་ཚུགས་པའི་རྒྱུར་འགྲོ༔ ཁྱེད་རྣམས་ཀྱིས་ངའི་གྲོགས་སུ་རེམ་དང་ངས་བཟང་པོ་མཛེས་བྱས་ཀྱིས་བསླུས་ན་ངེས་པར་ཐུབ་པ་ཡིན་ཟེར་ཏེ་ལྷག་ལྷག་གད་མོ་བྱེད་ནས་འགྲོ་བ་དེ་གྲུབ་ཆེན་ལུ་ཧི་པས་གཟིགས་ནས་ཁོང་ལ་སྨྲས་པས༔ ཁོང་ན་རེ༔ ལགས་སོ་ངས་མ་གོ་ན་དབང་དུ་འགྲོ་ཉེན་ཆེ་ཡང་༔ ད་གོ་ཕན་ཆད་ཁོའི་དབང་དུ་མི་འགྲོ་ངེས་པ་ཡིན་ལགས་ཞུས་པས༔ ལུ་ཧི་པས་ཁྱེད་ལ་གླགས་ལྟ་བའི་གྲོས་ནི་དེ་ལྟ་བུའོ༔ བཟང་པོ་མཛེས་པ་ཐམས་ཅད་ལ་མ་ཆགས་མ་ཞེན་ཅིག༔ ཅེས་བཀའ་བསྒོས་སོ༔ དེ་མ་ཐག་ཏུ་རྣལ་འབྱོར་པ་དེ་སྒྲུབ་པའི་སྒོར་ཞུགས་ནས་ཉིན་མཚན་དུས་དྲུག་ཏུ་གཡེལ་བ་མེད་པའི་ཉམས་ལེན་ལ་བརྩོན་པར་བྱས་སོ༔ དེ་ནས་ལྷ་བདུད་དེ་ཡུལ་མི་འགའ་དང་བུད་མེད་མཛེས་མ་ཞིག་གི་སྙིང་ལ་ཞུགས་ནས་དབང་དུ་བསྒྱུར༔ རྣལ་འབྱོར་དེའི་དཀྱིལ་འཁོར་དུ་ཞུགས་ཏེ་ནུབ་གཅིག་གི་རྨི་ལམ་ན༔ ཡི་དམ་ལྷར་བརྫུས་ནས་ལུང་བསྟན་པ་ལ་མཆོག་གི་དངོས་གྲུབ་དེ་རིང་ནས་ཐོབ་པ་ཡིན༔ སང་ཉིན་ཕན་ཆད་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་ཏེ་བདུད་ཀྱི་གེགས་ལས་གྲོལ་བ་ཡིན༔ མཚན་ལྡན་གྱི་རིག་མ་ཡང་འབྱུང་སྟེ་རྟག་ཏུ་མ་བསྟེན་ཡང་སྦྱོར་བ་བྱས་ནས་དངོས་གྲུབ་མངོན་དུ་འགྱུར་ངེས་པ་ཡིན་ཟེར་བ་རྨིས་ནས་དེ་མ་ཐག་ཏུ་དགའ་བདེ་ཚད་མེད་པ་སྐྱེས་སོ༔ དེའི་སང་གི་ཉི་མ་ལ་སྐྱེས་པ་ཕོ་མོ་མང་པོས་ཟས་ནོར་ཡིད་ཚིམས་པ་ཙམ་རེ་ཕུལ་ཏེ་སོང་༔ ཡི་དམ་གྱི་ལུང་བསྟན་ངེས་པ་རུ་ཐག་བཅད་ནས་ཡོད་པའི་ཞག་འགའ་ཞིག་འདས་པའི་རྗེས་སུ་བུ་མོ་མཛེས་མ་གཞོན་ནུ་མ་ཞིག་གིས་འབྲས་དང་རས་དཀར་ཐོགས་ནས་གདམས་ངག་ཞིག་ཞུ་ཟེར་ནས་མདུན་དུ་འདུག་པ་ལ༔ རྣལ་འབྱོར་པ་དེའི་བསམ་པ་ལ་ལུང་བསྟན་འདི་ཡིན་ནམ་མིན་ཀྱང་སྦྱོར་བ་བྱས་ན་སླར་བྲལ་བར་སླ་བསམ་ནས་སྦྱོར་བ་བྱས་པས་བུད་མེད་དེས་དགའ་གདུང་བརྩེ་བས་འབྲལ་མི་ཕོད་པར་བྱས་ནས་སོང་ངོ་༔ དེ་ནས་བཟུང་སྟེ་རྣལ་འབྱོར་པ་དེའི་བློ་ཡིད་བུད་མེད་དེ་ལ་ཆགས་ནས་སྐད་ཅིག་ཀྱང་འབྲལ་མི་ཕོད་པའི་བློ་འཐས་པའི་ཁར་བུད་མེད་ཀྱང་ཡང་ཡང་དེར་བྱུང་༔ ཡུལ་མིས་ཀྱང་བསྙེན་བཀུར་བྱས་པས་རྣལ་འབྱོར་པ་དེའི་བློ་ཆོས་ལས་ལྡོག་ནས་ངས་ཁྱིམ་ཐབས་བྱས་ཏེ་ཆོས་ཚུལ་ཡང་མི་གཏོང་བསམ་ནས་ཡོད་པའི་སྐབས་ཤིག་ན་ཡང་ལུ་ཧི་པའི་དྲུང་དུ་སོང་ནས་ཚུལ་དེ་ལྟར་ཞུས་པས༔ བདུད་དུ་ངེས་ཀྱི་ཁྱེད་ཀྱི་བློ་ཡང་འགྱུར་ནས་འདུག་སྔར་སྨྲས་པའི་རྟགས་དེ་བྱུང་བ་རེད་གསུངས༔ ཁྱེད་ཀྱིས་བུད་མེད་ལ་ཆགས་པའི་འཆིང་བ་དེ་ཆོད་དང་སླར་བཙན་ས་ཟིན་པར་འགྱུར་རོ༔ དེ་མ་ཆོད་ན་ཁྱོད་འཁོར་བའི་འདམ་དུ་བྱིང་ནས་ཐར་མེད་དུ་འཕྱན་པར་འགྱུར༔ ཞེས་གསུངས་པས༔ དེ་བདེན་འདུག་བསམ་ཀྱང་ཆགས་པའི་ཡུལ་དེ་བློ་དང་འབྲལ་མི་ཕོད་པར་གྱུར་ནས་རང་དབང་མེད་པར་ཁྱིམ་ཐབས་བྱས་པས་ཡུལ་མི་ཐམས་ཅད་ཀྱིས་གཤེ་ཞིང་སྐུར༔ རྒྱལ་པོས་ཆད་པས་མནར་ཆོས་ཀྱི་བསམ་པ་སྤུ་རྩེ་ཙམ་ཡང་མེད་པར་ཡལ༔ སྐྱེས་པ་ཐམས་ཅད་ལས་དབུལ་ཕོངས་ཉེན་པར་སོང་བ་ཡིན༔ སྐྱེས་མཆོག་དྷརྨ་གརྦྷ་ཞེས་པ་ལ་ཡང་དེ་ལྟར་བདུད་ཀྱི་བར་ཆད་བྱུང་ནས་དབང་བསྒྱུར་བར་ཉེ་བའི་ཚེ་དེ་བཞིན་དུ་བདག་གིས་དཔེར་བསྟན་ནས་ཆགས་ཞེན་བཅད་དེ་ཡུལ་རིང་བར་སོང་༔ དབེན་པ་བསྟེན་ནས་བདུད་ཀྱི་ལམ་ལས་བཟློག་པ་ཡིན༔ མ་འོངས་པའི་བརྒྱུད་འཛིན་རྣམས་ཀྱིས་བཟང་རྐྱེན་ལམ་དུ་ལོངས་ཕྱིར་དཔེ་འདི་སྙིང་ལས་གཅེས་པར་ཟུངས་ཤིག༔ ངན་རྐྱེན་ནི་མི་འདོད་པའི་ཕྱིར་ངོ་ཤེས་པར་སླ་སྟེ༔ བཟང་རྐྱེན་ནི་འདོད་པའི་ཕྱོགས་ཡིན་པས་ངོ་ཡང་མི་ཤེས་ལམ་དུ་སློང་བའང་ཤིན་ཏུ་དཀའ་སྟེ་ཐམས་ཅད་འདིའི་དབང་དུ་མ་གྱུར་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མེད་པས་ཤེས་པར་གྱིས་ཤིག༔ སྙིགས་མའི་དུས་སུ་ལས་ངན་དབང་ཆེ་བའི་སྟོབས་ཀྱིས་བདུད་ཀྱི་འབངས་ལས་མེད་པས་རི་དྭགས་སྨས་མ་བཞིན་དུ་རང་ས་བཟུང་བ་ནི་གནད་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ༔ བདག་ཉིད་ས་ར་ཧ་པས་གནས་རང་སྣང་དོན་གྱི་འོག་མིན་ཆེན་པོ་ནས་སྙིགས་མའི་སེམས་ཅན་རྣམས་ལ་ལྷག་པར་བརྩེ་བ་ཆེན་པོས་ཁ་ཆེམས་སུ་གདམས་པ་ཡིན༔ ང་དང་ལས་འཕྲོ་ཡོད་པ་རྣམས་ལ་ལྷག་པར་གདམས་པ་སྟེ༔ ཆོས་ནི་རྩོད་པ་མེད་དེ་ཀུན་གྱིས་ཐུགས་སུ་ཆུབ་པར་མཛོད༔ ཆོས་ཐམས་ཅད་ཀྱི་ཆུ་འགོ་འཕགས་ཡུལ་ཡིན་ཏེ༔ འཕགས་པའི་ཡུལ་ནི་སངས་རྒྱས་ཐམས་ཅད་སྐུ་འཁྲུངས་པ་དང་ཆོས་སྟོན་སྨོན་ལམ་གྱིས་དབང་ཆེན་པོ་བསྐུར་བའི་གནས་ཡིན་པས་གནས་ཡུལ་ཐམས་ཅད་ལས་ཆེས་འཕགས་པ་ཡིན༔ ཡུལ་དེར་ཕྱི་ནང་མ་གཏོགས་སངས་རྒྱས་ཀྱི་ཆོས་མདོ་སྔགས་གཉིས་ལ་ནི་རྩོད་པ་མེད་པར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གདུལ་བྱའི་དབང་པོ་དང་བསྟུན་ནས་བསྟན་པ་ཡིན་པས་བཟང་ངན་གྱི་རྩོད་པས་ཕྱོགས་ཆད་དུ་འཛིན་ན་ཆོས་སྤོང་གི་ལས་ངན་ཆེས་ཆེར་བསགས་པར་འགྱུར་བར་གདོན་མི་ཟ་བ་ཡིན༔ དེའི་ཕྱིར་རྩོད་པ་མེད་པ་མཁས་པ་དག་གིས་ཤེས་རབ་ཀྱི་མིག་གིས་མཐོང་སར་གསལ༔ ཅེ་རེ་ལོང་དུ་སོང་བའི་གང་ཟག་རྣམས་ཀྱིས་འོལ་ཚོད་ཀྱིས་དཔོག་པའི་གནས་ནི་མ་ཡིན༔ སངས་རྒྱས་ཀྱི་ཆོས་ནི་རྒྱ་ཆེ་བ་དང་༔ གཏིང་ཟབ་པ༔ ལམ་ཇི་སྙེད་པ་རྫོགས་པའི་བདག་ཉིད་ཅན་ཡིན་ཏེ༔ ཕྱོགས་སུ་མ་ངེས་པ༔ མཐའ་གཅིག་ཏུ་མི་གནས་ལ༔ གང་ཟག་རང་རྒྱུད་དང་མཐུན་པ༔ གཏིང་དཔོག་པ་སངས་རྒྱས་ལས་མེད་པ༔ དཔེར་ན་ནོར་བུ་ལ་ནོར་བུ་ཉིད་ལས་མེད་དེ་གཞན་ཡིད་དང་མཐུན་པའི་ལོངས་སྤྱོད་རང་འབྱུང་བ་ལྟར༔ ཆོས་ཐམས་ཅད་ངོ་བོ་ཀ་ནས་དག་པ་ལས་མེད་ཀྱང་གདུལ་བྱའི་རང་རྒྱུད་དང་མཐུན་པའི་བདེན་དོན་རང་བྱུང་བ་ཡིན་པས་མཐའ་ལ་མི་འཛིན་པ་གནད་དོ༔ མཐའ་དང་ཕྱོགས་རིས་སུ་བཟུང་ནས་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱིས་དཔོག་པར་རློམ་པ་ནི་རབ་ཏུ་འཁྲུལ་པ་ཡིན༔ དཔེར་ན་ནམ་མཁའ་སྦར་གྱིས་ཁེབས་སྲིད་པ་མཚར་རེ་ཆེ་བསམ་པར་གྱིས་ཤིག༔ ལྔ་བརྒྱའི་སྙིགས་མ་ལ་འདི་ལྟར་བཀའ་གཏེར་གྱི་ཆོས་རྩོད་པར་འགྱུར་བའི་དུས་མཆིས་པས་དེའི་ཕྱིར་བསྙད་པ་ཡིན༔ སྙེམས་བྱེད་ཀྱི་བདུད་ཅེས་བྱ་བ་ནི༔ ཡུལ་གྱིས་བསླང་བ་དང་མ་བསླང་བའི་རྣམ་པར་རྟོག་པ་སྣ་ཚོགས་ལུག་རྒྱུད་དུ་འཕྲོས་ནས་དེའི་རྗེས་སུ་བཙན་ཐབས་སུ་འཁྲིད་པར་བྱེད་པ་ལ་བྱའོ༔ མདོར་ན་རྣམ་པར་རྟོག་པ་ལ་རེ་བ་དང་དོགས་པ་དང་ཕན་པ་དང་གནོད་པ་དང་བཏང་སྙོམས་ལ་སོགས་པ་ཐོལ་གྱིས་ཤར་ནས་རྒྱུད་སློང་བ་ནི་སློང་ཚད་དེ་ཞེན་ནས་འཐས་པ་ནི་བསླུས་པ་ཡིན༔ ཤར་ཙམ་ནས་སློང་༔ སློང་ཚར་ནས་ཡུལ་མེད་དུ་བཏང་ན་ཆོད་པ་ཡིན༔ སློང་ཚད་ལ་ཡང་དངོས་སུ་འབྱུང་བ་དང་༔ ཉམས་སྣང་དུ་འབྱུང་བ་དང་༔ རྨི་སྣང་དུ་འབྱུང་བ་མ་ངེས་སོ༔ དངོས་སུ་འབྱུང་བ་ནི་མིག་དང་དབང་པོའི་སྒོར་མངོན་སུམ་དུ་སྣང་བ་ལ་བྱའོ༔ ཉམས་སྣང་ནི་འདི་ལྟར་མིག་དང་དབང་པོའི་སྒོར་མ་ཡིན་པར་ཡིད་སྣང་གི་ཡུལ་དུ་མངོན་སྣང་ལྟ་བུར་འབྱུང་བ་ལ་བྱའོ༔ རྨི་སྣང་ནི་རྨི་ལམ་ངེས་པ་ལ་བྱའོ༔ དེ་དག་ཏུ་མི་སྡུག་པའི་མཐོང་ཚོར་སྣ་ཚོགས་ཤར་བ་ལ་མངོན་ཞེན་རེ་དོགས་སྐྱེས་པའི་མཐར་ཡང་རང་རྒྱུད་པར་བལྟས་ནས་ཡང་ནས་ཡང་དུ་ཉེར་ལེན་བྱས་པས་མཐར་རྨ་དང་སྐྲང་དང་འབུ་སྲིན་ལ་སོགས་པ་ལུས་ལས་རྡོལ་བ་དང་༔ ན་ཚ་ཟུག་གཟེར་འབྱུང་བ་དང་༔ སྙིང་རླུང་ལྡང་བ་དང་༔ སེམས་མི་བདེ་བ་སོགས་མདོར་ན་མི་མཐུན་མི་འདོད་པ་སྣ་ཚོགས་གང་བྱུང་ཡང་སྣང་བ་བདེན་མེད་རྨི་ལམ་ལྟ་བུར་ཞེན་མེད་ཡུལ་མེད་དུ་ཐག་བཅད་ནས་དགག་སྒྲུབ་མེད་པར་རང་སར་བཞག་པས་རང་ཡལ་དུ་འགྲོ་བ་ཡིན༔ ནད་དང་མི་འདོད་པ་བྱུང་ཚེ་སྨན་དང་བསྲུང་བཅོས་མི་བྱེད་པར་ད་དུང་དེ་འདྲ་བ་དགུ་འགྱུར་ཤོག༔ ཕ་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ངས་སྦྱོང་བར་བྱའོ༔ ངས་མྱོང་བ་འདི་ང་རེ་འཚེང་༔ ངས་འགྲོ་དོན་གྱི་ཐོག་མ་ཡིན་བསམ་ནས་ངག་ཏུ་ཡང་༔ ཀྭིའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ན་ཚ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ང་ལ་ཤོག༔ ང་ལ་དགོས༔ ངས་ལེན༔ ངས་སྦྱོང་༔ ངས་སྤྱོད་དོ༔ ཤོག་ཤོག་འདུས་འདུས༔ ཞེས་བརྗོད་ཅིང་དགའ་བ་བསྒོམ་པ་རྐྱེན་ངན་ཐོག་བརྫིས་ཀྱིས་གཅོད་པའི་མན་ངག་ཟབ་ཁྱད་ཅན་ཡིན༔ དེས་ན་སེམས་ལ་མི་རུང་མི་ཉན་བསམ་པའི་རྟོག་པ་རེ་དོགས་ཅན་གང་སྐྱེས་ཀྱང་དེ་ལ་ཐོག་བརྫིས་ཡང་ཡང་བྱའོ༔ རྨ་སྐྲང་ལ་སོགས་པའི་གཉན་ནད་ལ་ཐབ་གཞོབ་དང་མེ་འོད་དྲག་པོར་བཅར་ནས་ཤིན་ཏུ་ན་ཐབས་སྣ་ཚོགས་ཀྱང་བྱ༔ གོས་དང་མཛེ་ཡུག་གི་གྲིབ་ལ་སོགས་པ་ལྡང་བྱུང་བའམ་ལྡང་གི་དོགས་པ་སྐྱེས་ན་འཁུ་འཕྲིག་སྐྱེ་བའི་ཡུལ་དེ་མགོ་ཐོག་ཏུ་བཞག་ལུས་ལ་བྱུག༔ ང་ལ་བཙོག་གྲིབ་ཐོབ༔ ཅེས་བརྗོད་ནས་དེ་ལ་རེ་བའི་ཚུལ་གྱིས་ཐོག་བརྫིས་བྱའོ༔ ཡིད་ཀྱིས་མི་འདོད་མི་རུང་བསམ་པའི་བྱ་བྱེད་ཐམས་ཅད་ལ་སེམས་དང་ངག་དང་ལུས་གསུམ་གྱིས་ཐོག་བརྫིས་བྱ་བ་ནི་གནད་དམ་པ་ཡིན༔ ཅིའི་ཕྱིར་ཞེ་ན་རང་ཐོག་ཏུ་གཅོད་པའི་གནད་ཟབ་མོ་ཡོད་པས་སོ༔ དམ་སྡོམ་དང་བཅས་ཁྲིམས་ནི་གང་ལ་ཡང་མ་གཏོགས་སོ༔ འདིའི་དུས་སུ་ས་གཡོ་བ་དང་༔ རི་ཉིལ་བ་དང་༔ བྲག་ཆད་པ་དང་༔ ཁང་པ་ཞིག་རལ་འབྱུང་བ་དང་༔ རྡུལ་ཐར་ཐར་བབས་པ་དང་༔ ས་འགས་པ༔ འདམ་དུ་ཟུག་པ༔ རྦབ་འདྲིལ་བ༔ རྡོ་ཆར་བབས་པ༔ ཤིང་སྡོང་འགྱེལ་བ༔ ཐོག་རྡིབ་པ་སོགས་སའི་སློང་ཚད་སྣ་ཚོགས་འབྱུང་སྟེ་ཤེས་པར་བྱའོ༔ ཆུས་ལྷོང་བ་ནི༔ ཆུ་ལོག་རྡོལ་བ༔ ཆུ་ཆེན་འཁྲུག་པ༔ མཚོ་རུ་ལྷུང་བ༔ ཆུས་ཁྱེར་བ༔ ཆར་ཆེན་པོ་འབེབས་པ༔ སེར་བ་དྲག་པོ་འབེབས་པ༔ ཆུའི་འོལ་ཁ་རྡོལ་བ་རྣམས་མ་ངེས་པར་འབྱུང་བའོ༔ མེས་སློང་བ་ནི༔ མེ་ཤོར་ནས་འོང་བ༔ ལུས་མེ་ལ་ཚིག་པ༔ ལུས་ལ་མེ་སྟག་འཕྲོ་བ༔ ཡུལ་ལ་མེ་སྟག་འཕྲོ་བ༔ མེ་འོད་འབར་བ༔ མེ་འབུད་པ༔ ཡུལ་སྣང་ལས་མེ་མཆེད་པ་དང་མེ་སྟག་འབྱུང་བ་སོགས་འབྱུང་ངོ་༔ རླུང་གིས་སློང་བ་རླུང་སྒྲ་འུར་བ༔ རླུང་སྒྲ་ལོག་པར་ཤར་བ༔ རླུང་གིས་ཁྱེར་བ༔ རླུང་འཚུབ་ལངས་པ༔ རླུང་གིས་སྦྲ་གུར་ཁྱེར་རམ་གཡེང་བ༔ བཤུགས་སྒྲ་བསིར་བ་སོགས་འབྱུང་བའོ༔ ནམ་མཁས་སློང་བ་གློག་འཁྱུག་པ༔ འབྲུག་སྒྲ་དྲག་པོ་ལྡིར་བ༔ གཡང་ཁར་འདུག་པ༔ ནག་ལ་འཐིབས་པ་ལ་སོགས་པ་འབྱུང་བ་ཡིན༔ གཟུགས་འགྲོས་ཀྱིས་སློང་བ་ནི༔ མི་དང་གཅན་གཟན་རི་དྭགས་ཆུ་གནས་བྱ་རིགས་ལ་སོགས་གཟུགས་འགྲོས་རྣམས་ཀྱིས་ཉམས་སད་སྐབས་བལྟ་གླགས་ཚོལ་རྒྱུ་འགྲུལ་སྣ་ཚོགས་ཀྱིས་སློང་བ་དང་༔ སྒྲ་དང་དྲི་དང་རོ་དང་རེག་བྱས་སློང་བ་རྣམས་ནི་ཐོགས་བཅས་ཞེས་བྱ་བ་སྟེ༔ གཟུགས་མེད་པས་གཟུགས་སྟོན་པ༔ ཅ་ཅོ་སྒྲོགས་པ༔ བྱ་སྤྱོད་འདུ་ཚོགས་འགྲོ་འདུག་བྱེད་པ༔ ལུས་མེད་པའི་མགོ་དང་རྐང་ལག་སྟོན་པ༔ ཡན་ལག་མེད་པའི་ལུས་ཅན་དང་༔ རྫས་སྣ་ཚོགས་པའམ༔ ནང་རོལ་སྣ་ཚོགས་པའམ༔ འབུ་སྲིན་སྣ་ཚོགས་པས་རང་ལ་རྒོལ་བའི་ཚུལ་དང་ཡིད་མི་དགའ་བར་སྟོན་པ་དང་༔ བཟའ་བཏུང་དང་གོས་རྒྱན་སྟེར་བ་ལ་སོགས་པ་གང་བྱུང་ཡང་དེ་ལ་འཇིགས་སྐྲག་དང་འབྲོས་པ་དང་དོགས་པ་དང་གནོད་སྦྱོར་དང་བརྡེག་བརྡུང་དང་ལོངས་སྤྱོད་པ་དང་དགའ་སྡུག་ཐམས་ཅད་སྤངས་ནས་སྣང་སྟོང་ཡུལ་མེད་དུ་གཞིག་པ་ནི་མན་ངག་གོ༔ ཅིའི་ཕྱིར་ན་རང་གིས་ལུས་ཀྱང་ལོག་པར་མཐོང་ནས་མཚོན་དང་བརྡེག་བརྡུང་བྱས་པས་ཕུང་བ་མང་པོ་འདུག་པས་ལོག་སྤྱོད་སྣ་ཚོགས་སྤངས་པ་གནད་དུ་ཆེ་བའོ༔ གཟུགས་ཅན་དང་གཟུགས་མེད་ཤན་མི་འབྱེད་པ་བྱུང་ན༔ སློང་ཚད་སྟོན་པའི་དམིགས་ཡུལ་དེའི་རྣམ་པར་ཤེས་པ་དང་རང་གི་རྣམ་པར་ཤེས་པ་རོ་གཅིག་ཏུ་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་ཕཊ་སྒྲ་ཉེར་གཅིག་གིས་སྤར་ན་གཟུགས་མེད་ཡིན་ན་དེའི་ངང་ལ་མི་ཡལ་མི་སྲིད་པ་ཡིན༔ དེས་ཀྱང་མི་ཡལ་ན་གཟུགས་ཅན་དུ་ངེས་སོ༔ མཐར་རང་གི་རྣམ་ཤེས་ཀློང་ནས་བཞེངས་ཏེ་ཤ་ཁྲག་སྟོན་འགྱེད་བྱའོ༔ འོན་ཀྱང་སློང་ཆོད་ཚར་གསུམ་ནི་དང་པོ་རང་གི་ལུས་ངག་ཡིད་གསུམ་ཚ་ཟིང་ངེ་འགྲོ་བ་ནི་སློང་བ་ཡིན༔ དེའི་ཐོག་ཏུ་ཡུལ་མེད་ཟང་ཐལ་གྱི་རང་གདིང་ཟིན་པ་ནི་ཆོད་པ་ཡིན༔ རྐྱེན་སྣང་རང་དབང་དུ་བསྒྱུར་ཞིང་ལྷ་འདྲེ་མི་གསུམ་འདུད་པ་ནི་ཚར་ཚད་རྫོགས་པ་ཡིན༔ ལར་དུས་དང་རྣམ་པ་ཐམས་ཅད་དུ་རྣམ་པར་རྟོག་པ་དྲག་ལ་ཤུགས་ཆེ་བ་གཅིག་སྐྱེས་དུས་ཡུལ་དང་རང་སེམས་བསྲེས་ཏེ་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ལ་བསྟིམ་སྟེ་ཕཊ་སྒྲ་དྲག་པོ་བརྗོད་ནས་ཡུལ་མེད་ཀྱི་ངང་དུ་མཉམ་པར་བཞག་པས་ཆོད་པར་འགྱུར༔ འདྲེ་དང་འདྲེར་འཛིན་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་བཤིག་པ་འདི་གཙོར་བསྟེན་པ་གནད་ཡིན་པས་ཤེས་པར་བྱའོ༔ དེ་ལྟར་ཟིལ་གནོན་གྱིས་མི་སློང་ན་རང་ཉིད་ཁྲོས་མ་ནག་མོའི་སྐུ་རི་རབ་ཙམ་དུ་བསྒོམ་ལ་རི་རབ་ཟས་སུ་ཟོས་རྒྱ་མཚོ་ཧུབ་ཀྱིས་བཏབ་གནས་པའི་ལྷ་འདྲེ་ཐམས་ཅད་གདན་དུ་བཏིང་བར་ཡང་ཡང་བསམ་པས་སློང་༔ དེས་ཀྱང་སློང་ཚད་མ་བྱུང་ན་སྣང་སྲིད་ཐམས་ཅད་རང་གི་སྣང་བ་ཆེན་པོའི་ཁྱབ་ནས་གནས་པའི་ལྷ་འདྲེ་ཐམས་ཅད་མེ་ལོང་གི་བྱད་བཞིན་དུ་བསྡུས་རང་ཉིད་ཀྱི་མལ་འོག་ཏུ་བསྡུས་པར་བསམ་ལ་འདུག༔ དེས་ཀྱང་སློང་ཚད་མ་བྱུང་ན་རང་ཉིད་ཁྲོས་མ་ནག་མོའི་ཕྱག་གཡས་པས་མི་ལྤགས་ཀྱི་གཡང་གཞི་ཀླད་ལ་བསྐོར་ཞིང་ས་ལ་བརྡབ་པས་རི་རབ་ཐམས་ཅད་ཤིགས་ཤིག་འགུལ༔ རྒྱ་མཚོ་ཆལ་ཆལ་འཁྱོལ༔ རྩི་ཤིང་ཐམས་ཅད་ཐར་གྱིས་གཏོར་ནས་གནས་པའི་ལྷ་འདྲེ་ཐམས་ཅད་འདར་ཕྲི་ལི་ལི་ཐོན་པར་བསམ༔ གཡོན་པས་མི་རྐང་གི་གླིང་བུ་ལན་གསུམ་བུས་པས་སྒྲ་དང་པོས་རི་རབ་བཤིགས༔ གཉིས་པས་བྲག་རི་ཆུ་མཚོ་ཐམས་ཅད་གཏོར་ཞིང་བསྐམ༔ གསུམ་པས་ལྷ་འདྲེ་ཐམས་ཅད་གཉིད་བཙན་ཐབས་ཀྱིས་དཀྲོག་པ་བཞིན་གདན་འོག་ཏུ་འདུས་པར་བསམ་ལ་འདུག་གོ༔ དེས་ཀྱང་མི་སློང་ན་རང་ཉིད་ཁྲོས་མ་ནག་མོའི་ཕྱག་གཉིས་ཀྱིས་ལྷ་འདྲེའི་གནས་རྟེན་ཁང་ཁྱིམ་ཐམས་ཅད་ཀྱི་མགོ་ཐུར་དུ་བསྟན་པའི་འོག་ཏུ་ཁྲོ་ཆུ་ཁོལ་མ་མེ་འབར་བ་ཁ་ཞེང་ཆེ་ལ་གཏིང་ཟབ་པའི་ནང་དུ་ལྷུང་ལ་ཁད་པ་བྱས་པའི་སྟེང་དུ་རང་ཉིད་ཁྲོས་མ་ནག་མོའི་ཕོ་བྲང་ཆེ་བ་བརྗིད་པ་སྲ་བ་འཐས་པའི་ནང་དུ་མཁའ་འགྲོ་བྱེ་བ་འབུམ་སྡེ་བསྒོམ་ལ་གད་རྒྱངས་དྲག་པོ་བྱའོ༔ དེས་ནི་སློང་ཚད་ངེས་པར་འབྱུང་བ་ཡིན༔ ནམ་མཁའ་ལ་སེར་སྤྲིན་དྲག་པོ་འཁྲིགས་བྱུང་བའི་དུས་སུ་རང་ཉིད་ཁྲོས་མ་ནག་མོའི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་དཔལ་ཨོ་རྒྱན་པདྨ་བདུད་འདུལ་སྐུ་མདོག་དམར་ནག་ཕྱག་གཡས་རྡོ་རྗེའི་ལྕགས་ཕུར་བསྡིགས་ཤིང་གཡོན་པས་ཐོད་ཁྲག་ཐོགས་པ༔ པདྨ་འདབ་སྟོང་ཉི་ཟླའི་གདན་ལ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ༔ དབུ་སྐྲ་དམར་སེར་གྱི་རྩེ་མོ་སྟེང་ཕྱོགས་མེ་རི་འབར་བའི་ཞིང་དུ་འཁྱིལ་བ༔ ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པ་ཉི་མ་བྱེ་བ་འབུམ་གྱི་འོད་ཕུང་འབར་བ་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་གཟིགས་པའི་སྐུའི་སྟོད་ཀྱི་ཆ་ལ་སྤྲུལ་སྐུ་བསྐལ་པ་བཟང་པོའི་སངས་རྒྱས་དང་༔ སྐེད་པ་བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ༔ སྐུ་སྨད་ཀྱི་ཆ་ལ་མ་དང་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ༔ མཐའ་སྐོར་དུ་ཡེ་ཤེས་དང་ལས་ལས་གྲུབ་པའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས་བསྐོར་བར་བསྒོམ༔ དེ་ལས་འོད་ཟེར་རབ་ཏུ་འཕྲོས་པས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ དེ་དག་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་མེ་འོད་ཁྲོ་ཆུ་ལྕགས་སྡིག་སེང་གེ་དཔག་ཏུ་མེད་པ་འཕྲོས་པས་སྤྲིན་གྱིས་གར་ཁྱབ་ཐམས་ཅད་ཁྱབ་ནས༔ ཡེ་ཤེས་མེ་ལྕེའི་འཁོར་ལོ་ཁྲོ་བོ་འབར་བའི་གཞལ་ཡས་ལྕགས་སྡིག་འབར་བའི་འདུ་འཕྲོ་སེང་ཆེན་རལ་པ་བསིགས་ཤིང་ངར་སྒྲས་སྟོང་གསུམ་གཡོ་བ་སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཟ་ཞིང་བསྲེགས་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ༔ སྟེང་གི་གནོད་བྱེད་ཐམས་ཅད་རྒྱ་མཚོ་ཆེན་པོའི་གཏིང་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ་འཐུམ་པར་བསམ༔ རང་ཉིད་ཁྲོས་མ་ནག་མོའི་ཕྱག་མཐིལ་ཁ་སྦྱར་བའི་བར་དུ་ཡི་གེ་ཧཱུྃ་དམར་ནག་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ་གཅིག་བསྒོམ༔ སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཧཱུྃ་ལ་ཐིམ༔ ནམ་མཁར་གཏད་ནས་ཁ་ཕྱེས་པའི་ཚེ་ཧཱུྃ་དེ་ནམ་མཁར་མདའ་ལྟར་སོང་ནས་གཅིག་ལས་བསམ་ཡས་པར་གྱུར་ཏེ་སྤྲིན་ཐམས་ཅད་ཧཱུྃ་ཡིག་དམར་ནག་མེ་འབར་གྱིས་གོ་མཚམས་མེད་པར་ཁྱབ་ནས་གནོད་བྱེད་སྡེ་བརྒྱད་ཐམས་ཅད་བསྲེག་ཅིང་བརླག་བྱེད་ཀྱི་ནུས་པ་དང་ལྡན་པར་བསམ༔ གདན་གྱི་འོག་ཏུ་བྃ་ལས་རྒྱ་མཚོ་ཆུའི་དཀྱིལ་འཁོར་གྲང་དམྱལ་གྱི་གྲང་ལྷག་ལས་ཆེ་བ་ཆུའི་རྣམ་པ་ལ་གང་གིས་ཀྱང་མི་འབིག་པས་འོག་གི་སྡེ་བརྒྱད་ཐམས་ཅད་གནོན་པར་བསམ༔ ཨོཾ་གུ་རུ་རཀྴ་ཀྲོ་དྷ་བུདྡྷ་དྷེ་ཝ་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨཿཡཿམཿདུཿརུཿཙཿཤཿནཿམཱ་ར་ཡ་བྷྱོ་ནན་ཕཊ༔ ཅེས་བརྗོད༔ གཞན་ཡང་ཐོག་སྔགས་ཅུང་ཟད་བཟླས་ཏེ་འཁོར་འདས་འུབ་ཆུབ་ཀྱི་ངང་དུ་མཉམ་པར་བཞག་པས་ངེས་པར་གཅོད་དོ༔ ཆོས་ཉིད་དོན་གྱི་གནས་ལུགས་ངེས་པར་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་འཇིགས་པ་གང་གིས་ཀྱང་མི་འཇིགས་ཤིང་༔ གདིང་མ་ཐོབ་པ་རྣམས་ཀྱིས་ཀྱང་ངོ་ཤེས་པའི་ངང་དུ་བཞག་ན་ལྷ་འདྲེ་དང་འཇིགས་པ་གཞན་གྱིས་ནི་གླགས་རྙེད་མི་སྲིད་དེ༔ གནམ་ལྕགས་ཐོག་གི་འཇིགས་པ་ནི་ལེགས་ཉེས་ཆེ་བས་དམིགས་པ་ལ་གཟབ་པར་བྱའོ༔ གཞན་ལ་ནི་འཁུ་འཕྲིག་རེ་དོགས་སྲུང་ཟློག་ལྷ་སྒོམ་སྔགས་བཟླས་ཐུན་བྲབ་ཐམས་ཅད་སྤངས་ནས་རོ་སྙོམས་པའི་ངང་དུ་ལྷུག་པར་འཇོག་པ་གནད་ཀྱི་ཡང་སྙིང་ཡིན་པས་ཤེས་པར་བྱའོ༔ གང་ལ་རེ་བ་སྐྱེས་པ་ནི་འདོད་པའི་ཕྱོགས་ཐམས་ཅད་འཇོམས་པའི་འགོང་པོ་ཡིན་པས་རེ་བ་བཅད༔ གང་ལ་དོགས་པ་སྐྱེས་པ་ནི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགུགས་པར་བྱེད་པའི་ཕོ་ཉ་ཡིན་པས་དོགས་པ་བཅད༔ གང་ལ་གནོད་བྱེད་དུ་འཛིན་པ་ཐམས་ཅད་ནི་བར་ཆད་དོན་གཉེར་དུ་སྒྲུབ་པ་ཡིན་པས་འགྲུབ་པར་འགྱུར༔ གང་ལ་ཕན་མེད་དུ་འཛིན་པ་ནི་རྐྱེན་ངན་དངོས་གྲུབ་དང་ལྟས་ངན་གཡང་ལེན་གྱི་མན་ངག་ཟབ་མོ་ཡིན༔ ན་ཚ་བདེ་བར་བསྒོམ་པ་དང་རྐྱེན་ངན་གྲོགས་སུ་ལམ་ཁྱེར་བྱེད་པ་ནི་དཔེར་ན་ཁ་སྣ་དང་མིག་ལ་ཚ་ཞིང་ཤིན་ཏུ་མི་བཟོད་པ་དག་བདེ་བར་བསྒོམ་ནས་རྟག་ཏུ་བསྟེན་པས་དེ་ཐ་མར་བདེ་བར་ཤར་ནས་མེད་ཐབས་མེད་པར་འགྱུར་བ་ལྟར༔ དང་པོ་མི་མཐུན་པ་དང་དུ་བླངས་ཏེ་བདེ་ཞིང་མཐུན་ཕྱོགས་སུ་བསྒོམ་པས་ཐ་མ་གྲོགས་སུ་འགྱུར་བར་ངེས་པས་ཤེས་པར་བྱའོ༔ དཔེར་ན་སངས་རྒྱས་ལ་ལོག་སྤྱོད་ཀྱི་བདུད་དཔུང་གྲོགས་དང་རྒྱན་དུ་ཆེ་བ་ལྟ་བུར་མེད་ཐབས་མེད་པའི་ལམ་གྲོགས་སུ་ངེས་པས་དེ་ཡང་ཤེས་པ་གནད་ཟབ་མོ་ཡིན་ནོ༔ སྐབས་བཅུ་གཉིས་པའོ༔ འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་འཁྲུལ་པའི་གཞི་ནི་ངར་འཛིན་གྱི་ཕུང་པོ་གྲུབ་པ་ལས་རྒྱུ་བྱས༔ འཕྲལ་བྱུང་གི་ཉེ་བར་ལེན་པའི་སེམས་ཀྱིས་རྐྱེན་བྱས་ནས་འཁྲུལ་པ་ཡིན་པས༔ བར་སྐབས་སུ་གཅེས་འཛིན་གྱི་ཕུང་པོ་ཞེན་མེད་དུ་བཤིག་ཕྱིར་ཚོགས་དང་སྟོན་མོར་འགྱེད་ནས་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པར་བྱ་བ་ནི་གཉིས་འཛིན་རྩད་ནས་གཅོད་པའི་ཐབས་ཟབ་མོ་སྟེ༔ དེ་ལ་དང་པོ་མདུན་གྱི་ནམ་མཁར་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རིག་འཛིན་པདྨ་བདུད་འདུལ་སྐུ་མདོག་དཀར་དམར་བཀྲག་མདངས་འོད་དང་ལྡན་པ་ཕྱག་གཡས་རྡོ་རྗེ་རྩེ་ལྔས་ཁམས་གསུམ་དབང་དུ་སྡུད་ཅིང་༔ གཡོན་པས་ལྕགས་ཕུར་གཟིར་བས་སྲིད་གསུམ་ཟིལ་གྱིས་གནོན་པ༔ སྐུ་གཅེར་བུ་སྟག་ཤམ་དང་ཐོད་པ་ར་རི་སུམ་བརྩེགས་ཀྱི་ཕྲེང་བའི་དོ་ཤལ་བྱས་པ༔ པདྨ་དང་ཉི་མ་བདུད་བཞི་གདན་དུ་བཏིང་བའི་སྟེང་དུ་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ༔ དབུ་སྐྲས་སྐུ་རྒྱབ་ཁེབས་པ་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ༔ ཁྲོ་བོའི་གཉེར་མ་ཅན་ལས་འཛུམ་བག་གི་མདངས་དང་ལྡན་པ༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་འོད་དང་འཇའ་ཐིག་མེ་དཔུང་གི་ཀློང་ན་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་དང་ཆུ་ཟླའི་གཟུགས་བརྙན་ལྟ་བུ༔ གསལ་ལ་དེར་འཛིན་བྲལ་བ་རྨི་ལམ་གྱི་ཡུལ་སྣང་ངོ་ཤེས་པ་ལྟ་བུ་དང་སྒྱུ་མའི་སྤྲུལ་བསྒྱུར་དང་མིག་འཕྲུལ་ལྟ་བུར་ཤེས་པར་བྱའོ༔ མཐོང་ངམ་ཐོས་སམ་དྲན་ནམ་རེག་པ་ཙམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་བརླབ་ནུས་པའི་བདག་ཉིད་ཅན་དུ་བསྒོམ་ལ༔ ཡིད་ཁྱེད་ཤེས་ཀྱི་དད་པ་དྲག་པོའི་སྒོ་ནས་བློ་སྙིང་བྲང་གསུམ་ལིང་བཀལ་གྱིས་གསོལ་བ་གདབ་པར་བྱའོ༔ ཕཊ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ན༔ སྐུ་དང་ཡེ་ཤེས་རབ་རྫོགས་བླ་མ་རྗེ༔ དོན་དམ་མི་ཤིགས་ངོ་བོ་ཐིག་ལེའི་སྐུ༔ སྨིན་གྲོལ་དབང་དང་གདམས་པའི་མཛོད་དུ་ཤར༔ ཕཊ༔ གསོལ་བ་འདེབས་སོ་སྐུ་བཞིའི་བདག་ཉིད་དཔལ༔ དད་མོས་གདུང་ཤུགས་དྲག་པོས་ཐུགས་རྒྱུད་བསྐུལ༔ མ་རིག་སྒོང་རྒྱར་དུབ་པའི་སེམས་སེམས་བྱུང་༔ ཡེ་གཞི་ཀ་དག་ཀློང་ཆེན་དགོངས་པར་རོལ༔ ཅེས་བརྗོད་ཅིང་རང་གཞན་གྱི་རིག་པ་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རོ་གཅིག་ཏུ་བསྲེས་ནས་སྐུ་གསུམ་གྱི་དགོངས་ཀློང་ཡངས་པར་སད་དེ་བདེ་ཆེན་འཕོ་འགྱུར་མེད་པའི་གདིང་ཆེན་ཐོབ་པར་བསམ་ལ༔ ཕཊ་དང་པོས་བསྲེ༔ ཕཊ་གཉིས་པས་སྒྲིབ་པ་དག༔ ཕཊ་གསུམ་པས་དབང་བཞི་ཡོངས་སུ་རྫོགས་ཏེ་སྐུ་གསུམ་གྱི་གདིང་ཆེན་ཐོབ་པར་བསམ༔ ཐུགས་ཡིད་བསྲེ་བ་ནད་དང་གནོད་པ་རྐྱེན་དང་བར་ཆད་ཐམས་ཅད་སེལ་བའི་མཆོག་ཡིན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་གནད་འདི་ཁོ་ནའོ༔ དེ་ནས་རིག་པ་དབྱིངས་སུ་སྤར་བ་ནམ་མཁའ་གོ་འབྱེད་ནི༔ རང་ལུས་ཆེ་ཚོ་རབ་བརྗིད་དབུས་རྩའི་སྦུབས༔ བླ་ཚེ་བསོད་ནམས་རིག་པ་གཅིག་དྲིལ་བའི༔ དྭངས་མའི་ཐིག་ལེ་དཔག་ཆེན་མདའ་ལྟར་འཕངས༔ ཤེས་རབ་དབྱིངས་ལས་ཐབས་ཀྱི་ཕྱག་རྒྱར་བཞེངས༔ ཞེས་བརྗོད་པའི་དུས་སུ་རང་གི་ལུས་ཆེ་བ་ཚོ་བ་སྣུམ་པ་ཤིན་ཏུ་བརྗིད་པའི་དབུས་སུ་རྩ་དབུ་མ་སྟོང་གསལ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣ་ཚངས་པའི་བུ་གར་ཟུག་པ་མར་སྣ་ལྟེ་བའི་འོག་ཏུ་འགགས་པའི་ནང་སྙིང་གའི་ཐད་དུ་བླ་ཚེ་བསོད་ནམས་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་བྱ་མ་སར་གྱི་སྒོ་ང་ཙམ་གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བར་གསལ་བ་དེ་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་སྟེང་གི་ནམ་མཁར་ཐོན་པར་བསམ་ལ༔ ཕཊ་དང་པོས་སྤར༔ གཉིས་པས་དབྱིངས་སུ་སད༔ གསུམ་པས་མ་ཅིག་ཁྲོས་མ་ནག་མོའི་སྐུར་བཞེངས་པར་བསམ་ལ༔ ཕཊ་ཕཊ་ཕཊ༔ སྐུ་གསུམ་ལྷུན་གྲུབ་ཁྲོས་མ་ནག་མོའི་སྐུ༔ ཕྱག་གཉིས་གྲི་ཐོད་སྤྱན་གསུམ་ནམ་མཁར་གཟིགས༔ ཞབས་གཉིས་གར་སྟབས་རུས་རྒྱན་མེ་དཔུང་འབར༔ ཁ་ཊྭཱྃ་ཀ་བརྟེན་སྤྱི་བོར་ཕག་ཞལ་ངུར༔ ཕཊ་བརྗོད་པས་སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོར་རིག་སྟེ༔ ཕྱག་གཡས་གྲི་གུག་བམ་གྱི་ཐོད་པ་བྲེག༔ རང་བྱུང་ལྷུན་གྲུབ་ཐོད་སྒྱེད་སྟེང་དུ་བབས༔ དེ་ནང་གཟུགས་ཕུང་བདུད་རྩིའི་རྒྱ་མཚོར་ཞུ༔ ལྦུ་བ་ཕྱིར་ལུད་ཞིང་ཆེན་ས་གཞིའི་སྟེང་༔ ཤ་རི་ཁྲག་མཚོ་རུས་གྲམ་ཞག་གི་བཀྲག༔ འདོད་ཡོན་མི་ཟད་ནམ་མཁའི་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད༔ དམིགས་པ་ནི༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཕྱག་གཡས་གྲི་གུག་ཚད་པ་ཙམ་གྱིས་ཐོད་པ་རྒར་གྱིས་བྲེག་པ་ཐོད་པ་ར་རི་གསུམ་གྱི་སྒྱེད་པུར་བབས་པས་བྷནྡྷ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཞིག་ཏུ་གྱུར་པར་བསམ༔ སླར་ཡང་གྲི་གུག་ཚད་པ་ཙམ་གྱིས་ལུས་ཀྱི་ལྤགས་པས་དབང་ཆེན་གསེར་གྱི་ས་གཞི་ཁེབས་ཤིང་ཁྱབ་པར་གྱུར༔ གཟུགས་ཕུང་མགོ་མེད་པ་དེ་བྷནྡྷའི་ནང་དུ་འཕངས་ཏེ་འོག་ནས་མེ་རླུང་འཐབ་པས་ཐོད་པ་དྲོས་གཟུགས་ཀྱི་ཕུང་པོ་ལྟེམ་གྱིས་ཞུ་ནས་རབ་ཏུ་ཁོལ་ཞིང་ལུད་པའི་ལྦུ་བ་ཞིང་ལྤགས་ཀྱི་གཞི་ལ་བབས་པས༔ བཟའ་བ་ཤའི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོ༔ བཅའ་བ་རུས་པའི་གྲམ་ཁྲོད༔ ལྡག་པ་ཚིལ་ཞུན་གྱི་རྒྱ་མཚོ༔ གཞིབ་པ་རྐང་དང་ལྷ་བ༔ གཞན་ཡང་འཁོར་འདས་གཉིས་ཀྱི་མགྲོན་རིགས་ཐམས་ཅད་ལ་རང་རང་གི་སྤྱོད་ཡུལ་དང་མཐུན་པའི་འདོད་ཡོན་མི་ཟད་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་དང་མཉམ་པར་བསམ་ལ༔ ཕཊ་དང་པོས་སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས་དཀོན་མཆོག་སྲི་ཞུའི་མགྲོན་དང་༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ཕྱོགས་སྐྱོང་བཅུ་འཇིགས་བྱེད་དགུ་རྒྱལ་ཆེན་བཞི་རྒྱུ་སྐར་ཉེར་བརྒྱད་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དང་༔ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་མི་སོགས་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཐམས་ཅད་ཀྱིས་ཐོས༔ གཉིས་པས་གནས་ནས་ཆས༔ གསུམ་པས་ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་གང་ནས་ཐིབས་ཀྱིས་འདུས་ཤིང་འཁོད་པར་བསམ༔ སླར་ཡང་ཕཊ་ཀྱིས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས་འགྱེད་ལས་བྱེད་པར་བསམ་ལ༔ ཕཊ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ མཆོད་སྤྲིན་མི་ཟད་རྒྱན་འཁོར་འབུལ༔ ཚོགས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ ཕཊ་དང་པོས་ཐོབ༔ གཉིས་པས་བདེ་སྟོང་གི་རོས་ཚིམས༔ གསུམ་པས་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་བདག་ལ་འཕོས་པར་བསམ༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ ཧེ་རུའི་གནས་བཅུ་དུར་ཁྲོད་བརྒྱད༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་༔ འབྲེལ་བའི་དཔའ་བོ་མཁའ་འགྲོ་མཆོད༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ ལྷ་འདྲེའི་འགྲོ་དོན་ནུས་པར་ཤོག༔ ཕཊ་ཕཊ་ཕཊ༔ དང་པོས་མཆོད༔ གཉིས་པས་ཐོབ༔ གསུམ་པས་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ༔ ཕཊ༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ གཙང་མ་འདོད་ཡོན་ཚོགས་ཀྱིས་མཆོད༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ དང་པོས་མཆོད༔ གཉིས་པས་ཐོབ༔ གསུམ་པས་ཐུགས་ཟག་མེད་ཀྱི་བདེ་བས་ཚིམས་པར་བསམ༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ མི་དང་ལྷ་དང་ལྷ་མིན་སོགས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ གང་ལ་གང་མཁོའི་འདོད་ཡོན་བསྔོ༔ ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས༔ འབྲེལ་བ་ཐོགས་ཚད་སངས་རྒྱས་ཤོག༔ ཕཊ་ཕཊ་ཕཊ༔ དང་པོས་ཐོབ༔ གཉིས་པས་ཚིམས༔ གསུམ་པས་གྲོལ་བར་བསམ༔ ཕཊ༔ སྟོང་གསུམ་བརྡལ་ཁྱབ་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ རྐང་ཚིལ་ལྷ་བ་མར་ཁུར་འཁྱིལ༔ འདོད་ཡོན་ནམ་མཁའ་དང་མཉམ་བརྡལ༔ འབྲུ་གསུམ་ནུས་པས་བདུད་རྩིར་བསྒྱུར༔ མགྲོན་རྣམས་སྐད་ཅིག་སྤྱན་དྲངས་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ ཕཊ་ཕཊ་ཕཊ༔ དང་པོས་སྡེ་བརྒྱད་ལྷ་འདྲེ་རྣམས་ཀྱིས་ཐོས༔ གཉིས་པས་ཆས༔ གསུམ་པས་ཐིབས་ཀྱིས་འདུས་པར་བསམ༔ ཡ་ཀི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ནམ་མཁར་སྐར་ལྟར་འཁྲིགས་ལ་ཤོག༔ བར་སྣང་སྤྲིན་ལྟར་གཏིབས་ལ་ཤོག༔ ས་གཞིར་རླུང་ལྟར་འཚུབས་ལ་ཤོག༔ མ་འགྱངས་མ་གཡེལ་མྱུར་དུ་གཤེགས༔ གཏན་གྱི་ལོངས་སྤྱོད་འདི་ལ་འདུས༔ ཕཊ་ཕཊ་ཕཊ༔ དེ་རིང་དོན་གྱི་དཔའ་བོ་ངས༔ འཁོར་འདས་རོ་སྙོམས་བརྟུལ་ཞུགས་ཀྱིས༔ གཅེས་འཛིན་ཕུང་པོ་ཚོགས་སུ་བཤམས༔ ཕ་མ་ལྷ་འདྲེ་མགྲོན་དུ་དྲངས༔ ཕཊ༔ ལྷ་དང་གཤིན་རྗེ་མ་མོ་བདུད༔ སྲིན་པོ་བཙན་དང་གནོད་སྦྱིན་དང་༔ ཀླུ་དང་ཐེའུ་རང་རྒྱལ་པོ་གཟའ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ༔ གང་ལ་གང་མཁོའི་འདོད་ཡོན་སྦྱིན༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ དང་པོས་ཆེ་རྒུ་མཆོད༔ གཉིས་པས་འབྲིང་རྒུ༔ གསུམ་པས་ཆུང་རྒུ་ཐམས་ཅད་ལ་ཐོབ་པར་བསམ༔ ཕཊ་ཀྱིས་ངོམས་ཤིང་ཚིམས་པར་བསམ༔ རྒྱལ་པོ་བེ་དཀར་པེ་ནག་དང་༔ རྩི་དམར་འགོང་པོ་སྤུན་དགུ་སོགས༔ ཞེ་སྡང་ཕོ་གདོན་ཐམས་ཅད་ལ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས༔ འཁྲུལ་མེད་རང་ངོ་མཐོང་བར་ཤོག༔ ཕཊ་ཕཊ་ཕཊ༔ བསེན་མོ་མི་ཟན་ཁྲག་རལ་མ༔ འཕྲོག་མ་ཆེན་མོ་ཁ་འབར་མ༔ མ་བདུད་རྒྱལ་མོ་སྤུན་དགུ་སོགས༔ འདོད་ཆགས་མོ་གདོན་འདྲེ་མོ་ལ༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ དགའ་མགུ་ཡི་རང་ཚིམས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཀླུ་བདུད་ནཱ་ག་རཱ་ཛ་དང་༔ རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་༔ གདོལ་པ་ནག་པོ་ལ་སོགས་པའི༔ གཏི་མུག་ཀླུ་གདོན་ས་བདག་ལ༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ ཕཊ་ཕཊ་ཕཊ༔ ཉོན་མོངས་དུག་ལྔ་དུག་གསུམ་ལ༔ རྟེན་དང་བརྟེན་པའི་ལྷ་འདྲེ་ནི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ འཕྲོག་མ་མ་བུ་ལྔ་བརྒྱ་སོགས༔ གཉུག་མར་གནས་པའི་ལྷ་འདྲེ་ལ༔ གང་ལ་གང་མཁོའི་འདོད་ཡོན་བསྔོ༔ དགའ་མགུ་ཡི་རང་ཚིམས་གྱུར་ནས༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཤ་མཁོན་ལན་ཆགས་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ གྲི་བཙན་གྲོང་རྒྱུག་མོ་འདྲེ་དང་༔ དམ་སྲི་སྒབ་འདྲེ་ཆུང་སྲི་དང་༔ ཟ་འདྲེ་ཤི་གཤེད་ཕོ་མོ་སོགས༔ ཤ་མཁོན་བུ་ལོན་ལན་ཆགས་བདག༔ གློ་བུར་ལྷགས་པའི་ལྷ་འདྲེ་ཡན༔ གནོད་བྱེད་མ་ལུས་འཁོར་བཅས་ལ༔ འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ༔ རྗེས་ཤུལ་ཙམ་ཡང་མ་བཞག་པར༔ བཞེས་ཤིག་རོལ་ཞིག་གང་དགར་སྤྱོད༔ སྟེར་མི་ནུས་ན་ང་ཞན་ཏེ༔ སྤྱོད་མི་ནུས་ན་ཁྱེད་རེ་ངན༔ ངས་ནི་ལུས་ཀྱི་ཐ་མ་ཡིན༔ སྦྱིན་པའི་ཕ་རོལ་ཕྱིན་པར་བྱེད༔ ལན་ཆགས་བུ་ལོན་ད་སོད་ཟིན༔ བདེ་ཆེན་དག་པའི་ས་རུ་ཕྱིན༔ འཁོར་བར་མི་ལྡོག་གདིང་ཐོབ་བོ༔ ཕཊ་ཕཊ་ཕཊ༔ དེ་ལྟར་ལུས་ཀྱི་སྟོན་འགྱེད་བྱེད་པའི་དུས་སུ་ཕཊ་དང་པོས་ཐོབ༔ གཉིས་པས་ཚིམས༔ གསུམ་པས་གྲོལ་བར་བསམ༔ སྣང་སྲིད་དང་མཉམ་བྷན་སྣོད་དུ༔ ལྷག་མ་མྱོང་གྲོལ་འདོད་ཡོན་གཏེར༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན༔ ལྷག་མགྲོན་ཉམ་ཐག་སྤྱན་དྲངས་གྱུར༔ ཕཊ་ཕཊ་ཕཊ༔ རང་བྱས་ལས་ཀྱིས་མནར་བ་ཡི༔ ཁས་ཞན་དབང་ཆུང་ཉམ་ཐག་པ༔ ཞ་ལོང་འོན་ལྐུགས་ཟུག་རྔུ་ཅན༔ མ་ལུས་ལུས་པ་མེད་པ་ལ༔ སྡུག་བསྔལ་ཀུན་སེལ་ཟས་སྨན་རྩི༔ འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་བསྔོ༔ དགའ་མགུ་ཡི་རང་བདེ་ཆེན་ཞིང་༔ ཡེ་ཤེས་ཆེན་པོར་དབང་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ དང་པོས་ཐོབ༔ གཉིས་པས་ཚིམས༔ གསུམ་པས་ཟག་མེད་བདེ་བ་ཆེན་པོའི་ངང་དུ་སད་པར་བསམ༔ སླར་ཡང་འཁོར་གསུམ་ཡོངས་དག་ཆེན་པོའི་རྒྱས་འདེབས་ནི༔ ཕཊ༔ ཆོས་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཐོག་མེད་སྦྱིན་སོགས་དུས་གསུམ་བསོད་ནམས་རྒྱུ༔ ཟག་མེད་སྤྲོས་མཐའ་བྲལ་བའི་ངང་དུ་བསྔོ༔ སྐུ་དང་ཡེ་ཤེས་ཆེན་པོར་སྨིན་གྲོལ་ཤོག༔ ཕཊ༔ ང་མེད་ངར་འཛིན་བཏང་བའི་བརྟུལ་ཞུགས་དགེས༔ རྒྱུ་དྲུག་འཁོར་བར་འཕྱན་པའི་སྐྱེ་འགྲོ་ཀུན༔ མ་འབད་ཡེ་གཞིའི་ཀློང་དུ་གདིང་རྙེད་ནས༔ འཇིགས་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཕཊ༔ སེམས་དང་སེམས་བྱུང་སྣང་བ་སྣང་ཆར་བཅས༔ ཀུན་ཁྱབ་ཡེ་ཤེས་ཆེན་པོའི་ངང་དུ་བཞག༔ གསལ་བ་འགག་མེད་ཡེ་ཤེས་ལྷུམས་སུ་ཞུགས༔ ཡེ་གཞི་ཀ་དག་ཆོས་དབྱིངས་ཆེན་པོར་སངས༔ འཁོར་འདས་མེད་ཅིང་རྒྱུ་དང་འབྲས་བུ་མེད༔ བདེ་སྡུག་རེ་དོགས་རོ་སྙོམས་ངང་དུ་དག༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ཨ༔ ཕཊ་ཕཊ་ཕཊ༔ ཅེས་བདག་དང་ཡུལ་སྣང་ཐམས་ཅད་གཉིས་སུ་མེད་པར་ངོ་བོ་སྟོང་པ་ཉིད་ཀྱི་ངང་དུ་ཞིག༔ ཡེ་གཞི་གདོད་མའི་མགོན་པོའི་ལྷུམས་སུ་མཉམ་པར་བཞག༔ དེ་ནི་དུས་དང་རྣམ་པ་ཐམས་ཅད་དུ་ཉམས་སུ་ལེན་པའི་མན་ངག་གཅིག་ཆོག་ཟབ་མོ་ཡིན༔ གཅོད་ཀྱི་གདམས་ངག་རྒྱུན་དུ་ཉམས་ལེན་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྡིག་སྒྲིབ་སྦྱོང་ཕྱིར་ཐོ་རངས་ནག་འགྱེད་བྱེད་པའི་ཐབས་ནི༔ ཕཊ༔ རང་ལུས་ཚོ་སྣུམ་ཆེ་བརྗིད་དབུས་རྩ་ནས༔ རིག་པ་དྭངས་མའི་ཐིག་ལེ་ནམ་མཁར་སྤར༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཁྲོས་མར་བཞེངས༔ མཐིང་ནག་གྲི་ཐོད་གར་སྟབས་རུས་རྒྱན་གསོལ༔ ཕཊ༔ ཁམས་གསུམ་འཁོར་བའི་བག་ཆགས་སྡུག་བསྔལ་ཀུན༔ འོད་ནག་རྣམ་པར་བསྡུས་ཏེ་བེམ་པོར་ཐིམ༔ སྟོང་གསུམ་ཀུན་ཏུ་འགེངས་པའི་མི་རོ་ནི༔ སོལ་ཕུང་ལྟ་བུར་ལྷ་འདྲེའི་ཡིད་འཕྲོད་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད༔ ཕཊ་ཕཊ་ཕཊ༔ ཀླུ་གདོན་རྒྱལ་པོ་ཕག་གི་མགོ་ཅན་ལ༔ གཏི་མུག་ལས་བྱུང་ལྷ་འདྲེའི་འཁོར་གྱིས་བསྐོར༔ ཞེ་སྡང་རྒྱལ་པོ་སྦྲུལ་གྱི་གདོང་ཅན་ལ༔ ཞེ་སྡང་ལས་བྱུང་གདོན་བགེགས་འབྱུང་པོས་བསྐོར༔ འདོད་ཆགས་མོ་གདོན་བྱ་ཡི་གདོང་ཅན་ལ༔ འདོད་ཆགས་ལས་བྱུང་གདོན་བགེགས་ལྷ་འདྲེས་བསྐོར༔ འཁོར་འདས་དབང་མོ་རེ་ཏཱི་ནག་མོ་ཆེར༔ བུད་མེད་ནག་མོ་རལ་བསིགས་བྱེ་བས་བསྐོར༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་ལ་འདུས༔ མ་ཐོགས་མ་འགྱང་མགྲོན་དུ་གཤེགས་སུ་གསོལ༔ ཕཊ་ཕཊ་ཕཊ༔ འཁོར་འདས་རོ་སྙོམས་འཇིགས་མེད་རྣལ་འབྱོར་ངས༔ ཐོག་མེད་དུས་ནས་གཅེས་པར་བསྐྱངས་པ་ཡི༔ ང་མེད་ངར་འཛིན་འཁྲུལ་པའི་ཕུང་པོ་འདི༔ དེ་རིང་སྦྱིན་པ་ཆེན་པོའི་ཐབས་སུ་གཏོང་༔ ཕཊ༔ སྦྱིན་ཡུལ་མ་རིག་འཁྲུལ་པའི་ལྷ་འདྲེ་ནི༔ གཏི་མུག་ཀླུ་གདོན་ས་བདག་སྡེ་ཚོགས་དང་༔ ཞེ་སྡང་རྒྱལ་པོ་ཕོ་གདོན་ཐམས་ཅད་དང་༔ འདོད་ཆགས་མོ་གདོན་བསེན་མོའི་སྡེ་ཚོགས་བཅས༔ དེ་དང་དེར་བྱུང་ལྷ་འདྲེ་ཆེ་འབྲིང་ཆུང་༔ མ་ལུས་ལུས་པ་མེད་པ་ཐམས་ཅད་ལ༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་མཆོད་འབུལ༔ རྗེས་ཤུལ་ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ དེ་ལྟར་སྦྱིན་ཡུལ་ལྷ་འདྲེ་ཐམས་ཅད་ཀྱིས༔ ཧབ་ཐོབ་རོལ་པས་སོལ་ཕུང་བཞིན་དུ་སོང་༔ ཆེ་བས་ཆུང་ཟོས་གཙོ་བོ་གསུམ་གྱིས་ཟོས༔ རྒྱལ་པོས་མོ་ཟོས་ས་བདག་ཆེན་མོས་ཟོས༔ དེ་ཡང་ནག་མོ་ཆེན་མོས་ཇུར་མིད་ཟོས༔ འཁོར་དང་དཔུང་ཟོས་ཆོས་སྐུའི་ཀློང་དུ་ཡལ༔ ཕཊ་ཕཊ་ཕཊ༔ བདག་དང་ཡུལ་སྣང་རྨི་ལམ་སད་པ་ལྟར༔ ཡེ་རིག་དོན་གྱི་ཧེ་རུའི་ངང་དུ་འདུས༔ ལྷ་མེད་འདྲེ་མེད་སངས་རྒྱས་སེམས་ཅན་མེད༔ བདག་མེད་ཡུལ་མེད་གནོད་བྱ་གནོད་བྱེད་མེད༔ ཕྱོགས་མེད་ཀ་དག་ལྷུན་འབྱམས་ཆེན་པོའི་ངང་༔ མ་བཅོས་དེ་བཞིན་ཉིད་དུ་སྙོམས་པར་བརྡལ༔ ཕཊ་ཕཊ་ཕཊ༔ ནངས་པར་དཀར་འགྱེད་བྱ་བ་ནི༔ ཕཊ༔ ངར་འཛིན་བག་ཆགས་སྒྱུ་ལུས་ཕུང་པོ་ནས༔ དྭངས་མའི་ཤེས་རིག་གདོད་མའི་གཞི་རུ་འཕོས༔ ཆོས་ཉིད་དབྱིངས་ལས་ཡེ་ཤེས་སྒྱུ་འཕྲུལ་ལངས༔ རང་ཉིད་རྡོ་རྗེ་རྣལ་འབྱོར་དཀར་མོ་ཡིས༔ ཕྱག་གཡས་རལ་གྲིས་གཟུགས་ཀྱི་ཕུང་པོ་གཏུབ༔ རྡུལ་ཕབ་གཡོན་པས་རླུང་གི་བ་དན་གཡབ༔ ཤ་ཁྲག་རུས་པ་ཕྱོགས་མཚམས་ཀུན་ཏུ་གཏོར༔ ཕྱི་འབྱུང་སྣང་བའི་ཡུལ་དང་མཉམ་པར་བརྡལ༔ འོད་ཟེར་དཀར་དམར་མཐིང་གསུམ་གྱིས་སྦག་པས༔ གཞན་འཕྲུལ་ལྷ་ཡི་བཀོད་པ་འཕྲུལ་བཞིན་དུ༔ སྣང་སྲིད་འདོད་ཡོན་དཀར་མཆོད་སྤྲིན་དུ་བསྒྱུར༔ ངོ་བོ་བདེ་སྟོང་མྱོང་གྲོལ་བདུད་རྩི་ལ༔ རྣམ་པ་དཀར་གསུམ་མཚོ་དང་རི་བོ་ཐང་༔ མངར་གསུམ་བྲག་རི་འདོད་རྒུའི་སྤྲིན་ཕུང་གཡོ༔ ནམ་མཁའ་མཛོད་ཀྱི་དཔལ་ཡོན་བླ་ན་མེད༔ སྣོད་བཅུད་འདོད་ཡོན་མཆོད་པའི་རྒྱན་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཕཊ་ཕཊ་ཕཊ༔ ཌཱ་དྲིལ་འུར་ཆེམ་མཐར༔ ཨེ་མ༔ སངས་རྒྱས་ང་ལ་སེམས་ཅན་ང་༔ སྣོད་བཅུད་འདོད་ཡོན་སྣང་བ་ང་༔ ཐམས་ཅད་ང་ཡི་ཆོ་འཕྲུལ་ཡིན༔ ཐམས་ཅད་ང་ཡི་རྟེན་འབྲེལ་ཆོས༔ ཐམས་ཅད་འཕྲུལ་ཡང་ང་ལས་འཕྲུལ༔ ཐམས་ཅད་བསྡུ་ཡང་ང་ལ་འདུ༔ ཕཊ་ཕཊ་ཕཊ༔ ང་དབུ་མ་ཆེན་པོའི་རྣལ་འབྱོར་པས༔ ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས༔ ཡུལ་བཟང་ངན་མེད་པའི་དགའ་སྟོན་འགྱེད༔ ད་བདག་འཛིན་གཅོད་པའི་བརྟུལ་ཞུགས་སྤྱོད༔ ཕཊ་ཕཊ་ཕཊ༔ ང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས༔ ཆོས་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ དེང་མཆོད་སྦྱིན་དངོས་ཡུལ་རོལ་གར་བསྒྱུར༔ ཡུལ་དངོས་ཞེན་གཅོད་པའི་བརྟུལ་ཞུགས་སྤྱོད༔ ཕཊ་ཕཊ་ཕཊ༔ ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པས༔ ཆོས་ཐམས་ཅད་རིག་པ་རྗེན་པར་རྟོགས༔ ད་འཁོར་གསུམ་རྣམ་དག་བརྟུལ་ཞུགས་ཀྱིས༔ དབྱིངས་དག་མཉམ་ཆེན་པོ་མངོན་དུ་བྱ༔ ཕཊ་ཕཊ་ཕཊ༔ གཞི་བདེ་གཤེགས་སྙིང་པོ་མཆོག་གསུམ་ལྷ༔ ལམ་རིག་རྩལ་རོལ་པ་ཡོན་ཏན་མགྲོན༔ དོན་ཟག་མེད་བདེ་བ་ཆེན་པོས་མཆོད༔ གདངས་ཀ་དག་དབྱིངས་སུ་བྱང་ཆུབ་བོ༔ ཕཊ་ཕཊ་ཕཊ༔ སེམས་དུག་གསུམ་ཁམས་གསུམ་འཁོར་བའི་ཡུལ༔ རྩལ་རྣམ་པར་རྟོག་པའི་ལྷ་འདྲེ་བགེགས༔ དོན་གཉིས་མེད་རོལ་པའི་ཆོས་ཀྱིས་བཅོས༔ དབྱིངས་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྟེར༔ ཕཊ་ཕཊ་ཕཊ༔ ཕྱི་གཟུང་བ་ཡུལ་གྱི་ལྷ་འདྲེ་ལ༔ འཕྲུལ་སྣ་ཚོགས་སྣང་བའི་འདོད་ཡོན་འབུལ༔ ཡུལ་དངོས་ཞེན་བག་ཆགས་རྣམ་དག་ནས༔ དོན་ཡུལ་མེད་ཟང་ཐལ་མཆོད་པ་བཞེས༔ ཕཊ་ཕཊ་ཕཊ༔ ནང་འཛིན་པ་སེམས་ཀྱི་ལྷ་འདྲེ་ལ༔ འཕྲུལ་མེད་བཞིན་སྣང་བའི་འདོད་ཡོན་སྟེར༔ ཡུལ་མངོན་ཞེན་ཨ་འཐས་འཕྱང་གྲོལ་ནས༔ དོན་གཞི་མེད་རྩ་བྲལ་མཆོད་པ་བཞེས༔ ཕཊ་ཕཊ་ཕཊ༔ བར་གཟུང་འཛིན་འབྲེལ་བའི་ལྷ་འདྲེ་ལ༔ འཕྲུལ་འཁོར་བ་ལུགས་འབྱུང་ཆོས་རྣམས་སྟེར༔ ཡུལ་སྤོང་ལེན་མེད་པར་རང་ཞིག་ནས༔ གཞི་ཀ་དག་བརྡལ་ཁྱབ་མཆོད་པ་བཞེས༔ ཕཊ་ཕཊ་ཕཊ༔ ཡུལ་ཁམས་གསུམ་འཁོར་བའི་སེམས་སྣང་ཆོས༔ དཔེ་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ དབྱིངས་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ ད་འཁོར་འདས་དག་མཉམ་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ ཉིན་གུང་ཁྲ་བོར་འགྱེད་པ་ལ༔ ཕཊ༔ རང་ལུས་ལང་ཚོའི་དཔལ་ཡོན་ཕུན་ཚོགས་དབུས༔ ཨ་ཝ་དྷུ་ཏི་ཤེལ་གྱི་སྦུ་གུ་ནས༔ རྣམ་པར་ཤེས་པ་ནམ་མཁར་མདའ་ལྟར་འཕང་༔ དབྱིངས་ལས་ཁྲོས་མ་མཐིང་ནག་གྲི་ཐོད་ཅན༔ ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔ ཚེ་རབས་ལུས་དང་ལོངས་སྤྱོད་བསྡུས་ཏེ་བསྟིམ༔ ཞིང་ལྤགས་གཞི་ལ་ཤ་རི་ཁྲག་མཚོ་བསྐྱིལ༔ བྷནྡྷར་ཟག་མེད་ཡེ་ཤེས་བདུད་རྩི་འཁྱིལ༔ སྟོང་གསུམ་ས་གཞི་ཁོད་སྙོམས་ཡངས་པ་རུ༔ དཀར་མངར་སྐྱུར་དང་དྲི་སྨན་འབྲུ་ཟས་རིགས༔ གསེར་དངུལ་ཟངས་ལྕགས་ནོར་བུ་རིན་ཆེན་དཀོར༔ གོས་དར་རས་འཇམ་མཛེས་ལྡན་རེག་བྱའི་རིགས༔ སྦྲ་ཁང་གནས་མལ་ལ་སོགས་རྟེན་རྣམས་དང་༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ འབྲུ་གསུམ་ནུས་པས་མྱོང་གྲོལ་བཅུད་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ ཕཊ་ཕཊ་ཕཊ༔ གཏན་གྱི་མགོན་པོ་དཀོན་མཆོག་རིན་པོ་ཆེ༔ དཀར་ཕྱོགས་སྐྱོང་མཛད་མགོན་པོ་ཡོན་ཏན་མགྲོན༔ མ་ཐོགས་མཆོད་ཡུལ་མགྲོན་དུ་གཤེགས་སུ་གསོལ༔ འགྲོ་བ་རིགས་དྲུག་བར་དོའི་སེམས་ཅན་སྤྱི༔ བགེགས་རིགས་ལན་ཆགས་སྦྱིན་ཡུལ་འདྲེ་གདོན་ཡན༔ མ་ལུས་བྱ་རྒོད་ཤ་ལ་འཐིབས་པ་བཞིན༔ སྐད་ཅིག་ཉིད་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕཊ་ཕཊ་ཕཊ༔ སྐྱབས་གནས་མཆོག་གསུམ་རྩ་གསུམ་སྐུ་གསུམ་མཆོད༔ མགོན་པོ་ཡོན་ཏན་མགྲོན་གྱུར་ཀུན་ལ་མཆོད༔ རིགས་དྲུག་བར་དོའི་སེམས་ཅན་ཡོངས་ལ་བསྔོ༔ སྣང་སྲིད་ལྷ་འདྲེ་ལན་ཆགས་མགྲོན་ལ་བསྔོ༔ ཁས་ཞན་དབང་ཆུང་ཉམ་ཐག་ཀུན་ལ་བསྔོ༔ གང་ལ་གང་མཁོའི་འདོད་ཡོན་ཕུན་ཚོགས་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་སྤྲུལ་ཏེ་འབུལ༔ ཡས་མགྲོན་ཐམས་ཅད་བདེ་སྟོང་རོས་ཚིམས་ནས༔ བདག་སོགས་འགྲོ་བའི་ཚོགས་གཉིས་རྫོགས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ མས་མགྲོན་ཐམས་ཅད་དགའ་མགུ་བདེ་ལྡན་ཞིང་༔ སྡིག་སྒྲིབ་བག་ཆགས་རྒྱུ་འབྲས་དང་བྲལ་ནས༔ གཏན་བདེའི་ཕུན་ཚོགས་དཔལ་དང་རྟག་ལྡན་ཏེ༔ མི་འགྱུར་རྡོ་རྗེའི་གཏན་སྲིད་ཐོབ་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ དགེ་འདིས་འགྲོ་ཀུན་ངོ་བོ་ཉིད་དུ་སད༔ ཕྱམ་གཅིག་གདོད་མའི་གཞི་ལ་སངས་རྒྱས་ཤོག༔ མཆོད་སྦྱིན་གནས་ཡུལ་གཉིས་མེད་རོལ་པའི་ངང་༔ སྐུ་གསུམ་ལྷུན་གྲུབ་ཆེན་པོར་ལྷུམས་ཞུགས་ནས༔ དང་པོའི་སངས་རྒྱས་དགོངས་པར་མཉམ་བརྡལ་ཀླས༔ ཕཊ་ཕཊ་ཕཊ༔ དགོང་མོར་དམར་འགྱེད་བྱ་བ་ལ༔ ཕཊ༔ འབྱུང་བ་སྙིགས་མར་ལས་ཀྱིས་འཐས་པ་ཡི༔ མི་གཙང་བག་ཆགས་སྒྱུ་མའི་གནས་ཁང་ནས༔ དྭངས་མའི་ཤེས་རིག་གདོད་མའི་གཞི་རུ་བསྡུས༔ སླར་ཡང་ཡེ་ཤེས་མཁའ་འགྲོའི་རྣམ་པར་བཞེངས༔ ཕཊ་ཕཊ་ཕཊ༔ སྙིགས་མའི་ལུས་ཀྱི་ལྤགས་པ་གཞིར་ཡངས་བརྡལ༔ ཤ་ཁྲག་རུས་པ་ཐར་གྱིས་ཞིག་པ་ཡི༔ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བརྡལ༔ རྐང་ཚིལ་ལྷ་བ་མར་ཁུའི་རྒྱ་མཚོར་འཁྱིལ༔ ལྦུ་བ་ངད་རླངས་འདོད་ཡོན་སྤྲིན་ཕུང་འཁྲིགས༔ འབྲུ་གསུམ་ནུས་པས་མྱོང་གྲོལ་བཅུད་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་ཆོས་ཉིད་མི་འགྱུར་བའི་ངོ་བོ་ལས་ཡེ་ཤེས་མཁའ་འགྲོ་བཅུ་གཅིག་ལ་སྒྱུ་འཕྲུལ་རོལ་པ་རྩལ་རྫོགས་ཀྱི་ཚུལ་དུ་མཁའ་འགྲོ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེས་བསྐོར་བ་དང་བཅས་པ་སྤྱན་དྲངས༔ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རྐང་རུས་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ ཤར་རྡོ་རྗེ་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ ལྷོ་རིན་ཆེན་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བག་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ ནུབ་པདྨ་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ བྱང་ལས་ཀྱི་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ སྟེང་མཁའ་སྤྱོད་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ མཚམས་ལས་བྱེད་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ འོག་ས་སྤྱོད་རིགས་ཀྱི༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད༴ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ལས༴ བར་དམ་ཚིག་ཤ་ཟ་མཁའ༴ ཁྱོད་སྤྲུལ་པ༴ འཁོར་སྣང་སྲིད༴ ད་འདིར་གཤེགས༴ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཁྱོད་རྣམ་འཕྲུལ་མ་ངེས་ཅིར་ཡང་བསྒྱུར༔ མ་ཁྱེད་ལ་འགྲོ་བའི་དོན་ལས་མེད༔ ངའི་ཤ་ཁྲག་རྐང་རུས་མགྲོན་དུ་འགྱེད༔ རྐྱེན་ནད་གདོན་སྡུག་བསྔལ་རྒྱུ་འབྲས་བཅས༔ དབྱིངས་ཡུལ་མེད་ཟང་ཐལ་ངང་དུ་རོལ༔ སེམས་འཁྲུལ་པ་གཟུང་དང་འཛིན་པས་འཕྱང་༔ དབྱིངས་སྤྲོས་བྲལ་ངང་དུ་བཤིག་ཏུ་གསོལ༔ རྒྱུ་བག་ཆགས་ཡུལ་དང་ཡུལ་བྱེད་བདག༔ གཞི་ཀ་དག་སྐྱེ་མེད་ངང་དུ་སྒྲོལ༔ ཕྱོགས་མཐའ་རུ་འཛིན་པའི་གཉིས་འཛིན་སེམས༔ དབྱིངས་ཡུམ་ཆེན་དགོངས་པར་བཅད་དུ་གསོལ༔ ཕཊ་ཕཊ་ཕཊ༔ ཡུལ་བཟང་ངན་མེད་པ་རང་གི་གཤིས༔ རྒྱུ་དགེ་སྡིག་མེད་པ་དང་པོའི་གཞི༔ རྐྱེན་ཕན་གནོད་མེད་པ་ཟང་མ་ཐལ༔ རྒྱུད་འཁོར་འདས་མེད་པ་འུབ་ཆུབ་ཀློང་༔ ལམ་སྦྱངས་བགྲོད་མེད་པ་རྫོགས་པ་ཆེ༔ ཚེ་འདི་ཕྱི་མེད་པ་ཀ་དག་དུས༔ ད་ཐོག་མའི་སངས་རྒྱས་རང་ལ་སད༔ དོན་བསྒོམ་བཞག་བློ་བྲལ་ཆེན་པོ་ནི༔ ཡེ་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ངང་མི་ཤིགས་ངོ་བོར་བྱང་ཆུབ་བོ༔ ཕཊ་ཕཊ་ཕཊ༔ དེ་ལྟར་དུས་བཞིར་སྦྱར་ནས་རྟག་ཏུ་བརྩོན་པར་བྱའོ༔ ལར་གཉན་སར་མཚན་མོ་མེ་མི་བཏང་༔ མར་མེ་དང་གསལ་སྒྲོན་མི་སྤར༔ རྐང་རྗེན་དུ་མི་འགྲོ༔ དྲག་སྔགས་མི་བཟླ༔ དྲག་པོའི་བསྐྱེད་བསྒོམ་མི་བྱ༔ གཤང་གཅི་དང་དྲི་ཆུ་ཕྱོགས་གཅིག་ལས་མི་འདོར༔ ཀྭིའི་མི་བཏབ༔ ལྷྭམ་སྔས་སུ་བཅུག༔ ཞྭ་རྟེན་མར་བཞག༔ གཞོག་གཡས་ས་ལ་གཏད༔ བརླ་དང་དཔུང་པ་སྟན་དུ་བཏིང་༔ ལག་གཡས་མཐིལ་གྱིས་མགོ་གདན་བྱ༔ ལྟད་མོ་དང་འདུ་འཛི་སྤངས་པ་རྣམས་ལག་ལེན་ནོ༔ འཇིགས་སྐྲག་ཇི་ལྟར་བྱུང་ཡང་བྲོས་པ་དང་གསོལ་འདེབས་སྐྱབས་འཚོལ་གང་ཡང་མི་བྱ་བ་གནད་ཡིན་ཏེ༔ གལ་ཏེ་བྲོས་ན་ཡང་སླར་ཡང་གནས་དེ་ནས་མ་ཆོད་ཀྱི་བར་དེ་ཉིད་དུ་འདུག་གོ༔ ལན་དགུར་བྲོས་ཕན་ཆད་གཉན་ལོག་ཡིན་པས་གཞན་དུ་ཡང་འགྲོ་མི་རུང་༔ དེ་རུ་ཡང་འོང་བར་མི་བྱ༔ གནས་གཅིག་པུ་དེ་ཉིད་ལ་ལན་དགུར་འཁོར་བའི་རྗེས་སུ་ཆོད་ཀྱང་ཆོག་པ་ཡིན༔ སློང་ཚད་ཀྱི་རྗེས་སུ་ཚར་ཚད་ཡོད་པས་དེ་བྱུང་ཕན་ཆད་གནས་འཕོ་བ་ལས་སྡོད་མི་རུང་༔ ཚར་ཚད་ནི་དངོས་ཉམས་རྨི་ལམ་གང་རུང་ལ་མི་མང་པོས་ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ ནོར་ཟས་འབུལ་བ༔ སྐྱབས་འཚོལ་བ༔ བཀའ་ཉན་པ༔ ཁས་ལེན་པ༔ བསྟོད་ཅིང་བསྔགས་པ་བརྗོད་པ༔ རོལ་མོ་སྒྲོགས་པ༔ ཉི་ཟླ་ཤར་བ༔ མེ་ཏོག་སྣ་ཚོགས་སྐྱེས་པ༔ སྟོན་མོ་བྱེད་པ་སོགས་མདོར་ན་ཅི་ཤར་ཅི་སྣང་ཅི་བྱུང་ཡང་སེམས་བདེ་བ་ཉམས་རྟོགས་སྐྱེ་བ་ལུས་ངག་ཐམས་ཅད་བདེ་ལྷང་ངེ་ཡོད་པ་རྣམས་ཅི་བྱུང་ཡང་ཚར་ཚད་ཡིན་པས་གནས་འཕོ་བའི་རྟགས་ཚད་ཡིན༔ བཟང་པོ་ལྟར་ཤར་ཡང་སེམས་ལ་རེ་དོགས་འཁུ་འཕྲིག་དགའ་སྡུག་འཇིགས་སྐྲག་ལ་སོགས་ལུས་ངག་ཡིད་གསུམ་མི་བདེ་དུང་ངེ་ཡོད་ན་ནི་ཚར་ཚད་འདྲ་ཡང་སློང་ཚད་དུ་ངེས་སོ༔ བཟང་ངན་ཅི་བྱུང་ཡང་སྤང་བླང་མེད་པར་རོ་སྙོམས་པ་ནི་གནད་ཀྱིས་ཡང་གཅེས་དམ་པ་ཡིན༔ དང་པོའི་ཆོད་ཚད་ནི་སྐྱེ་འགྲོའི་མགོ་དང་ཡན་ལག་དོན་སྙིང་བཅད་ནས་རང་ལ་སྟེར་བ༔ རྒྱན་དང་ལོངས་སྤྱོད་དཀོར་གནས་འབུལ་བ༔ ཤིང་རྩྭ་དང་བྲག་གདུག་པ་ཅན་རྣམས་བཅོམ་པ༔ མཚོ་སྐེམ་པ༔ ཉམ་ཐག་པའི་སེམས་ཅན་མང་པོ་ལ་སྟོབས་དང་བདེ་བ་སྟེར་བ་རྣམས་འབྱུང་བ་ནི་དང་པོ་ཆོད་པའི་ཚད་ཡིན་པས་འུར་རྡོའི་གང་ཚུན་ཆད་ལ་མི་གནས་པར་སྤོ༔ མཐའ་མའི་ཆོད་ཚད་ནི་སྡེ་བརྒྱད་ལྷ་འདྲེ་རྣམས་ཀྱིས་བྲན་དུ་ཁས་ལེན་ནས་མནའ་ཐོ་བྱ་བ༔ སྲོག་སྙིང་འབུལ་བ༔ སྐྱེ་འགྲོ་མང་པོའི་གཙུག་རྒྱན་དུ་བསྔགས་པ༔ ཁྲི་རུ་མངའ་གསོལ་ནས་མི་དཔོན་བླ་ཆེན་རྣམས་ཀྱིས་དབང་ཞུས་ཏེ་འཁོར་འབངས་སུ་ཁས་ལེན་པ༔ གོས་དང་གོ་ཁྲབ་གྱོན་ནས་ཁྲི་ཆེན་དུ་འཁོད་དེ་སྡེ་ཆེན་གྱི་རྗེ་དཔོན་དུ་འགྱུར་བ༔ དམག་དཔུང་ཆེན་པོ་དང་འགྲོགས་ནས་ཡུལ་མང་པོ་ཁ་ལོ་བསྒྱུར་བ༔ འབྲུག་སེང་སྟག་གཟིག་འབྲོང་གཡག་བྱ་རིགས་ལ་སོགས་སྐྱེ་འགྲོ་བཞོན་པ་འདུལ་བར་བཀོལ་བ༔ ཉི་ཟླ་གདན་དུ་བཏིང་བ༔ རི་རྒྱལ་ཀུན་ལས་མཐོ་བའི་རི་ཆེན་གྱི་རྩེར་འདུག་པ༔ ས་དང་ཡུལ་མང་པོ་དབང་དུ་བསྒྱུར་བ་རྣམས་ནི་མཐའ་མར་ཆོད་པའི་ཚད་དུ་ངེས་པས་ལུང་པ་དེར་སླན་ཆད་གཉན་ས་མི་གཅོད་པ་ལག་ལེན་ནོ༔ དཔེར་ན་འབངས་སུ་གྱུར་ཕྱིན་ཆད་ཡང་ཡང་བཅོམ་དྲག་ན་མཐར་འབངས་ཀྱིས་རྗེའི་སྲོག་ལ་བདོ་བ་ལས་འོས་མེད་པ་ལྟ་བུ་ཡིན་པས་ཤེས་པར་བྱའོ༔ དེ་ནས་གཉན་མིག་གཞན་དུ་འགྲོ་དུས་སུ་རྗེས་གཅོད་བྱ་བ་ལ༔ དང་པོ་ཁུར་བུ་བཅིང་སྟེ་འགྲོ་ཆས་སྟ་གོན་བྱས་མཐར༔ རང་གི་གདན་ཚབ་ཏུ་སྐུ་གསུང་ཐུགས་རྟེན་བཞག་ནས་དེ་ལ་རབ་གནས་བྱ་ཞིང་བཀྲ་ཤིས་བརྗོད༔ ལྷ་འདྲེ་ལ་ཕྱག་མཆོད་ཀྱི་རྟེན་དུ་དམིགས་ལ་ཐམས་ཅད་ཀྱིས་ཕྱག་བསྐོར་མཆོད་གནས་བྱེད་པར་བསམ༔ ཆོས་ཀྱི་སྦྱིན་པ་བྱ༔ དེ་ནས་ཡར་ལངས་ཏེ་དམིགས་པ་བྱ་བ་ནི༔ རང་ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རྐང་དང་ལྷ་བ་ཚིལ་ཞུན་གྱི་མཚོ་མོ་འདོད་ཡོན་སྣ་ཚོགས་ཀྱི་ལྦུ་རླངས་འཁྲིགས་པ་ནམ་མཁའ་ལྟ་བུར་ཟད་མི་ཤེས་པའི་རང་བཞིན་ཅན་དུ་བསྒོམ༔ གནས་དེའི་ལྷ་འདྲེ་ཐམས་ཅད་ཀྱིས་ལོངས་སྤྱོད་པར་བསམ་ལ༔ ཧ་ཧ༔ ཧི་ཧི༔ ཧེ་ཧེ༔ ཧོ་ ཧོཿ ཧཱུྃ་ཧཱུྃ༔ ཕཊ་ཕཊ༔ གོམ་པ་བདུན་བོར་ནས་ཁུར་བུ་ཕབ་སྟེ༔ ཀྭིའི་ཀྭིའི་ཡུལ་འདིའི་ལྷ་མཐུ་བོ་ཆེ༔ ཀླུ་མཐུ་བོ་ཆེ༔ གཞི་བདག་མཐུ་བོ་ཆེ༔ ཁྱོད་རྣམས་ཉོན་ཅིག༔ ངའི་གནས་འདི་ལ་སྔར་མེད་ཀྱི་ལྷ་འདྲེ་སླར་མ་བཙུད༔ འདིར་གནས་ཀྱི་ལྷ་འདྲེ་ཕྱི་རུ་མ་བཏང་ཅིག༔ གཏད་དོ༔ གཉེར་རོ༔ བཅོལ་ལོ༔ མཐུ་དང་ནུས་པ་ཅི་འདུག་ཁྱོད་ལ་བལྟའོ༔ རེམ་རེམ༔ ཞེས་བརྗོད་དེ་ཁུར་བུ་ཁུར་ནས༔ ཕཊ༔ ཅེས་རང་གི་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་ལྔར་གྱུར་ནས་ཕྱོགས་བཞི་དབུས་ལྔར་གཤེགས་པར་བསམ་ལ་མིག་རྒྱང་གང་ཙམ་དུ་ཕྱིན་ནས་ཁུར་ཕོག་སྟེ་ཐོ་བརྩིག་པ་དེ་ཉིད་ཡེ་ཤེས་ཀྱི་བྱ་ཁྱུང་དམར་ནག་མེ་འབར་བ་ནམ་མཁའ་བར་སྣང་ས་གཞི་ཁེངས་པས་རང་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ༔ ཨཻ༔ ཡེ་ཤཻས་ཀྱི་བྱ་ཁྱུང་རྒྱལ་པོ་མཐུ་དང་ནུས་སྟོབས་ཀྱི་བདག་པོ་ཁྱོད་དགོངས་སུ་གསོལ༔ ལྷ་མཐུ་བོ་ཆེ་ཀླུ་མཐུ་བོ་ཆེ་གཉན་དང་ཟོ་དོར་མཐུ་བོ་ཆེ་ཁྱེད་རྣམས་དགོངས་སུ་གསོལ༔ ངའི་རྗེས་སུ་ལྷ་འདྲེ་བདུད་བགེགས་ཐམས་ཅད་མ་བཏང་ཅིག༔ མཚམས་ཆོད་ཅིག༔ ཁྱེད་རྣམས་ལ་མཐུ་དང་ནུས་པ་ཅི་འདུག་བལྟའོ༔ སྟོབས་དང་རྩལ་མ་ཆུང་རེམ་རེམ༔ ས་མ་ཡ༔ ཤ་ཁྲག་གི་རི་དང་རྒྱ་མཚོས་སྣང་སྲིད་ཁེངས་པར་བསམས་ལ་ཕཊ་སྒྲ་དགུ་བརྗོད༔ དེ་ནས་གཉན་ས་གཞན་ལ་འགྲོ་ན་ཟིལ་གནོན་གོང་ལྟར་བཏང་༔ གཞན་ཡུལ་རྣམས་སུ་ངེས་མེད་དུ་འགྲོ་ན་རང་བཞིན་དུ་འགྲོ༔ རང་ཁྱིམ་དུ་འགྲོ་ན་རང་གི་རིག་པ་སྟེང་ཕྱོགས་འོག་མིན་གྱི་ཞིང་དུ་ཐིམ་པར་བསམ་ལ་ཕཊ་བརྗོད༔ སླར་ཡང་ཀུན་ཏུ་བཟང་མོའི་ཐུགས་ཀའི་ཀློང་ནས་འོད་ཟེར་དཀར་པོ་དར་སྐུད་ལྟ་བུ་རང་གི་གནས་ཁང་དེའི་སྟེང་དུ་ཟུག་པར་བསམ་ལ་རང་གི་རིག་པ་ཐིག་ལེ་དཀར་པོ་ཉུང་འབྲུ་ཙམ་པར་གྱུར་ནས་འོད་ཟེར་གྱི་ཁོང་གསེང་ནས་བརྒྱུད་དེ་ཧྲི་ལི་ལི་འདྲིལ་ནས་འགྲོ་བར་བསམ་ལ་འགྲོ་བ་རྣམས་ནི་ཕྱི་ནོན་རྗེས་གཅོད་ཟབ་མོའོ༔ དེ་ནས་ཐོར་བུའི་དམིགས་པ་ནི༔ གལ་ཏེ་གཉན་སའི་ལྷ་འདྲེ་བྱང་ཆེ་དྲག་པ་རྣལ་འབྱོར་པ་བྱང་ཆུང་བས་སློང་མི་ནུས་པའམ༔ རྣལ་འབྱོར་པ་ལྟ་གདིང་མཐོ་བ་ལྷ་འདྲེ་བྱང་ཆུང་གིས་སློང་མི་ནུས་པ་གང་ལྟར་ཡང་༔ མཐའ་གཏད་ཀྱི་དམིགས་སྤྱོད་ཟབ་མོས་འབྱེད་པར་འགྱུར་ཏེ༔ རང་གི་མགུལ་དུ་ཐག་པ་བཏགས་ནས་སྣེ་རྟེན་གཉན་པོ་ལ་བཏགས་པའམ༔ ཡང་ན་ཕར་ལྷ་འདྲེ་ལ་འཕང་སྟེ་ངག་ནས་ཀྱང་འདི་ལྟར་བརྗོད༔ ཀྭིའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་འདིར་ཤོག་འདིར་འདུས་ཤིག༔ ལན་གསུམ་བརྗོད་ནས་དམིགས་པ་འདི་ལྟར་བྱའོ༔ རང་གི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནས་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་མདུན་དུ་བཀུག་ནས་བྲོས་ཐར་གབ་ཡུལ་མེད་པར་བསམ༔ ཡང་སེམས་ལ་སྙེམས་ཐག་བཅད་དེ་ངག་ནས་ཀྱང་༔ གནས་འདིའི་ལྷ་འདྲེ་དྲག་རྩལ་ཅན་ཁྱོད་ལ་ངས་བཅོལ་ལས་ནི༔ རབ་ན་ང་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག༔ འབྲིང་ན་ད་ལྟ་ཉིད་དུ་སོད༔ ཐ་ནའང་ཤི་མིན་གསོན་མིན་ཞིག་གྱིས་ཤིག༔ རྣ་བ་མ་འོན་ན་ཉོན༔ མིག་མ་ལོང་ན་ལྟོས༔ ཞ་བོ་མིན་ན་ཤོག༔ ཤི་བོ་མིན་ན་མགྱོགས༔ རོ་མིན་ན་ལོངས༔ ཞེས་ལན་གསུམ་རེ་བརྗོད་དེ་ཉལ་ལོ༔ ཕན་མེད་ནད་ཀྱིས་གདུང་ནས་ཅིས་ཀྱང་མི་ཕན་ན༔ ཡང་ཤིན་ཏུ་གཉན་སའི་གནས་ཞིག་ཏུ་ཕྱིན་ནས་སྐྲ་དང་སེན་མོ་ལུས་དྲེག་ལ་སོགས་པ་བསྲེག་ཅིང་ཐབ་གཞོབ་ཆེན་པོ་བྱས་ཏེ༔ ཀྭིའི་གནས་འདིའི་ལྷ་འདྲེ་མཐུ་བོ་ཆེ་ཁྱོད་རྣམས་ཀྱིས་རྣ་བ་མ་འོན་ན་ཉོན༔ མིག་མ་ལོང་ན་ལྟོས༔ རྐང་ལག་མ་ཞ་ན་འདིར་ཤོག༔ སྣ་མ་འཚུབས་ན་དྲི་ངན་འདི་ལ་སྣོམས༔ ཁ་མ་འཐམ་ན་ང་ཟོ༔ རོ་མིན་ན་ལོངས༔ ཤི་བོ་མིན་ན་མགྱོགས༔ བརྒྱལ་མེད་ན་མགྱོགས་པར་ཤོག༔ ལན་གསུམ་བརྗོད༔ ང་ནི་མི་ཤོར་ནད་ཀྱིས་བཏབ་ནས་ཟླ་ཞག་གྲངས་མང་༔ ཕན་ཐབས་ཅི་བྱས་ཀྱང་མ་ཕན༔ ཡུལ་མི་ཁྱིམ་མཚེས་དག་གིས་ཤི་སྨོན་བྱེད་ཀྱིན་འདུག༔ སྤུན་ཟླ་བཟའ་མི་རྣམས་ཀྱིས་ཀྱང་ཤི་ན་ཅི་མ་རུང་ཟེར༔ མི་ང་རང་ལ་ཡང་ད་ལྟ་ཤི་ན་དེ་ལས་དགའ་བ་ཚེ་རབས་ཐམས་ཅད་ན་མེད༔ རབ་ན་ང་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས༔ འབྲིང་ན་ད་ལྟ་ཉིད་དུ་དབུགས་མེད་དུ་ཐོངས༔ ཐ་ནའང་སང་གི་ནམ་ལངས་ཚུན་ཆད་ལ་སོད༔ ཅེས་ཟེར་ཞིང་མགུལ་ཐག་གི་སྣེ་རྟེན་གཉན་པོ་ལ་བཏགས་ནས་ཕཊ་རྒྱག༔ ཀྭི་བཏབ༔ ཐུན་ཆུང་རེ་ལ་ཉལ༔ ཡང་དེ་ལྟར་འབོད་བཅོལ་བྱ༔ བཟང་ངན་འཇིགས་སྐྲག་ཅི་བྱུང་ཡང་སྙེམས་ཐག་རྦད་ཀྱིས་བཅད་ལ་ཤི་དགའ་བསྒོམ༔ ནུབ་མོ་རྟགས་བྱུང་ན་ནངས་པར་དཀར་འགྱེད༔ གུང་ལ་ཁྲ་འགྱེད༔ དགོང་མོར་དམར་འགྱེད༔ ཐོ་རངས་ནག་འགྱེད་རྣམས་བྱ༔ རྗེས་སུ་ཕྱི་ནོན་བྱ་བ་ལག་ལེན་ནོ༔ དེ་ནི་མཐའ་གཏད་ཟབ་མོའི་མཐར་ཐུག་གོ༔ ལམ་ཟབ་མོ་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ལ་ནད་བྱུང་ཚེ་དུས་ལྔར་ཉམས་ལེན་གྱི་དམིགས་པ་འདི་བཞིན་གནད་དུ་བསྣུན་པར་བྱའོ༔ སྔ་དྲོ་འཁོར་འདས་ཡོངས་ཀྱི་དབང་མོ་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་ཞེ་སྡང་འཇོམས་མཛད་མཁའ་འགྲོ་དཀར་མོ་སྦྲུལ་གྱི་གདོང་པ་ཅན༔ ཉིན་གུང་ང་རྒྱལ་འཇོམས་མཛད་སེར་མོ་རྟའི་གདོང་པ་ཅན༔ དགོང་མོ་འདོད་ཆགས་འཇོམས་མཛད་དམར་མོ་བྱ་རྒོད་ཀྱི་གདོང་པ་ཅན༔ སྲོད་དུ་ཕྲག་དོག་འཇོམས་མཛད་ལྗང་མོ་ཁྱིའི་གདོང་པ་ཅན༔ ཐོ་རངས་གཏི་མུག་འཇོམས་མཛད་ནག་མོ་ཕག་གི་གདོང་པ་ཅན༔ བར་སྐབས་ལྕགས་སྡིག་དང་༔ བར་སྐབས་སུ་བྱ་ཁྱུང་དཔག་ཏུ་མེད་པ་རྣམས་རེས་མོས་སུ་བྱུང་ནས་ནད་ན་ས་དང་བཅས་པ་ཇུར་མིད་དུ་ཟོས་ནས་རྗེས་ཤུལ་ཙམ་ཡང་མེད་པར་ཡང་ཡང་བསམ་པའི་མཐར་ལུས་སྦྱིན་ཡང་གྲངས་དང་དཔག་མཐར་ཐམས་ཅད་དམིགས་པ་མེད་པའི་ངང་དུ་བཞག་པས་ངེས་པར་སེལ་བ་ཡིན༔ རིམས་ཡམས་དང་འགོ་ནད་ཐམས་ཅད་ལ་རང་ལུས་ཀེང་རུས་སྐམ་པོ་ཤ་མེད་པ་བུ་ག་དགུ་ནས་བཙན་དུག་གི་ངད་རླངས་དང་རྡོ་རྗེ་མེ་འབར་འཕྲོ་བ་ཞིག་ཏུ་བསྒོམ་སྟེ༔ ང་ལ་ཤ་མེད་ཀྱི་རུས་པ་ལ་ནད་འཇུག་པའི་ཡུལ་མེད་པས་འདི་ཕུང་ཚབ་ཆེ་བ་ཡིན༔ ང་ལ་སྒྲིབ་པ་སྦྱོང་བ་དང་ལན་ཆགས་སྦྱང་བའི་ཕྱིར་ནད་ངན་འདི་བྱུང་ན་ཅི་མ་རུང་སྙམ་ནས་རེ་བའི་ཚུལ་དུ་སྡོད་པས་སེལ༔ ནད་ཀྱི་ཁྲོད་དུ་ཤ་ཁྲག་སྤུངས་པར་བྱ་བ་ཡིན༔ ཤི་སྐྲ་གསོན་སྐྲ་ཕྱུགས་དར་མའི་རྔ་མ་རྣམས་བརྒྱད་བསྒྲིལ་གྱི་འུར་རྡོ་ལ་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་བསམ༔ རྡོ་འཕངས་པ་ཙམ་གྱིས་བདག་སྣང་གཉིས་འཛིན་གྱི་ལྷ་འདྲེ་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ་ལ༔ རྩ་སྔགས་ཁྲི་བཏབ་ལ་བཅང་༔ གྲི་ལྕགས་ཀྱི་གྲི་གུག་ལ་མཁའ་འགྲོ་འབུམ་གྱི་མཐུ་ནུས་རྫོགས་པར་བསམ་ལ་བཅང་༔ ཡང་ཆགས་མེད་འཁོར་བ་སྤངས་ཤིང་གནས་ངེས་མེད་འགྲིམ་པའི་རྣལ་འབྱོར་པ་རྣམས་ལ་ཆོམ་རྐུན་གྱི་འཇིགས་པ་བྱུང་ན༔ དང་པོ་ཤིན་ཏུ་གཉན་སའི་གནས་ཤིག་ཏུ་ཕྱིན་ནས་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་གོང་ལྟར་བོས་ནས༔ ང་ནི་དགྲས་བཅོམ་སྟེ་ཉམ་ཐག་ཏུ་ལུས་ཐལ༔ ད་ནི་མུ་གེ་དང་ལྷག་པས་ཤི་བ་ལས་ཐར་ཐབས་ནི་མེད༔ དེ་བས་ད་ལྟ་ཉིད་དུ་རབ་ན་དམྱལ་བ་མནར་མེད་དུ་འཕོངས༔ འབྲིང་ན་ད་ལྟ་ཉིད་དུ་སོད༔ ཐ་ནའང་སང་གི་ནམ་ལངས་ཚུན་ཆད་དུ་དབུགས་མེད་དུ་ཐོངས༔ ཞེས་བརྗོད་ནས་མགུལ་ཐག་གཉན་ས་ལ་བཏགས་ནས་ཉལ༔ དེ་ལྟར་བྱས་པས་ཕྱིར་ལ་མ་བྱུང་ན༔ གཉན་སར་སོང་སྟེ་དགྲ་བོའི་ཁྱིམ་དུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདུས་པའི་ངོ་བོ་སྤྲེའུ་དམར་ནག་ལག་སྦྲེལ་གྱི་སྟེང་དུ་མི་རོ་བཀལ་ནས་དགྲ་བོའི་ཁང་ཕུག་ཏུ་མཆོང་རྒྱུག་བྱེད་པར་བསམ་ལ་ཟན་གྱིས་ཀྱང་བཟོས་ལ་བཞག༔ ཀྭིའི་བཀའ་སྣང་སྲིད་ཀྱི་ལྷ་འདྲེ་ཁྱེད་རྣམས་ཀྱིས་ངའི་དགྲ་བོ་ལ་སྦྲེལ་དམར་ལག་སྦྲེལ་རོ་ཐོགས་ཀྱི་གཟུགས་ད་ལྟ་ཉིད་དུ་སྟོན་ཅིག༔ མིན་ན་ང་ད་ལྟ་ཉིད་དུ་སོད་ཅིག༔ དེ་མིན་ན་བསྐལ་པ་ངས་བཤིག་རྒྱུ་མིན་རེ༔ ཞེས་ཟེར་ནས་ཉལ༔ དེ་ལྟར་བྱས་ཀྱང་རྟགས་མ་བྱུང་ན་ལུས་དམར་འགྱེད་བྱས་ལ༔ སྣང་སྲིད་ལྷ་འདྲེའི་དམག་དཔུང་བསྐྱེད༔ སྡང་བའི་དགྲ་ལ་དྲག་ཏུ་རྒྱུག༔ ལྟས་ངན་གློ་བུར་ཡེ་འདྲོག་ཐོངས༔ རྗེས་ཤུལ་ཙམ་ཡང་མེད་པར་རློག༔ ཅེས་མཁའ་འགྲོའི་བཅུ་འགྱེད་ཀྱི་རེ་རེ་བཞིན་དུ་སྦྱར་ཏེ༔ ཕྱོགས་མཚམས་སྟེང་འོག་གི་མཁའ་འགྲོ་མ་རྣམས་ལ་བཀའ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར་ནས་ཆོ་སྒྲ་འུར་སྒྲ་སོད་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་སོང་བར་ཡང་ཡང་བསམ༔ ཡང་ན་ལ་རྩེ་གཉན་པོ་གཏོར༔ རླུང་རྟ་གདན་དུ་བཏིང་༔ གོས་ཕྱི་ནང་བསྒྱུར༔ སྙེམས་ཐག་བཅད་ནས༔ ཀྭིའི་འདིར་གནས་ལྷ་འདྲེ་ཟོ་དོར་གཉན་པོ་ཁྱེད་ཅག་གི་མིག་མ་ལོང་ན་ལྟོས༔ རྣ་བ་མ་འོན་ན་ཉོན༔ ཞ་བོ་མིན་ན་ཤོག༔ ཤི་བོ་མིན་ན་མགྱོགས༔ རོ་མིན་ན་ལོངས༔ ང་ནི་དགྲ་བོས་བཅོམ༔ ཉེས་པ་ནི་མ་བྱས༔ ལན་ཆགས་ནི་མེད༔ མ་ཉེས་པ་ལ་དགྲ་བྱུང་ནས་བཅོམ་པ་ཡིན༔ ད་ནི་མུ་གེས་ཤི་བ་ལས་ད་ལྟ་ཤི་ན་དགའ༔ རབ་ན་ང་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས༔ འབྲིང་ན་ང་ད་ལྟ་ཉིད་དུ་སོད༔ ཐ་ནའང་ནངས་པར་ནམ་ལངས་ཚུན་ཆད་དུ་སོད་ཅིག༔ ཡང་ན་དགྲ་བོ་དེ་མ་འགྱང་མ་ཐོགས་པར་སོད་ལ་དོན་སྙིང་མངོན་སུམ་དུ་ང་ལ་སྤྲོད་ཅིག༔ ཅེས་སྨྲ་ཞིང་ཉལ༔ ཟིལ་གནོན་ཡང་ཡང་བྱ༔ ཡང་ན་རང་ལུས་ཤ་ཁྲག་གི་ཕུང་པོ་སྟོན་འགྱེད་བྱས་མཐར་ལྤགས་པའི་དབུས་སུ་དགྲ་བོའི་མི་ནོར་འཁོར་དང་བཅས་པ་བསྒོམ་མཐར་ཤ་ཁྲག་རུས་པའི་ཕུང་པོ་ནམ་མཁའ་མཛོད་དུ་དམིགས་ནས་བྱིན་གྱིས་བརླབ༔ ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཐམས་ཅད་དེ་ལ་ཉི་རྡུལ་བཞིན་དུ་འདུས་པར་བསམ་ལ་ཕཊ་སྒྲ་རྐང་གླིང་ཌཱ་དྲིལ་གྱི་སྒྲས་མགྲོན་འབོད་བྱས་མཐར༔ རང་ཉིད་ཡེ་ཤེས་ཁྲོས་མའི་ཕྱག་གཡས་པས་གཡང་གཞི་མཐའ་ནས་བསྡུས་ཏེ་ལྷ་སྲིན་སྡེ་བརྒྱད་ཤ་ཁྲག་དགྲ་བོའི་མི་ནོར་དང་བཅས་པ་འུབ་ཀྱིས་དྲིལ་ཏེ་ཐུམ་བུར་བྱས་ནས་སྦྲུལ་དང་རྒྱུ་མས་ཁ་བསྡམས་ནས་ཀླད་ལ་བསྐོར་ཞིང་འོག་ཏུ་འཕངས་པས་དབང་ཆེན་གསེར་གྱི་ས་གཞིའི་གཏིང་དུ་ལྷུང་ནས་དགྲ་བོ་མ་ཟད་ཀྱི་བར་དུ་བྲོས་ཤིང་ཐར་ཡུལ་དང་བྲལ་བར་བསམ་པས་ངེས་པར་ཐུབ་བོ༔ དགྲ་སྒྱེད་དང་འཕྲད་ན་དགྲ་བོའི་མི་ནོར་འཁོར་དང་བཅས་པ་རྫོགས་པར་བསམ་ལ་སྒྱེད་པུ་ས་འོག་ཏུ་འཕེན་ཚུལ་བྱས་ཚེ་འཆི་བདག་ལས་གཤིན་ནག་པོའི་ཁ་རུ་སོང་བར་བསམ་པས་ཀྱང་ཐུབ༔ གཞན་ཡང་ཚོགས་ལྷག་དང་གཏོར་མ་ལ་ཡང་དགྲ་བོའི་མི་ནོར་འཁོར་བཅས་ཡོངས་རྫོགས་སུ་བསྒོམ་སྟེ་མགྲོན་གྱི་ཞལ་དུ་བསྟབ་པས་ཀྱང་ཐུབ་བོ༔ དེ་དག་གང་ལ་ཡང་རང་ཁྲོས་མའི་ང་རྒྱལ་དང་མ་བྲལ་བ་གནད་དུ་གཅེས་སོ༔ ཟིལ་གནོན་བསྒྱུར་ཁ་དཔག་པ་ལ་མཁས་པར་བྱ་བ་ཡང་གནད་དོ༔ མདོར་ན་སྣང་བ་ཐམས་ཅད་རང་སྣང་དུ་ཐག་ཆོད་ནས་གདིང་ངེས་པར་རྙེད་པ་ནི་རབ་ཏུ་ཆོད་པའི་ཚད་དེ༔ རིག་པ་རང་ལ་གདིང་ཐོབ་ནས་བློ་དང་ཡིད་དཔྱོད་ང་རྒྱལ་བརྟན་པ་ཙམ་ལས་འདས་ཏེ༔ འཁོར་འདས་འུབ་ཆུབ་ཏུ་ངེས་པར་གོ་མྱོང་རྟོགས་གསུམ་དང་ལྡན་པ་ཞིག་བྱུང་ན་རྩད་ནས་ཆོད་པའི་ཚད་དུ་གདོན་མི་ཟའོ༔ སྐབས་བཅུ་གསུམ་པའོ༔ གྲུབ་པའི་དབང་ཕྱུག་ས་ར་ཧ་པ་ངས༔ སྙིང་གི་ཡང་ཐིག་བཅུད་དུ་དྲིལ་བ་འདི༔ ལྔ་བརྒྱའི་སེམས་ཅན་སྐྱོབ་པའི་དཔལ་དུ་བཞག༔ གཏན་བདེའི་གོ་ས་སྙེགས་པའི་ལས་ཅན་ལ༔ བྱིན་རླབས་དགོངས་རྒྱུད་ཟབ་མོའི་ཕ་ཕོག་སྟེར༔ ཚེ་གཅིག་གདོན་མི་ཟ་བར་སངས་རྒྱས་འཐོབ༔ ང་ཡི་བརྒྱུད་འཛིན་ཕྱི་རབས་ལས་ཅན་རྣམས༔ ཚེ་རབས་ཐོག་མ་མེད་པའི་འཁོར་ལོར་ལྟོས༔ མཐར་ཐུག་མེད་ལ་མཐའ་སྡུད་ད་རེས་ཙམ༔ རྨི་ལམ་གནས་སྐབས་ཙམ་འདིར་རག་ལས་པས༔ འཁོར་འདས་གར་འགྲོ་གང་ཟག་ཁྱོད་ལ་རག༔ མི་གཅིག་ཁ་གཅིག་མ་སོས་སྡུག་ཁུར་རྣམས༔ ཚེ་རབས་གཏན་གྱི་སོ་ནམ་བསྒྲུབ་དུས་ཡོལ༔ ཁོངས་པའི་དོན་སྙིང་མེད་པའི་ཟུང་ཟད་པོ༔ འདི་ལས་གཞན་དུ་འཕོས་ན་ཅི་ཞིག་བྱེད༔ བརྩེ་བས་གཉེན་གྲོགས་སྐྱོང་བའི་སྡུག་ཁུར་ཚོ༔ རང་ལས་ལན་ཆགས་དྲིན་ལན་ནམ་ཞིག་གཟོ༔ རང་ཉིད་སྲིད་པའི་མེ་འཁོར་ལ་འཆིང་ཚེ༔ ཁྱོད་ཀྱི་བརྩེ་གདུང་ཡུལ་རྣམས་འཁྲིད་དམ་ཅི༔ ཚེ་འདིའི་བྱ་བ་རྫོགས་པའི་རྗེས་སུ་ནི༔ ཁྱོད་ཀྱི་ལྷ་ཆོས་བསྒྲུབ་པ་བློ་རིང་མོད༔ འཆི་བདག་བདུད་ཀྱིས་དལ་བར་བསྒུག་པ་མཚར༔ བརྩེ་བརྩེ་དུང་དུང་ཁ་ད་བདུད་ཀྱི་གཉེན༔ ཁྱོད་རང་གཏན་གྱི་སོ་ནམ་བཟའ་ལ་ལྟོས༔ ཕ་མ་ཉེ་འབྲེལ་བདུད་ཀྱི་ལྕགས་སྒྲོག་ཡིན༔ ཚེ་འདིར་སངས་རྒྱས་བསྒྲུབ་ན་དྲིན་ཅན་ཡིན༔ དེ་ལས་སྟོང་གསུམ་ནོར་གྱིས་སྐྱོབ་པ་མིན༔ སྡུག་བསྔལ་ཁྲི་མུན་གནས་ནས་བདེ་ལ་བྲོས༔ གཏན་གྱི་འདུན་མ་ཚགས་སུ་ཚུད་པ་ན༔ གྲུབ་ཆེན་ས་ར་ཧ་ངའི་བུ་གཅིག་ཡིན༔ ཚེ་གཅིག་བློ་སྣ་ཡང་དག་དགེ་ལ་གཏུག༔ ཁ་ཟས་ལྟོ་རྒྱབ་བསོད་སྙོམས་དག་ལ་གྱིས༔ གནས་མཆོག་ཉམས་དགའ་མི་མེད་ལུང་པར་སྤྱོད༔ ཆོས་ཀྱི་བསྒྲུབ་མཐའ་ཤི་བའི་དུས་ལ་གཏུག༔ རྣལ་འབྱོར་སྤྱོད་པའི་མཐའ་བཞི་གནད་དུ་ཟུངས༔ སུ་ཡི་ཁ་ལ་མ་ཉན་རང་ཚོད་ཟུངས༔ བྱ་བྱེད་གྲུབ་ཟིན་མེད་པས་འཕྲོ་མཚམས་ཆོད༔ སང་བྱེད་གནང་བྱེད་ཕྱི་བཤོལ་བློ་སྣ་བསྟུང་༔ ཁེ་དྲག་སྔོན་བསྒྲུབ་གཏན་བདེ་ཕྱིར་བཞག་སྤོངས༔ རྣལ་འབྱོར་བྱ་བ་ལམ་འདྲེན་གདམས་པ་ཡིན༔ ལོ་ཞག་ཟླ་བསྒྲུབ་ཙམ་ལ་ཡུས་མ་ཆེ༔ ངས་ནི་ཚེ་གཅིག་སྒྲུབ་པ་ལྷུར་ལེན་བྱས༔ རྡོ་རྗེ་འཆང་གི་ས་མཆོག་མངོན་དུ་བརྙེས༔ བརྒྱུད་འཛིན་རྣམས་ལ་བརྩེ་བའི་ཁ་ཆེམས་གདམས༔ ཚུལ་བཞིན་ཉམས་སུ་ལོངས་ཤིག་སྐལ་ལྡན་བུ༔ ༈རལ་པ་མ་བཅོས་ལྕང་ལོར་ཞོག༔ དགྲ་ཇག་ཆོམ་པོའི་འཇིགས་སྐྱོབ་དང་༔ མ་བཅོས་རང་བྱུང་ཆེན་པོའི་རྟགས༔ སྤྱོད་ལམ་མ་བཅོས་རང་བབ་ངང་༔ འཇིགས་མེད་གཅིག་པུར་དབེན་པ་བརྟེན༔ སེང་ཆེན་གངས་ལ་འགྱིང་དཔེར་བཙུག༔ སེམས་ཉིད་མ་བཅོས་གཉུག་མའི་ངང་༔ འཁོར་འདས་འུབ་ཆུབ་རོལ་པའི་གདིང་༔ རེ་དོགས་རོ་སྙོམས་བརྟུལ་ཞུགས་སྤྱོད༔ ཐོར་ཅོག་གླེགས་བམ་གཙུག་ཏུ་བཅིང་༔ བླ་མ་ཡོངས་རྫོགས་རིགས་བདག་ཁུར༔ སྒོམ་ཐག་དཀར་ཁྲ་མགུལ་དུ་གྱོན༔ འོད་གསལ་ཁོར་ཡུག་འདྲེས་པའི་རྟགས༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བསྟེན༔ ཐབས་ཤེས་ཟུང་དུ་འབྲེལ་བའི་རྟགས༔ ཀ་གཅིག་ཅོག་པུའི་གནས་ཁང་བསྟེན༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་རྟགས༔ དབྱིབས་ལེགས་མཛེས་ལྡན་ཌཱ་རུ་བསྟེན༔ བདེན་གཉིས་ཟུང་དུ་འཇུག་པའི་རྟགས༔ སྐྱོན་མེད་སྙན་མཛེས་དྲིལ་བུ་འཆང་༔ ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རྟགས༔ སྐད་སྙན་ཕྲ་གསེང་རྐང་གླིང་བསྟེན༔ མ་འགགས་ཟང་ཐལ་རྟོགས་པའི་རྟགས༔ ཞིང་ཆེན་གཡང་གཞི་མཉེན་ལྡན་བཅང་༔ འཁྲུལ་པའི་གཞི་རྩ་བཤིག་པའི་རྟགས༔ མཚན་ལྡན་བྷནྡྷའི་སྣོད་མཆོག་བསྟེན༔ འཁོར་བ་ཆོས་སྐུར་རོལ་པའི་རྟགས༔ མ་བསྒྱུར་རས་དཀར་གཟན་ཁྲ་གྱོན༔ བག་ཆགས་སྐྱོན་དང་བྲལ་བའི་རྟགས༔ རིན་ཆེན་དུང་གི་སྣ་རྒྱན་གསོལ༔ བརྒྱུད་འཛིན་རྗེས་སུ་འཛིན་པའི་རྟགས༔ སྡེར་བཞི་མ་ཉམས་སྡེར་ཆགས་ལྤགས༔ འཁོར་འདས་རུ་ཤན་འབྱེད་པའི་རྟགས༔ དེ་ལྟར་རྣལ་འབྱོར་ཆས་བཅུ་གསུམ༔ བསྟེན་ནས་དབེན་པའི་རི་ལ་སྙོགས༔ གྲུབ་རྟགས་མངོན་དུ་མ་གྱུར་བར༔ ཆང་སོགས་མྱོས་བྱེད་ཁ་ཟས་སྤོངས༔ བསླུ་བྱེད་ཆགས་འཆིང་བུད་མེད་སྤོངས༔ སྤྱོད་ངན་འཇོལ་ཉོག་བག་མེད་སྤོངས༔ སྡིག་ཟས་དད་ནོར་བསླུ་ནོར་སྤོངས༔ ཞེན་ཡུལ་ཆགས་སྡང་ཨ་འཐས་སྤོངས༔ འཆིང་བྱེད་གྲོགས་དང་ཤག་རོག་སྤོངས༔ འབྲེལ་བྱེད་ཕྱུགས་དང་འདུ་ལོངས་སྤོངས༔ སྤང་བདུན་རྣལ་འབྱོར་དམ་པའི་ལམ༔ དེ་ལྟར་རྣལ་འབྱོར་ལམ་གྱི་རིམ༔ ཚུལ་བཞིན་བསྟེན་པའི་སྐལ་ལྡན་བུ༔ སངས་རྒྱས་ང་དང་གཉིས་སུ་མེད༔ ཚེ་གཅིག་སངས་རྒྱས་མ་ཐོབ་ན༔ བརྒྱུད་འཛིན་སྐལ་ལྡན་ངས་བསླུས་སོ༔ བླ་མེད་ཐེག་ཆེན་སྙིང་པོའི་ཆོས༔ སྙིང་གི་ཁྲག་ལས་ཕངས་པའི་ཕྱིར༔ ཀླུ་དང་གཤིན་རྗེ་བཙན་མ་མོ༔ དྲང་སྲོང་གཟའ་བདུད་དང་བཅས་ལ༔ གཏད་དོ་གཉེར་རོ་ས་མ་ཡ༔ དམ་ལྡན་བརྒྱུད་འཛིན་བུ་སློབ་སྐྱོངས༔ དམ་ཉམས་ལྟ་ལོག་སྲོག་ལ་ཡ༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་མཁའ་ཀློང་དུ། །མི་འགྱུར་རྡོ་རྗེའི་བྲག་ནས་བཏོན། །རྡོ་རྗེ་བཟང་པོས་བསྐུལ་བའི་ངོར། །ཀློང་བརྡོལ་རིག་པའི་སྒྲོམ་ལས་བཤུས། །བརྒྱུད་འཛིན་ཐར་ལམ་གཟུད་པའི་ཕྱིར། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །དགེའོ། །དགེའོ།། །།