DJYD-KABUM-22-ZA-014

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-22-ZA-014
Wylie title DJYD-KABUM-22-ZA-014.pdf
Location bdud 'joms rin po che bka' 'bum
Volume 22, Text 14, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །རྩ་གསུམ་ཐུགས་སྒྲུབ་དགོངས་པ་ཡོངས་འདུས་ཀྱི་ཚེས་

བཅུའི་ཆོ་ག་གཏོང་ལུགས་ཀྱི་ཟིན་བྲིས་དྭངས་ཤེལ་ མེ་ལོང་བཞུགས་སོ། །

(1བ)ཨོཾ་སྭསྟི། དགོངས་པ་ཡོངས་འདུས་ཚེས་བཅུའི་ཆོ་གའི་ཕྱག་བཞེས་ཀྱི་ཟིན་ཐོ་འགོད་པ་ལ། མཆོད་གཤོམ་གྱི་རིམ་པ་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཐོག་མར་ཚིག་བདུན་གསོལ་འདེབས་ལན་གསུམ། འཁྲུངས་རབ་གསོལ་འདེབས་དང་བརྒྱུད་འདེབས་རྗེས། ཇ་མཆོད་སྡོམ་བརྩོན་དམ་པ། ཇ༽ དགེ་བསྐོས་ཀྱིས་ཇ་གནང་ཞུ། དེ་ནས། རང་ཉིད་སྐད་ཅིག་གིས་སོགས། ས་མཱ་ཛཿར་བསྡུ་རྒྱ། ཐལ་སྦྱར་བཅས། ན་མོ། བླ་མ་བདེ་གཤེགས་སོགས་གསང་འདུས་རྩ་གདངས། ལན་གསུམ་ནས་བསྐུལ་མཚམས་ཀྱིས། ན་མོ། བདག་གིས་འགྲོ་བ་སོགས་(2ན)གསུམ་དང་། ཡང་བསྐུལ་མཚམས་ཀྱིས། ཧཱུྃ་ཧྲཱིཿ གུ་རུ་ཡི་དམ་སོགས་རྩ་གདངས། རྒྱུད་བྱིན་གྱིས་བརླབས་པར་གྱུར། འདི་སྐབས་ལས་རྡོར་གྱིས་གྲལ་གཤམ་དུ་བགེགས་གཏོར་བཤམ། རཾ་ཡཾ་ཁཾ་ལ་ཆབ་བྲན། སྟོང་པའི་ངང་ལས༴ ཨོཾ་ཨཱཿཧཱུྃ་ཧོཿར་མཁའ་ལྡིང་རྒྱ། སློབ་དཔོན་ནས་རྡོ་དྲིལ་བཅས། སརྦ་བྷཱུ་ཏར་འགུགས་རྒྱ། སརྦ་བིགྷྣཱན་སོགས་པད་སྐོར་མཛོད་རྒྱ་སེ་གོལ་བཅས་ལན་གསུམ་མཐར། དུང་ཆེན་གྱིས་དྲངས་པའི་རོལ་བརྒྱ་བརྡུང་ནི། ཐང་གསུམ་ཟིལ་འབེབས་མཐར། སྦྲམ་སྦྲམ་ཐང་༡ཐང་༢ཐང་༣ཐང་ཟད་མཇུག་བིར་སྦྲམ་༡བྱས་(2བ)བིར་སྦྲམ་༢བྱས་བིར་སྦྲམ་༣བྱས་སྦྲམ་སྦྲམ་ཐང་༡ ༢ ༣ ༤ ༥ ༦ ༧ ༨ ༩ཐང་སྦྲམ་ཐང་ཟད་ནས་བིར་སོགས་གོང་དང་འདྲ་བ་ལན་གསུམ་མཐར་ཐིང་གང་ཆེ་བ་གསུམ་ནས་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ་ཧྲཱིཿ བླ་མ་རྣམས་སོགས་བདེ་གཤེགས་འདུས་གདངས་ལྡེམ་དབྱངས། མཁའ་འགྲོ་རྣམས་ནས་ལྷུག །དེ་བས་མ་འདུག་ལ་འཇགས་རོལ་ཟིལ་འབེབས་མཐར། སྦྲམ་སྦྲམ་བྱས་༡ ༢ ༣ བྱས་༡ ༢ བྱས་སྦྲམ་ཐང་ཟད་ནས། ང་ནི་ཡེ་ནས་མཚམས་གཅོད་རང་གདངས། ཚིག་གཉིས་རེའི་མཚམས་སུ་རོལ་མོ་གོང་བཞིན་མཐར་སྔགས་རོལ་འོག །ཧཱུྃ་ཧྲཱིཿ སྣང་སྲིད་འཁོར་འདས་སོགས་ལྷུ་གསུམ་ལྷུག་མཐར་སུམ་བརྡུང་འཇོག་ཡོད་ཀྱིས། ཧཱུྃ༔ ཆོས་དབྱིངས་རྣམ་དག་སོགས་བྱིན་འབེབས་འོག་མིན་ཆོས་དབྱིངས་རྟ། དུས་གསུམ་བདེ་གཤེགས་ནས་ལྷུག་མཐར་རྒྱུད་གསུམ་རོལ་མོ་ཟིལ་འབེབས་བཞག་རོལ། རཾ་ཡཾ་ཁཾ་ལ་ལས་ཆུ་འཐོར། བདག་གི་ཐུགས་ཀ་ནས། ཨརྒྷཾ་སོགས་ལ་པད་སྐོར་སེ་གོལ་མེད་པའི་རང་རྒྱ་དང་། ཤཔྡར་རོལ། སྨན་རཀ་གཏོར་གསུམ་སྔགས་ལན་གསུམ་རེ། ཐ༽ དེ་ནས་ཐིང་གསུམ་ཟིལ་འབེབས་མཐར། སྦྲམ་སྦྲམ་ཐང་༡(3ན)ཐང་༢ཐང་༣ཐང་བྱས་ཐང་༡ཐང་༢ཐང་བྱས་ཐང་ཟད་ནས། ཨོཾ་ཆོས་སྐུ་མི་འགྱུར་སོགས་ཚིག་གཉིས་རྩ་གདངས་ལྡེམ་དབྱངས། དང་པོ་ཆོས་རྣམས་ནས་ལྷུག་འདོན་དལ་ཆགས་པ། ཁྲོ་གཏུམ་གཟི་བརྗིད་ལྡན་པར་བསྐྱེད༔ ཅེས་རྔ་ཚག་གིས་བཞག །བསྐུལ་མཚམས་ཀྱིས། ཧཱུྃ་ཧྲཱིཿ དེ་ཡི་ཕྱི་རིམ་སོགས་ལྷུག་འདོན། ཆར་སྤྲིན་གཏིབས་པ་ལྟ་བུར་གྱུར༔ ཅེས་སུམ་བརྡུང་མཚམས་ཅན་འཇོག་མེད་དལ་བ་ནས། སྔོན་བསྐལ་མ་རང་གདངས་ལྡེམ་དབྱངས་ལྷུ་གཅིག་གཉིས་གང་རིགས། དེ་ནས་ལྷུག བསྐུལ་མཚམས་ཀྱིས། ཧཱུྃ་ཧྲཱིཿ རྣམ་དག་དབྱིངས་སོགས། གུ་རུ་རྣམ་དྲུག་གཤེགས་སུ་གསོལ༔ ཐང་༡ཐང་༢བྱས་ཐང་༡ཐང་༢ཐང་བྱས་ཐང་ནས་ཧཱུྃ་ཧྲཱིཿ བདེ་ཆེན་འབར་བའི་སོགས་རྩ་གདངས་རྩེ་ཕྲན་ཅན་ཚིག་གཉིས་མཚམས་སུ་རོལ་བཅས་ལྷུ་གཉིས་ནས་ལྷུག །བརླབ་ཕྱིར་གཤེགས་སུ་གསོལ༔ ཐང་༡ཐང་༢བྱས་ཐང་༡ཐང་༢ཐང་བྱས་ཐང་ནས་གནས་མཆོག་འདི་རུ་སོགས་བདེ་ཆེན་འབར་བའི་གདངས་འགེབས་ཀྱིས་རྫོགས་མཐར་ཟིལ་འབེབས་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག །(3བ)ཧཱུྃ་ཧྲཱིཿ རིན་ཆེན་ཕོ་བྲང་སོགས་ལྷུག་འདོན་བཅད་དལ། འདིར་ཇ་མཆོད་དུས་གསུམ་སངས་རྒྱས་མ། དེ་ནས་ཐལ་སྦྱར་བཅས། ན་མོ༔ སྐྱེ་འགགས་འགྱུར་མེད་ལ་རྫོགས་ཆེན་ཕྱག་འཚལ་གདངས། ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཕྱི་མཆོད་བླ་མ་ཡིདམ་ལྷ་ཆེན་ཚོགས་རྗེ་ཚོགས་བདག་འགེབས་པའི་ལྡེམ་དབྱངས། པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ནང་མཆོད་བླ་མ་ཡི་དམ་ལ་བཀའ་བརྒྱད་ཡང་དག་རྟོགས་པའི་གདངས། ཚིག་གཉིས་མཚམས་སུ་རོལ་བཅས་ལྷུ་བཞི། ཚིག་བསྟུན་རྐང་གླིང་དང་ཐོད་རྔ་འབུད་དཀྲོལ། དུག་གསུམ་སྐུ་གསུང་ནས་ལྷུག པཉྩ་པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ནས། གསང་མཆོད་བླ་མ་ཡི་དམ་ལ་དྲག་དམར་བསྐང་དབྱངས་གཉིས་མཚམས་རོལ་བཅས་ལྷུ་གཉིས། བདེ་བའི་རོ་སྙོམས་ནས་ལྷུག མ་ཧཱ་པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་དལ་བ་ནས། སྨན་མཆོད་བླ་མ་ཡི་དམ་ལ་རྩ་གདངས་ལྡེམ་དབྱངས། ཁ་རཾ་ཁཱ་ཧི༔ ཞེས་རྔ་ཚག་གིས་བཞག །ཆོས་སྐུ་སྣང་བ་སོགས་སྨན་མཆོད་དབྱངས་རྟ་ལྡེམ་དབྱངས་ཆུང་བ། གར་དབང་ཕྲིན་ལས་ལ་བསྐུལ་མཚམས་སམ་ཡང་ན་དེ་ནས་ལྷུག་འདོན་རྔ་མེད། ཁྲག་མཆོད་བླ་མ་ཡི་དམ་(4ན)ནས་རྔ་ཆིངས། རཀྟ་ལ་ཁ་རཾ་ཁཱ་ཧིཿ ཞེས་སུམ་བརྡུང་འཇོག་མེད་ནས། རྗེ་བཙུན་བླ་མ་སོགས་ལ་ལྷ་ཆེན་བསྟོད་དབྱངས་ཆེ་བ། གདངས་མི་བཏང་ན་དེའི་བར་ལ་རོལ་མེད། སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཞེས་སུམ་བརྡུང་འཇོག་མེད་ནས། སྣང་བ་སྣོད་སོགས་ལྷ་ཆེན་རང་བྱུང་གདོད་ནས་དབྱངས་འགེབས་ཀྱིས་ལྡེམ་དབྱངས། དཔལ་གྱི་གཏོར་མ་ནས་ལྷུག །བདུད་རྩིར་བསྒྱུར་བའི་གཏོར་མ་ཆེན་པོ་འདིས༔ ཐང་༡ཐང་༢ཐང་བྱས་ཐང་༡ཐང་༢ཐང་བྱས་ཐང་ཟད། རྡོ་རྗེ་སློབ་དཔོན་རྩ་གདངས་ལྡེམ་དབྱངས་ལྷུ་གཉིས་ནས་ལྷུག་མཐར། བ་ལིཾ་ཏ་ཁཱ་ཧི༔ ཞེས་སུམ་བརྡུང་ཟིལ་འབེབས་བཞག་རོལ་ཐོག་རྔ་སྦུག་རང་གནས་སུ་འཇོག་དེ་ནས་ལེའུ་བདུན་མ། ཇ་ཆ༽ དཀོན་མཆོག་གསུམ་དངོས་སོགས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་གུང་སྦྲེལ་མར་༽ བསྐང་གསོའི་མཆོད་བརླབ་ནས་ཕྱག་བཞི་པའི་དམ་བཞག ཇ༽ །མཆོད་མཇུག །རྡོར་ལེགས་ནས་དཀྱུས་བཞིན་ལས། རྗེས་འབྲང་གི་ཕུར་སྲུང་མཇུག་དགེ་བསྐོས་ཀྱིས་གུང་ཚིག་རྒྱལ་རྔ་བརྡུང་། བསམ་ལྷུན། འཛམ་གླིང་དག་པ། ཁྱོད་ལ་བསྟོད་ཅིང་མཇུག་བཞེས་ཐུག་མཆོད་ནས་ཡོན་སྦྱོང་ཆབ་བཀྱེས་ཏེ་གུང་ཚོགས་གྲོལ། ༼བར་ཆ་སྔ་མར་༽(4བ)ཚེ་རིང་མའི་མངོན་རྟོགས་ནས་བསྟོད་པའི་བར་དང་། གཡུ་སྒྲོན་མ་ནས་གཏེར་གཞིའི་མཇུག་བཟླས་པ་དང་། བསྐང་རྫས་བརླབ་ནས་བསྐང་བ་ཡོངས་རྫོགས་བཅས་ནར་འདེད་ལས་སོ་སོའི་མཐར་ཚེ་རིང་མའི་བཟླས་པ་དང་སྐོང་བའང་སྦྱར། ཞ༽ བཤགས་པ་ཕྲིན་བཅོལ་བར་བཏང་ནས་གྲོལ། ༼བར་ཆ་རྗེས་མར་༽ ལས་རྡོར་གྱིས་ཚོགས་ཞུས་བྱས་ནས། ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་དལ་བ་ནས། རང་ཉིད་ལྷ་ཡི་སོགས་སྔོན་བསྐལ་ལྡེམ་དབྱངས། རཾ་རཾ་ནས་ལྷུག །འགྲོ་ཀུན་མུན་པ་བསལ་བར་གྱུར༔ ཞེས་འཇགས་རོལ་ནས་བཞག་རོལ་གྱིས་རྔ་སྦུག་གནས་སུ་འཇོག །སྐབས་འདིར་ཚོགས་ཞིང་སྤྱན་འདྲེན་མི་དགོས་ཤིང་། འདི་སྐབས་ལས་རྡོར་རོལ་བཅས་ཀྱིས་མར་མེ་དང་སྤོས་རྣམས་སྦར་ཏེ་གཞུང་གྲལ་གཡས་གཡོན་ཀྱི་དབུ་མཛད་འོག་གསུང་ལེན་པ་ནས་མར་བརྩིས་པའི་ལྔ་པར་མེ་ཏོག་ནས་བཟུང་སྟེ་ཡར་བདུག་སྤོས་སོགས་ཉེར་སྤྱོད་རྣམས་ཕུལ་བར་གསུང་ལེན་པར་ཞལ་ཟས་ཕུལ། དེ་བཞིན་སུ་གཡོན་གྲལ་དུའང་ཕུལ་རྗེས་དབུ་མཛད་ལ་ཏིང་ཤག་ཕུལ་ནས། དུར་ཁྲོད་གསང་བ་སོགས་རྩ་གདངས། རྡོ་རྗེ་རྒྱལ་པོའི་ཕྱག་ན་ཌཱ་རུ་དང་བདུད་རྩིའི་བྷནྡྷ་བསྣམས། དགེ་བསྐོས་ཀྱིས་(5ན)སྤོས་བསྐོར། གསང་བའི་དཀྱིལ་འཁོར་སོགས་ལ་དབུ་མཛད་ཀྱིས་ཏིང་ཤག་བརྡུང་། མཐར་རུ་ལུ་ལན་བདུན་ལ་ཌཱ་རུ་བཅད་མ་བདུན་དཀྲོལ། ཀུན་གཞི་མ་བཅོས་སོགས་ལྷུག ཇ༽ །དེ་ནས་རོལ་བླངས་ཏེ་ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། དམ་རྫས་གཏོར་ཆེན་སོགས་དྲག་དམར་མཆོད་རྟ་ཚིག་གཉིས་མཚམས་རོལ་རེ། རྐང་གླིང་ཐོད་རྔ་སོ་སོའི་ཚིག་བསྟུན་འབུད་དཀྲོལ། ཞུན་ཆེན་སྣང་གསལ་ནས་ལྷུག །བསྐུལ་མཚམས་ཀྱིས། དམ་རྫས་རྒྱན་གྱི་སོགས་ལྷུག་མཐར་སུམ་བརྡུང་འཇོག་ཡོད་ཀྱིས། བདེ་བར་གཤེགས་སོ་སོགས་དྲག་དམར་ཚོགས་གདངས། དངོས་གྲུབ་སྩོལ༔ ཅེས་སུམ་བརྡུང་འཇོག་ཡོད་ནས། སྔོན་བྱུང་དུས་སོགས་གདངས་གོང་བཞིན། འདི་སྐབས་ལས་རྡོར་གྱིས་གཞུང་གྲལ་མཇུག་ཏུ་བྲུབ་ཁུང་གདན་བཅས་འགོད། ཉེ་ལོགས་སུ་ཤིང་ཁྲོལ་ཁེབས་ལྡན་ནང་ཐུན་སྣོད། ཕུར་བུ། སྒྲོལ་གྲི། གནམ་ལྕགས་རྡོ་རྗེ་མཐིང་ཁྲ་ཅན་བཅས་བཤམས། གོང་གི་ཚིག་མཇུག་སུམ་བརྡུང་ཟིལ་ནས་བཞག་རོལ་ནས། ན་མོ། རིག་འཛིན་རྩ་བརྒྱུད་སོགས་འགུགས་གཞུག་ལན་གཅིག་ལ་སློབ་དཔོན་ལས་རྡོར་གཉིས་ཀས་རྒྱ་བཅས་མཐར་དྲག་བརྡུང་(5བ)མཇུག་ལས་རྡོར་གྱིས་འཆམས་སྟབས་དང་འབྲེལ་བར་དགུ་བརྡུང་འཇོག་མེད་ཀྱིས། ཆེ་མཆོག་པདྨ་སོགས་རྩ་གདངས་འཆོལ་རྒྱག་འཆམས་བཅས་མཐར་ཟིལ་འབེབས་གློག་མ་འདྲ་བའི་དུས་སུ་ལས་རྡོར་གྱིས་ཐུན་བྲབ་པ་སོགས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ལ་ཟིལ་མཐར་སུམ་བརྡུང་འཇོག་ཡོས་ཀྱིས། བླ་མ་ཡི་དམ་སོགས་དྲག་དམར་ཚོགས་གདངས་མཐར་སུམ་བརྡུང་འཇོག་བཅས་ཀྱིས། རྒྱུ་གཉིས་རྐྱེན་སྦྱར་སོགས་ལྷུག་འདོན་དལ་ཆགས་པའི་མཐར། སུམ་བརྡུང་ཐིང་གང་མ་དང་ཉིས་བརྡུང་ཐིང་གང་མ་ཤིན་ཏུ་དལ་བ་འཇོག་མེད་ནས། མ་བཅོས་སྤྲོས་བྲལ་སོགས་རྩ་གདངས་ལྡེམ་དབྱངས། པད་སྡོང་ནས་ལྷུག །རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ གུ་རུའི་ཐུགས་རྗེས་སོགས་བརྡ་བསྟོད་དང་། ཞི་བའི་ལས་མཛད་སོགས་ནར་འདེད་ཀྱིས། གུ་རུ་དྲུག་ལ་ཕྱག་འཚལ་བསྟོད༔ ཐང་༡ཐང་༢ཐང་བྱས་ཐང་༡ཐང་༢ཐང་བྱས་ཐང་ཟད་ནས། མ་ཆགས་སྐྱོན་གྱིས་སོགས་ནས་ཤཱཀྱ་སེང་གེའི་བར་གདངས་རོལ་འདྲ། ལྷུ་གཉིས་ལས་མི་བཏང་ན་ཤེས་བྱ་ཀུན་ནས་ལྷུག །ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ ཅེས་རྩེ་ཚག་གིས་བཞག །བསྐུལ་མཚམས་(6ན)ཀྱིས་སེང་རྡོར་གཉིས་གདངས་རོལ་ཉིས་བརྡུང་མཚམས་ཅན་འཇོག་བཅས་མཐར། ༡ ༢བྱས་ ༡ ༢ བྱས་ ཐང་༡ ཐང་༢ བྱས་ ཐང་༡ཐང་༢ཐང་བྱས་ཐང་སྣང་བ་འགགས་སོགས་གིང་བསྟོད་རྩ་གདངས། ཇ༽ སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་སུམ་བརྡུང་ཟིལ་འབེབས་འོག་ཡིག་བརྒྱའི་མཐར་བཞག་རོལ་གྱིས་རྔ་སྦུག་འཇོག །ཡང་གསང་བླ་མེད་སོགས་ཛཔྲ་བསྐུལ་ལྷུག་མཐར། ཐལ་སྦྱར་བཅས་ཀྱེ་ཀྱེ་བླ་མ་སོགས་རྩ་གདངས། འདྲེན་པའི་བླ་མར་ལྷུག་ནས། བཛྲ་གུ་རུ་སུམ་བརྒྱ་ལྔ་བརྒྱ་ཅི་རིགས་བཟླས་མཐར། བསྐུལ་མཚམས་ཀྱིས། བླ་མ་ཡུབ་ཡུམ་སོགས་རྩ་གདངས་ཐལ་སྦྱར། བྱིན་གྱིས་བརླབས་ནས་ལྷུག བསྐུལ་མཚམས་ཀྱིས། རང་ཉིད་དབང་ཆེན་སོགས་ལྷུག་འདོན་ནས་ཐོད་ཕྲེང་རྩལ་བརྒྱ་རྩ་ཙམ་དང་། བླ་མ་འོད་ཞུ་སོགས་ཀྱིས་ཧྲཱིཿམ་ཉེར་གཅིག་ཙམ་བཟླས་མཐར། རོལ་བླངས་ཏེ་ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ མ་གཡེལ་མ་གཡེལ་སོགས་དྲག་དམར་ཟོར་བསྐུལ་གདངས། རྗེ་བཙུན་པདྨ་ནས་ལྷུག །དངོས་གྲུབ་སྩོལ༔ ཅེས་རྔ་ཚག་གིས་(6བ)བཞག །བསྐུལ་མཚམས་ཀྱིས། ཧཱུྃ་ཧྲཱིཿ ལྷོ་ནུབ་རྔ་ཡབ་སོགས། འདི་སྐབས་གསོལ་ཚོགས་འབུལ་ཞིང་ལྷག་མ་བསྡུ། ཆབ་བཀྱེ། རྣམ་རྟོག་ཞི་བར་མཛོད༔ ཅེས་སུམ་བརྡུང་ཟིལ་འབེབས་བཞག་རོལ་གྱིས་གྲོལ། ༼དགོང་ཚོགས་ལ་༽ ཆ་གསུམ་ཤར་ཙམ་བཏང་རྗེས། ཇ༽ ཧྲཱིཿ རྣལ་འབྱོར་མཆེད་ལྕམ་སོགས་སྤྱི་གདངས་ཚིག་མཇུག་ལྷུག་མཐར། ཨོཾ་ཨཱཿཧཱུྃ་པཉྩ་སོགས། རོལ་ཐིང་གཅིག་ཟིལ་འབེབས་ལེན་གཅིག་ནས་ཉིས་བརྡུང་མཚམས་ཅན་འཇོག་བཅས་ཀྱིས། ཧཱུྃ་ཧྲཱིཿ དང་པོ་ཕུད་སོགས་གདངས་རོལ་སྤྱི་ལྟར་ལྷུ་གསུམ། ལྷག་མ་ཁ་ཆུས་ནས་ལྷུག །མཐར་འཇགས་རོལ་ཟིལ་འབེབས་བཞག་རོལ། དེ་རྗེས་བསྐང་གསོའི་གཏོར་འབུལ་ནས་ཤིས་བརྗོད་བར་སྤྱི་འགྲེ། ཤིས་བརྗོད་རོལ་ཟིལ་འབེབས་མཐར་ཉིས་བརྡུང་འཇོག་བཅས་ཀྱིས། ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་སོགས་གདངས་རོལ་བཀའ་བརྒྱད་བཞིན་ལས། དེ་འོག་བར་ནས་ལྷུག །མཐར་དགུ་བརྡུང་འཇོག་བཅས་ནས། བྷྱོ༔ འཇིག་རྟེན་བོད་ཁམས་སོགས་བྱང་གི་གནམ་མཚོའི་དབྱངས། ཤ་མེད་གངས་དཀར་ནས་ལྷུག །མཐར་འཇགས་རོལ་གྱིས་ཟིལ་འབེབས་བཞག་རོལ་ཐོག་ཐང་(7ན)ཟད་ནས། ཧཱུྃ་ཧྲཱིཿ རྟ་ཡི་བརྟུལ་ཞུགས་སོགས་ལྡེམ་དབྱངས་ཀྱིས་དབྱངས་རྟ་ཆེ་བ། སྐུ་གསུང་ཐུགས་ནས་དབྱངས་རྟ་ཆུང་བ། དབང་ཆེན་གར་གྱི་ནས་རྔ་ཆིངས་བཅས་ལྷུག་མཐར། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་སོགས་ལྷུག་ནས། སརྦ་པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་ཤློ་ཀ་གཅིག་མཐར་སུམ་བརྡུང་ཟིལ་འབེབས་བཞག་རོལ་གྱིས་རྔ་སྦུག་རང་གནས་སུ་འཇོག་ཐལ་སྦྱར་བཅས། ཧཱུྃ་ཧྲཱིཿ ཡང་གསང་བླ་མེད་སོགས་རྩ་གདངས། མཇུག་ལྷུག་ནས་དབྱངས་གསལ་སོགས་ལ་སློབ་དཔོན་གྱིས་དྲིལ་གསིལ། ཨ༔ སྐྱེ་མེད་ཆོས་སྐུའི་སོགས། ངང་དུ་བཞག །ཅེས་བསྐུལ་མཚམས་ཀྱིས། སླར་ཡང་བདག་ཉིད་སོགས། ཀཱ་ཝཱ་ཙི་ཨཱཿཧཱུྃ༔ བསྐུལ་མཚམས། ན་མོ༔ བདག་གིས་སོགས་དང་། ཡེ་དྷརྨ་ཐོག་དྲངས་ཏེ། ཞ༽ ཧྲཱིཿ ཆོས་སྐུ་ནམ་མཁའ་སོགས། འདི་རྣམས་ཐམས་ཅད་ཕོ་བྲང་དབུས་གདངས་སམ་རྩ་གདངས་ཁོ་ན་དང་། བཀྲ་ཤིས་ལ་དྲིལ་གསིལ་བཅས་མཐར་མཆོད་རོལ། དེ་རྗེས་དགོང་(7བ)ཐུན་ལ་དགེ་བསྐོས་ཀྱིས་རྒྱལ་རྔ་བརྡུང་། ལྷོ་ནུབ་རྔ་ཡབ་མ། ཇི་སྙེད་ཕན་བདེ། པདྨའི་རིང་ལུགས། བསླབ་གསུམ་འཕགས་ནོར། ཨེ་ཝཾ་ཟུང་འཇུག །དེ་ལྟར་འགྲུབ་པའང་སོགས་ཀྱིས་གྲོལ་ལོ། །༼ཚེས་དགུ་ལ་༽ དེས་འགྲེ་བ་ལས་དབྱངས་ལ་ཉིས་ཐེང་ཡོད་མེད་དང་། ལེའུ་བདུན་མའི་དབྱངས་རེས་མོས། གསོལ་ཁའི་དབྱངས་ཀྱི་གཏོང་ཁྱད་འོས་བསྟུན་འཕྲུལ་ཤེས་པར་བྱའོ། །༼ཚེས་བཅུ་ཉིན་༽ ནམ་ཞོག་སྔ་བར་བཞེངས་ནས་ཚོགས་སྔར་རྒྱུན་བཞིན་བཏང་ནས་སྣང་གྲགས་སོགས་ཀྱིས་གྲོལ། ཚོགས་ཆུང་ཞར་ལ་ཚུགས་ཏེ། ཚོགས་བྱིན་བརླབ་ནས་དཀྱུས་ལྟར་ལས། མཚན་བསྟོད་ཞི་བསྟོད་གཉིས་དང་། ཁྲོ་བསྟོད་གིང་བསྟོད་གཉིས་ལྷུ་གཉིས་མ་གཏོགས་ལྷུག་པའི་ཁྱད་ཙམ་ལས་གཞན་སྔར་དཀྱུས་བཞིན་ནར་འདེད། དུག་ལྔའི་རྣམ་རྟོག་མཇུག་རོལ་སུམ་བརྡུང་ཟིལ་འབེབས་ནས་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག ཡོན་སྦྱོང་སོགས་སྔར་བཞིན་གྱིས་གྲལ། ༼ ཚ་གུང་སྦྲེལ་མར་༽ ལེའུ་བདུན་མ། ཟངས་མདོག་དཔལ་རིར་དབྱངས་རྟ་སྐབས་གསོལ་སྡེར་བཀྲམ། དེ་རྗེས་སྤྲོས་བྲལ་བདེ་ཆེན་དབྱངས་རྟ། བསྐང་གསོའི་མཆོད་བརླབ་རྒྱས་པ། (8ན)དམ་ཅན་སྤྱི་གཏོར། སྔགས་སྲུང་། ཚེ་རིང་མ། གཏེར་གཞི། བཟླས་དམིགས་བཅས་བཟླས་པ་གཉིས། བསྐང་རྫས་བྱིན་རླབས། བསྐང་བ་གཉིས། སྤྱི་བཤགས། ཕྲིན་བཅོལ་བར་བཏང་སྟེ་རོལ་བཞག །ནུབ་ཕྱོགས་བདེ་ཅན། འཛམ་གླིང་དག་པ་སོགས་ཀྱིས་གྲོལ། །༼བར་ཆར་༽ དུང་བརྡ་དང་གཉིས་ཕུལ། དུང་བརྡ་གསུངས་པའི་སྐབས་རྔ་གྲྭ་བ་རྣམས་འདུ་ཁང་དུ་ཕེབས་ནས། དང་པོ་རྐང་གླིང་པ་གཉིས། རྔ་པ་གཡོན་གཡས་རྣམས། དུང་པ་གཉིས་ཞྭ་ཟླ་གམ་བཞེས་ཤིང་སེར་སྦྲེང་གིས་འཆམས་རའི་རྔ་གྲལ་དུ་ཕེབས་ཏེ་བཞུགས་ནས། ཚིག་བདུན་གསོལ་འདེབས། སྦས་ཡུལ་ཆོས་ནོར། མི་མིན་རང་སྣང་། མཆོད་དཔོན་སྣམ་སྦྱར་བཅས་གྲལ་གཤམ་དུ་བགེགས་གཏོར་བཤམ། རང་ཉིད་སྐད་ཅིག་གིས་དབང་ཆེན་དཔའ་བོ་རྟ་མགྲིན་ཡབ་ཡུམ་གྱི་སྐུར་གྱུར། རཾ་ཡཾ་ཁཾ་ལ་ཆབ་བྲན། སྟོང་པའི་ངང་ལས་སོགས། སྔགས་བསྔོས་ལན་གསུམ་གྱི་རྗེས་སུ་དུང་ཆེན་གྱིས་དྲངས་པའི་རོལ་མོ་ཐིང་གསུམ་ཟིལ་འབེབས་བརྒྱ་བརྡུང་མཐར་ཟིལ་འབེབས་ནས་སུམ་བརྡུང་འཇོག་མེད་ཀྱིས། བླ་མ་རྣམས་སོགས་བཀའ་(8བ)བསྒོ་ལྡེམ་དབྱངས། མཁའ་འགྲོ་ནས་ལྷུག་མཐར་འཇགས་རོལ་རིང་བའི་ཐོག་དུང་རྐང་། མཆོད་དཔོན་གྱིས་སྔོན་གཏོར་ཕྱི་རོལ་དུ་འཕང་། ཆས་འཇུག་ཁང་ནས་སྤོས་ཕོར་གྱིས་སྣ་དྲངས་ཏེ་མཚམས་གཅོད་པ་རིམ་གྱིས་དོན་ནས་ལམ་འགྲོས་སོགས་དང་། ང་ནི་ཡེ་ནས་ཚིག་འཆམས་སྐབས་མཆོད་དཔོན་རོག་བཅས་ཀྱིས་ཐུན་གང་འགྱེད། ཚིག་མཚམས་རྫོགས་ནས་ཐུན་ཕྱིར་བརྡེག་ཅིང་ལྡོག་དུས་རྐང་དུང་དང་བཅས་ཆས་ཁང་དུ་ལྡོག་ཟིན་པ་དང་། དེ་རྗེས་རིམ་བཞིན་བྱིན་འབེབས། གསེར་སྐྱེམས། ཚོགས་ལེན། གིང་ཆེན། ཇཐ༽ བར་འདིར་རྔ་གྲྭ་བ་རྣམས་ཆབ་བསིལ་ལ་ཕེབས། མི་མ་ཡིན་ཆས་ཞུགས་སེར་སྦྲེང་སོགས་ཀྱིས་དྲངས་པའི་གུ་རུ་རིན་པོ་ཆེ། མཚན་བརྒྱད། མནྡྷ་ར་ཝ། མཚོ་རྒྱལ། མཁའ་འགྲོ་སྡེ་ལྔ། ཚངས་པ་བརྒྱ་བྱིན། བཀའ་དྲིན་ཅན་མའི་གར་པ་བཅས་སོ་སོའི་རོལ་དབྱངས་འཆམས་གར་གྱི་རྣམ་འགྱུར་མཐའ་དག་འཆམས་ཡིག་བཞིན་ལེགས་པར་ཟིན་ནས་ཡར་ལྡོག་སྟེ་གྲོལ། ༼དགོང་ཚོགས་ལ་༽ ལྷག་གཏོར་ནས་སྔར་རྒྱུན་བཞིན་ལས། བྲོ་བརྡུང་མཇུག་ཟིལ་འབེབས་བཞག་རོལ། ཧཱུྃ་ཧྲཱིཿ བདེ་མཆོག་བདེ་སྤྱོད་སོགས་རྩ་གདངས། (9ན)ཕ་ལ་ཧོཿ ཞེས་རྔ་ཆིངས་ཀྱིས་བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་གཉིས་ཀའི་སྔགས་དབྱངས་ལན་གསུམ་རེའི་གསུམ་པར་འཆོལ་རྒྱག་མཐར་སུམ་བརྡུང་འཇོག་མེད་ཀྱིས་གཏང་རག་མཆོད་བསྟོད་ནས་བཀྲ་ཤིས་སོགས་རྗེས་ཀྱི་རྒྱུན་སྤྱོད་བར་སྔར་བཞིན་རྒྱས་པར་མཐའ་དབྱུང་བས་ལེགས་པར་གྲུབ་བོ། །ཞེས་པའང་རབ་བྱུང་བཅུ་དྲུག་པའི་མེ་ཁམས་ནོར་སྐྱོང་གི་ལོ་དབང་ཆེན་སྦྲེལ་ཟླའི་ཚེས་བཅུར་ཀོང་པོ་བུ་ཆུ་བདེ་ཆེན་སྟེང་དུ་ཚུལ་འདིའི་དུས་མཆོད་ཆེན་མོ་སྤྲོས་པའི་སྐབས་སུ་ཉེར་མཁོར་གྱུར་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པའོ།། །།