TTDL-ZABTER-02-KHA-013
TTDL-ZABTER-02-KHA-013
༠༠༠བརྡ་ཡིག༢༢༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་བསྐུལ་བཟློག་རྡོ་རྗེའི་ཕ་ལམ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ༠༠༠བརྡ་ཡིག༢༢༡གསེར་སྐྱེམས་གཏོར་མཆོད་བཤམས་པ་ལ༔ འགུགས་གཞུག་བསྒྲལ་བའི་ཤ་ཁྲག་བསྐྱིལ༔ འཇམ་དཔལ་སྒྱུ་འཕྲུལ་རོལ་པ་ལས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་ཀྱིས༔ སྣང་སྲིད་ཁམས་ཀུན་ཡོངས་གང་ནས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ བསྒྲལ་བས་དབྱིངས་སུ་བཤིག་པར་དམིགས༔ ཧཱུྃ་ཧྲཱིཿཀ་དག་སྤྲོས་མཐའ་བྲལ་བའི་ཕོ་བྲང་ནས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཁྱབ་བདག་དཔལ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ གཟུང་དང་འཛིན་པ་བདག་མེད་ཆེན་པོར་ཟློག༔ ལྷུན་གྲུབ་བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ ལོངས་སྐུ་རིགས་ལྔའི་ཐུགས་དམ་གནད་ནས་བསྐུལ༔ སྐུ་དང་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ལ༔ ཉོན་མོངས་དུག་ལྔའི་གཡོ་འཁྲུགས་དབྱིངས་སུ་ཟློག༔ མཁྱེན་གཟིགས་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་རིགས་ལྔའི་ཐུགས་དམ་གནད་ནས་བསྐུལ༔ ཤེས་རབ་གསལ་ཁྱབ་དབྱིངས་ནས་སྐུར་བཞེངས་ཤིག༔ མ་རིག་འཁྲུལ་པ་རིག་སྟོང་ངང་དུ་ཟློག༔ རྣམ་ཐར་གསུམ་ལྡན་བཙུན་མོའི་བྷ་ག་ནས༔ དབྱངས་ཅན་ལྷ་མོ་རིགས་ལྔའི་ཐུགས་དམ་བསྐུལ༔ ཆོས་ཉིད་སྤྲོས་བྲལ་དབྱིངས་ནས་སྐུར་བཞེངས་ཤིག༔ སེམས་དང་སེམས་བྱུང་བག་ཆགས་དབྱིངས་སུ་བཟློག༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་དཀྱིལ་འཁོར་ནས༔ འཇིགས་བྱེད་གཤིན་རྗེ་རིགས་བཞིའི་ཐུགས་དམ་བསྐུལ༔ ཚད་མེད་རྣམ་བཞིའི་དབྱིངས་ལས་སྐུར་བཞེངས་ལ༔ རྟག་ཆད་མཐའ་བཞི་མཐའ་བྲལ་ཆེན་པོར་ཟློག༔ བདག་རྟོག་དབྱིངས་སྒྲོལ་མི་རོའི་བ་གམ་ནས༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་སྲུང་མ་རྣམས༔ བཀའ་དང་དམ་ཚིག་གཉན་པོས་ཐུགས་དམ་བསྐུལ༔ མངོན་སྤྱོད་རོལ་པའི་དབྱིངས་ནས་སྐུར་བཞེངས་ཤིག༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཟློག༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས༔ མ་གཡེལ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ བྱང་ཆུབ་སྒྲུབ་པའི་ཉེར་འཚེ་བར་ཆད་ཟློག༔ མི་ནད་ནོར་གྱི་གོད་ཡམས་ཐམས་ཅད་ཟློག༔ དགྲ་གདོན་བགེགས་ཀྱི་རྒོལ་ངན་ཐམས་ཅད་ཟློག༔ དུས་མིན་འཆི་དང་འཇིགས་བྱེད་ཐམས་ཅད་ཟློག༔ ཆོས་སྲིད་ནོར་ལ་གནོད་བའི་དགྲ་འདྲེ་ཀུན༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་ཟློག༔ དཀོན་མཆོག་དབུ་འཕང་སྨད་པའི་སྟེང་དུ་ཟློག༔ བསྟན་དགྲ་གདུག་པ་ཅན་གྱི་སྟེང་དུ་ཟློག༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཀུན༔ མ་ལུས་བསྡུས་སྟེ་སྡང་བའི་དགྲ་ལ་ཟློག༔ རྗེས་ཤུལ་མེད་པར་ཡུལ་མེད་ཆེན་པོར་ཟློག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨཱ་ནིརྨ་སཾ་བྷོ་ཀཱ་ཡ་སརྦ་ས་མ་ཡ༔ ནྲི་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་བྷྱོ་ཟློག༔ ཡ་མཱནྟ་ཀ་ཧཱུྃ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ་ཟློག༔ གནད་དེས་རྐྱེན་ངན་བར་ཆད་ཐམས་ཅད་སེལ༔ མི་མཐུན་མི་འདོད་རྐྱེན་ངན་ཀུན་ཟློག་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་ཀུན་དཔལ་དང་དགེ་འདུན་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་ལས་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།