TTDL-ZABTER-03-GA-013

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-013

ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་ཁྲོས་མ་ཧཱ་ཀཱ་ལའི་བསྐུལ་བཟློག་རྡོ་རྗེའི་གད་མོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཤ་ཁྲག་དམར་གཏོར་བཤམས་བྱས་ཏེ༔ དགྲ་བགེགས་འགུགས་གཞུག་བདུད་རྩིར་བསྒྱུར༔ ལྟ་བའི་གདིང་དང་ལྡན་པ་ཡིས༔ རྡོ་རྗེ་ཁྲོས་པའི་གད་མོ་བྱ༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གསུང་༔ རྟ་སྐད་བཞད་པས་སྲིད་གསུམ་དབང་དུ་སྡུད༔ ལོག་རྟོག་མ་རུངས་བདུད་ཀྱི་སྡེ་ཚོགས་འཇོམས༔ དབང་ཆེན་ཁྲོས་པའི་རྒྱལ་པོ་རྟ་མགྲིན་རྒྱལ༔ དམར་ནག་གྲུ་གསུམ་མེ་ཡི་ཀློང་ནས་བཞེངས༔ སྙིང་རྗེའི་ཐུགས་ལ་འབར་བའི་ཕྱག་རྒྱ་ཡིས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཐོགས་མེད་སྒྲུབས༔ ཤེས་རབ་སྟོང་པ་ཡེ་ཤེས་ཕག་མོ་དང་༔ རྩ་གསུམ་འཁོར་ལོ་གསང་བ་གསུམ་གྱི་ལྷ༔ ཡ་མཱནྟ་ཀྲིཏ་པ་ཎི་ཁྲོ་བོའི་རྒྱལ༔ གང་འདུལ་ཐུགས་རྗེ་ཁྲོས་པའི་སྐུར་བཞེངས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཐོགས་མེད་སྒྲུབས༔ ཡེ་ཤེས་བཞི་དང་མཉམ་སྦྱོར་ཐུགས་རྡོ་རྗེ༔ ཡོན་ཏན་རཏྣ་གསུང་མཆོག་པདྨ་དང༔ ཕྲིན་ལས་ཀརྨ་རིགས་བཞི་ཁྲོ་བོའི་རྒྱལ༔ བུདྡྷ་བཛྲ་རིན་ཆེན་མ་ཆགས་པད༔ ལས་ཀྱི་རིགས་ཏེ་བྱ་ཁྱུང་ག་རུ་ཌ༔ ཡེ་ཤེས་གཅིག་ལ་རྣམ་པ་ཐ་དད་པ༔ རྣམ་འགྱུར་མ་ངེས་སྤྲུལ་པ་ཡང་སྤྲུལ་བཅས༔ དབྱིངས་ནས་སྐུར་བཞེངས་མངོན་སྤྱོད་ཕྲིན་ལས་མཛོད༔ ཚད་མེད་བཞི་ལྡན་སྒོ་སྐྱོང་སྲུང་མར་བཅས༔ ཡེ་ཤེས་ཁྲོས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དཔལ་སྐྱེམས་དམ་རྫས་དམར་གྱི་གཏོར་མ་རོལ༔ སྤྲུལ་པའི་དམག་གིས་སྣང་སྲིད་གང་བར་མཛོད༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཀྱི་སྡེ༔ མ་གཡེལ་མ་འགྱངས་ཐལ་བའི་རྡུལ་བཞིན་རློགས༔ བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཟློག༔ མཐའ་དམག་དུས་འཁྲུག་སངས་རྒྱས་བསྟན་བཤིག་སྡེ༔ རྩྭ་ཕུང་སྐམ་ལ་མེ་དཔུང་མཆེད་པ་བཞིན༔ མངོན་སྤྱོད་དྲག་པོས་མིང་ཙམ་མེད་པར་མཛོད༔ སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར༔ བརྒྱུད་འཛིན་རྗེས་སུ་བཟུང་ལ་རྣམ་གཉིས་ཀྱི༔ དངོས་གྲུབ་འབྲས་བུ་དུས་འདིར་སྨིན་པ་དང་༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས༔ བོད་ཁམས་བདེ་སྐྱིད་ཕུན་ཚོགས་དཔལ་ལ་སྦྱོར༔ བསྟན་དང་བསྟན་འཛིན་སྐུ་ཚེ་མཛད་ཕྲིན་འཕེལ༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ དེ་ལྟར་བསྐུལ་ཟློག་ཟབ་མོ་འདི༔ གང་གིས་ཉམས་ལེན་རྣལ་འབྱོར་ཀུན༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ བཀྲ་ཤིས་དགེ་ལེགས་དཔལ་གྱིས་ཕྱུག༔ མཐུ་ཡིས་གྲགས་པས་ས་སྟེང་ཁྱབ༔ དོན་གཉིས་ཡིད་བཞིན་འགྲུབ་འགྱུར་རོ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཚུལ་ཁྲིམས་རྡོ་རྗེས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།དགེའོ།།།།