TTDL-ZABTER-06-CHA-005

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-005

དབུ་ཁྲིད་བརྡ་ཡིག༔ ༦༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཆུ་གཏེར་འདུས་པའི་མདུན་བསྐྱེད་དངོས་གྲུབ་འབྱུང་གནས་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༦༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༔ ༦༦དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་འདུས་ཆོས་ཉིད་དཔལ་ཆེན་པོ༔ བདེ་གཤེགས་དཀྱིལ་འཁོར་རྫོགས་ལ་འདུད༔ མ་འོངས་དུས་ཀྱི་ཐ་མ་ལ༔ གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར༔ ང་ཉིད་རྡོ་རྗེ་ཁྲོ་བོ་ལོད༔ ཡོངས་བཞེངས་བཛྲ་ཧེ་རུ་ཀ༔ གང་གི་དཔལ་དུ་ཆོས་འདི་བཞག༔ བྱིན་རླབས་ཐུགས་རྗེའི་རྒྱུན་འབེབས་ཕྱིར༔ མདུན་བསྐྱེད་དངོས་གྲུབ་འབྱུང་གནས་བསྟན༔ གནས་ནི་དུར་ཁྲོད་མཚོ་གླིང་བྲག༔ དཀྱིལ་འཁོར་མདའ་གང་གྲུ་བཞི་པ༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི༔ རྩིབས་མཐིང་མཆན་སེར་ཕྱི་རིམ་ཁྱམས༔ སྒོ་རྫོགས་སྤྱི་དང་མཐུན་པར་བྱ༔ དབུས་སུ་གཏོར་མ་ལྷ་ཡི་གྲངས༔ ཉེར་སྤྱོད་སྨན་རག་གཏོར་གསུམ་བྲན༔ བུམ་སྐུ་བྷན་གསུང་རིལ་བུ་ཐུགས༔ འཇའ་ཤེལ་ཚིག་དབང་ཡོན་ཏན་རྟེན༔ ལེགས་པར་མཛེས་ཤིང་མཛེས་པར་བཀྲམ༔ ས་མ་ཡ༔ མདུན་དུ་མ་ཏྲཾ་བཤམས་བྱས་ཏེ༔ ཨེཿརང་ཉིད་ཆེ་མཆོག་ཧེ་རུ་ཀའི་མདུན་དུ་བདུད་ཕོ་མ་ཏྲཾ་རཱུ་ཏྲ་སྐམ་རིད་ཉམ་ཐག་དབུགས་དང་བྲལ་ལ་ཁད་པའི་སྙིང་གར་ནྲྀཿལས་འོད་འཕྲོས་པས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་བསྡུས་ཤིང་ཐིམ་པ་དང་༔ རང་ཉིད་ཆེ་མཆོག་ཧེ་རུ་ཀའི་ཐུགས་ལས་ཕོ་ཉ་འགུགས་བྱེད་ཀྱི་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་ཏེ་གནོད་བྱེད་ལོག་པར་འདྲེན་པ་རྣམས་བཀུག་ནས་ལིངྒ་ལ་བསྟིམ་པར་གྱུར༔ ན་མོ༔ རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ ཡི་དམ་བསྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྤྱིར་ཞིང་བཅུ་ཚང་བའི་བསྟན་དགྲ༔ ཁྱད་པར་དུ་རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྔ་དགྲ་བྱས་པ༔ ཕྱི་དགྲ་སེམས་པ༔ ད་དགྲ་ཐད་སོར་ལང་བའི་དགྲ་འདྲེ་གདུག་པ་ཅན་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གར་གནས་གར་ཡོད་པའི་ས་ནས་མཚན་མ་རྫས་ཀྱི་རྟེན་ལིངྒ་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿདགུའམ་བདུན་གསུམ་མཐར༔ བདག་མདུན་ལས་སྤྲོས་པའི་མཚོན་ཆའི་ཚོགས་ཀྱིས་བསྒྲལ་ཞིང་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་པར་བསམ༔ བམ་གྱི་ཁོག་པ་གཞལ་ཡས་ཁང་ཡན་ལག་དོན་སྙིང་ནང་རོལ་རྣམས་དུར་ཁྲོད་བརྒྱད་དང་བ་སྤུ་མེ་རི་མེ་དཔུང་དུ་དམིགས་པ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཧཱུྃ༔ གདོད་ནས་རྣམ་དག་སྐྱེ་མེད་ཆོས་ཀྱི་སྐུ༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་བཙུན་མོའི་དབྱིངས༔ དོན་དམ་མི་ཤིགས་ཨེ་ཡི་དཀྱིལ་འཁོར་དུ༔ རང་བྱུང་ཡེ་ཤེས་འཕོ་འགྱུར་མེད་པའི་ངང་༔ གསལ་སྟོང་ཟུང་འཇུག་དབུ་མ་ཆེན་པོའི་མཁར༔ སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྱིས་གྲུབ༔ མ་བཅོས་ཡེ་ནས་མཁྱེན་གཉིས་ཤེས་རབ་འབར༔ འགྲོ་བ་ཀུན་ལ་མ་བཙལ་སྙིང་ཁར་བརྡལ༔ སྟོང་ཉིད་སྙིང་རྗེའི་མདངས་ལས་ཧཱུྃ་མཐིང་ནག༔ རྟེན་མེད་མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ ཏིང་འཛིན་དཀྱིལ་འཁོར་བསྐྱེད་པའི་རྒྱུ་རུ་ཆེ༔ ཡོངས་གྱུར་ཧེ་རུ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དུང་ཁྲག་འཛིན་ཅིང་དཔལ་ཆས་རྫོགས༔ ཞབས་གཉིས་གྱད་སྟབས་པད་ཉིའི་གདན་ལ་འགྱིང་༔ ཤེས་རབ་བདེ་ཆེན་ཁྲོ་མོ་གཡོན་ནས་འཁྱུད༔ ཡབ་ཡུམ་སྦྱོར་བ་བདེ་བ་ཆེན་པོའི་སྒྲས༔ ཕྱོགས་བཅུའི་བུདྡྷཱ་བཀུག་ཅིང་མཁའ་གསང་སྦྱོར༔ སེམས་ཅན་རྣམས་བསྡུས་དབྱེར་མེད་ང་རྒྱལ་བཟུང་༔ དགྱེས་ཆགས་བདེ་བའི་ཡུམ་གྱི་མཁའ་རུ་དབབ༔ ཕྱོགས་བཅུར་པད་ཉིའི་གདན་ལ་རྫོགས་པར་བསྐྱེད༔ ཡོངས་འདུས་འོད་ཞུ་རྩ་བའི་སྙིང་པོར་གྱུར༔ ཧཱུྃ་ལས་ཨེ་འཕྲོས་ཆོས་འབྱུང་སྟོང་པར་བརྡལ༔ ཡཾ་འཕྲོས་འོག་གཞི་རླུང་གི་དཀྱིལ་འཁོར་ལྗང་༔ ར་འཕྲོས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ སུཾ་འཕྲོས་དབང་ཆེན་གསེར་གྱི་ས་གཞི་བརྡལ༔ ཀེཾ་འཕྲོས་རུས་པའི་རི་རབ་སུམ་བརྩེགས་བརྗིད༔ རཾ་འཕྲོས་ཡེ་ཤེས་ལྔ་ཡི་མེ་དཔུང་འབར༔ ཕྱི་རོལ་རྡོ་རྗེ་སྲུང་བའི་གུར་གྱི་ནང་༔ ཡུལ་བརྒྱད་གནས་དག་དུར་ཁྲོད་ཆེན་པོ་བརྒྱད༔ ཚོགས་བརྒྱད་དག་པ་ཧེ་རུའི་ཞིང་དུ་གྱུར༔ མཚན་ཉིད་མ་ཚང་མེད་པ་རྔམས་བརྗིད་རྫོགས༔ གདོན་བགེགས་ལོག་འདྲེན་རྒྱུ་བའི་གོ་སྐབས་བྲལ༔ དེ་དབུས་བྷྲུྃ་འཕྲོས་ཡོངས་སུ་གྱུར་པ་ནི༔ ཐར་པ་ཆེན་པོའི་གཞལ་ཡས་ཁང་ཆེན་པོ༔ གྲུ་བཞི་སྒོ་བཞི་ཕྱོགས་བཞི་ཕྱོགས་མདོག་མཛེས༔ རྒྱུ་དང་འབྲས་བུ་རྟ་བབ་འོད་དུ་འབར༔ འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མཛེས༔ བྱང་ཆུབ་སེམས་ཀྱི་གཟེར་བུ་བརྟན་ཅིང་མཁྲེགས༔ ནང་ནི་སྐུ་གསུམ་རྫོགས་པའི་གཞལ་ཡས་ཁང་༔ གྲུ་གསུམ་ཐོད་པ་སྐམ་རྙིང་རློན་པ་ཡིས༔ རྩིག་པ་རྔམས་བརྗིད་ཁྲག་གི་ཞམ་ཆུ་འབེབས༔ ཀླུ་ཆེན་ཀ་གདན་ལྷ་བརྒྱད་ཀ་བ་ལ༔ གཟའ་བརྒྱད་ཀ་གཞུ་རྒྱུ་སྐར་དྲལ་ཟིབ་ཕྱམ༔ ཞིང་ལྤགས་ཡ་ཕུབ་བུམ་བྲེ་ཆོས་འཁོར་མཛེས༔ ཉི་ཟླ་ནོར་བུའི་ཏོག་དང་སྒོ་སྟེང་བཞིར༔ ཆོས་འཁོར་ཆོས་ཉན་བག་དྲོ་ལྷུན་ཆགས་ཤིང་༔ མི་ནུབ་རྒྱལ་མཚན་བཅུ་དང་བ་དན་རྒྱན༔ བཀོད་པའི་མཚན་ཉིད་མ་ཚང་མེད་པ་ཡིས༔ ལྷུན་གྲུབ་རྫོགས་པའི་དཀྱིལ་འཁོར་ཆེན་པོའི་དབུས༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་གདེངས་པའི་ལྟེར༔ གཏུམ་པ་སྟག་དང་འཇིགས་བྱེད་སེང་གེའི་ཁྲི༔ གདུག་པ་གཟིག་དང་རྔམས་པ་དོམ་གྱི་ཁྲི༔ སྟོབས་རྒྱལ་གླང་ཆེན་བརྗིད་པ་མ་ཧེའི་ཁྲི༔ འཇིགས་པ་ཆུ་སྲིན་ཞེ་སྡང་སྦྲུལ་གྱི་ཁྲི༔ དེ་སྟེང་རིན་ཆེན་འབར་བ་ཟུར་བརྒྱད་དང་༔ པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་སྟེང་༔ ལྷ་བརྒྱད་ཀླུ་བརྒྱད་གདུག་པ་བསྣོལ་བའི་སྟེང་༔ རྒྱུ་ཡི་ས་བོན་ཡོངས་སུ་གྱུར་པ་ལས༔ འབྲས་བུ་ཧེ་རུ་ཀ་དཔལ་སྐུ་མདོག་མཐིང་༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་སྟབས་བསྒྲད༔ གཡས་དཀར་གཡོན་དམར་དབུ་རེར་སྤྱན་གསུམ་གསུམ༔ སྡང་མིག་བསྒྲད་པའི་གློག་འགྱུ་དྲག་ཏུ་འཁྲུགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཤངས་ནས་ཧཱུྃ་གི་སྣང་གླུས་གདོན་བགེགས་དངངས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་རབ་ཏུ་གཡོ༔ སྨར་སྨིན་རྡོ་རྗེའི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ བདེ་གཤེགས་ཁྲག་འཐུང་རིགས་ལྔས་དབུ་ལ་བརྒྱན༔ ཡེ་ཤེས་ལྔ་རྫོགས་དར་གྱི་ཅོད་པན་འཕུར༔ ཉི་མ་ཟླ་བའི་སྙན་ཆ་འོད་དུ་འབར༔ གཡས་ཕྱག་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ རྩེ་གཅིག་གདེངས་ཤིང་གཡོན་ཕྱག་བྷནྡྷ་ནི༔ སྐམ་རྙིང་རློན་པར་ཁམས་གསུམ་ཁྲག་ཏུ་བསྐྱིལ༔ ཞབས་བཞི་གཟུང་འཛིན་གདོན་གྱི་སྟེང་དུ་བརྗིད༔ རྒྱབ་གཞུང་རྡོ་རྗེ་རིན་ཆེན་གཤོག་པ་བརྐྱང་༔ སྤྱི་བོར་ཐལ་ཚོམ་མཁུར་ཚོས་རཀ་ཐིག་མཛེས༔ ཞལ་ལ་ཞག་གི་ཟོ་རིས་བཀྲག་ཏུ་འབར༔ སྐུ་སྟོད་གླང་ཀོ་སྐེད་པར་ཞིང་ལྤགས་དཀྲིས༔ སྐུ་སྨད་སྟག་ཤམ་གདོལ་པའི་དོ་ཤལ་དང་༔ མི་མགོ་ཁྲག་འཛག་ལྔ་བཅུའི་ཕྲེང་བས་བརྒྱན༔ སྤྲུལ་རིགས་བཞི་ཡི་གདུབ་ཀོར་ཐོད་གདེངས་དང་༔ མགུལ་ཆུ་ཕྱག་ཞབས་རིན་ཆེན་སྤེལ་མས་བརྒྱན༔ དཔལ་གྱི་ཆས་བཅུ་ལ་སོགས་ཁྲོ་ཆས་རྫོགས༔ དེ་ཡི་པང་དུ་གནམ་ཞལ་ཤེས་རབ་ཡུམ༔ མཐིང་སྐྱ་ཁ་ཊྭཱྃ་ཐོད་ཁྲག་ཡབ་མགུལ་འཁྱུད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཁྲོ་གཉེར་སྡུད༔ དབུ་སྐྲ་སྐུ་ཡི་རྒྱབ་ཏུ་འཕྱང་ཞིང་གཡོ༔ ཞབས་གཡོན་ཡབ་འཁྱུད་གཡས་པ་བམ་གདན་བརྫིས༔ ཐོད་སྐམ་དབུ་རྒྱན་དར་སྣའི་ཅོད་པན་དང་༔ ཐབས་ཤེས་ཉི་མ་ཟླ་བའི་སྙན་རྒྱན་མཛེས༔ དུག་གསུམ་རྒྱན་དུ་ཤར་བའི་མི་ལྤགས་དང་༔ གཟིག་ཤམ་སྦྲུལ་དང་རྒྱུ་མ་ཐོད་ཕྲེང་སྤྲས༔ ཚོགས་དྲུག་གནས་དག་རུས་པའི་རྒྱན་དྲུག་གསོལ༔ ཡབ་ཡུམ་མཁའ་གསང་མཉམ་སྦྱོར་བདེ་བ་ཆེ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས༔ སྤྱི་བོར་རིགས་བདག་ཀུན་བཟང་ཡབ་ཡུམ་ནི༔ གཅེར་བུ་རྒྱན་མེད་མཉམ་སྦྱོར་སྐྱིལ་ཀྲུང་གིས༔ པད་ཟླའི་གདན་ལ་བཞུགས་ཤིང་རིགས་ཀུན་གྱི༔ བདག་པོར་མ་བསྐྱེད་ཡེ་ནས་རྫོགས་པར་གསལ༔ དགྱེས་ཆགས་སྦྱོར་བས་ཡབ་ཀྱི་རྒྱུད་བསྐུལ་ཏེ༔ རྟོག་ཚོགས་ཁྲག་འཐུང་དཀྱིལ་འཁོར་རིམ་གྱིས་གྱུར༔ ཡུམ་མཁར་གདན་བབ་ཕྱིར་བཏོན་འཁོར་དུ་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ལིང་ཚེ་དགུ་ལྡན་དཀྱིལ་འཁོར་ལྷ་ཡི་ཚོགས༔ ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲི་ནི༔ བཅོ་བརྒྱད་ཁྲི་རྐང་དར་ཟབ་པད་ཉིའི་སྟེང་༔ ལོག་འདྲེན་མི་སྲུན་བསྣོལ་བའི་བམ་སྟེང་དུ༔ ཐུགས་སྲོག་ས་བོན་ཡོངས་གྱུར་གཙོ་རུ་བསྐྱེད༔ ཤར་དུ་ཐུགས་མཆོག་ཡང་དག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱྃ་རྔེའུ་ཆུང་དང་༔ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ བཛྲ་ཀྲོ་ཏི་སྔོ་སྐྱ་གཡོན་ནས་འཁྲིལ༔ གྲི་གུག་ཐོད་འཛིན་ཡབ་དང་གཉིས་མེད་སྦྱོར༔ ཁྲག་འཐུང་རིགས་ལྔ་ཀཽ་སེང་སྒོ་མ་བཞི༔ དབང་ཕྱུག་ཉེར་བརྒྱད་སྤྲུལ་འཁོར་དཔུང་བཅས་གསལ༔ ལྷོ་ཕྱོགས་འཇམ་དཔལ་གཤིན་རྗེ་གཤེད་སེར་པོ༔ ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་བ༔ གཡས་གསུམ་བེ་ཅོན་རལ་གྲི་དགྲ་སྟྭ་དང་༔ གཡོན་གསུམ་ཐོད་ཁྲག་སྡིགས་མཛུབ་མདུང་ཐུང་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཆུ་གླང་མནན༔ བཻ་ཏ་ནག་མོ་ཞལ་གཅིག་ཕྱག་གཉིས་པ༔ དགྲ་སྟྭ་ཐོད་ཁྲག་འཛིན་ཅིང་ཡབ་ལ་འཁྱུད༔ ཞབས་གཉིས་གར་སྟབས་ཐབས་དང་གཉིས་མེད་སྦྱོར༔ གཤེད་ཆེན་བཞི་དང་རང་རང་སྦྱོར་སྒྲོལ་ཡུམ༔ ཕྱོགས་བཅུའི་གདོན་འདུལ་གཤིན་རྗེ་ཡབ་ཡུམ་དང་༔ སྒོ་བ་བཞི་དང་ཁྲམ་ཐོགས་བདུད་བཞི་དང་༔ གྲི་ཐོགས་གིང་བཞི་ཤོ་ཐོགས་རྩིས་བཞི་དང་༔ སྲོག་གཅོད་ཤན་པ་སྡེ་བཞི་ལ་སོགས་པ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་གསལ༔ ནུབ་ཕྱོགས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར༔ ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་སྔོ་ཞལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱྃ་སྦྲུལ་ཞགས་དང་༔ གཡོན་གསུམ་དྲིལ་བུ་ཐོད་ཁྲག་ལྕགས་སྒྲོག་བསྣམས༔ ཞབས་བཞི་གྱད་སྟབས་ཀླུ་དབང་གདན་ལ་འགྱིང་༔ ཡུམ་མཆོག་པདྨ་གཟི་ལྡན་གཡོན་ནས་འཁྱུད༔ དམར་སྐྱ་ཁ་ཊྭཱྃ་ཐོད་ཁྲག་ཡབ་ལ་སྟོབ༔ ཞབས་གཉིས་གར་སྟབས་ཐབས་དང་གཉིས་མེད་སྦྱོར༔ ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བཅུ་དང་ནི༔ སྒོ་མ་བཞི་དང་ཁྱི་བརྒྱད་སྤྱང་བརྒྱད་སོགས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་གསལ༔ བྱང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་འབར་བ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བདུད་བཞི་མནན༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱ་གཡོན་ནས་འཁྱུད༔ ཁ་ཊྭཱྃ་ཐོད་ཁྲག་མགུལ་འཁྱུད་ཞལ་དུ་སྟོབ༔ ཞབས་གཉིས་གར་སྟབས་ཐབས་དང་གཉིས་མེད་སྦྱོར༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་དང་༔ ཁྲ་ཐབས་ཉེར་གཅིག་སྒོ་བཞི་ཕུར་སྲུང་ཚོགས༔ དབང་མོ་ཉི་ཤུ་རྩ་བརྒྱད་ལ་སོགས་པ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་འཁོར་བཅས་གསལ༔ ཤར་ལྷོ་མངོན་རྫོགས་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ གཡས་གསུམ་རྡོ་རྗེ་བྱ་ཁྱུང་ཞགས་པ་དང་༔ གཡོན་གསུམ་ཐོད་ཁྲག་ཞིང་དབྱུག་ཐོད་སྦྱོར་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་མ་མོ་མནན༔ ཡུམ་མཆོག་མུ་ཁ་སྔོན་མོ་འབྱུང་ལྔའི་མདོག༔ ཕྱག་དྲུག་རྡོ་རྗེ་སྦྲུལ་ཞགས་བུམ་པ་དང་༔ དྲིལ་བུ་ཐོད་ཁྲག་གཡང་གཞི་བསྣམས་ཤིང་འཁྲིལ༔ ཞབས་བཞི་བསྒྲད་བསྐུམ་ཐབས་དང་གཉིས་མེད་སྦྱོར༔ དབྱིངས་ཀྱི་འབྱུང་ལྔ་རྗེ་མོ་བཅུ་གཉིས་དང་༔ དགྱེས་སྡེ་བཞི་དང་ཨེ་ཀ་ཙ་ཏི་དང་༔ རྒྱལ་མོ་ཚན་གསུམ་སྨན་གྱི་རྒྱལ་མོ་བཞི༔ གྲུ་འདེགས་མ་བཞི་མ་བདུན་འཁོར་དང་བཅས༔ ལས་ཀྱི་སྲིང་བཞི་ཡང་གབ་མཆེད་སྡེ་བཞི༔ སྦས་པའི་མ་བཞི་གདོང་མོ་མཆེད་བཞི་དང་༔ འབར་མ་ཕུང་བྱེད་རོ་ཁ་མཆེད་གསུམ་དང་༔ རེ་ཏཱི་མཆེད་གསུམ་གསང་བའི་མ་གསུམ་སོགས༔ དཀྱིལ་འཁོར་མཐའ་འཛིན་དབང་མོ་ཉེར་བརྒྱད་བཅས༔ རྦོད་གཏོང་མ་མོའི་དཀྱིལ་འཁོར་རྫོགས་པར་བསྐྱེད༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ དཀར་དམར་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣོལ༔ ཁྲོ་འཛུམ་ཞབས་གཉིས་འདོར་སྟབས་དར་ཟབ་བརྫིས༔ རང་སྣང་ཡུམ་དང་གཉིས་མེད་བདེ་ཆེན་སྦྱོར༔ རིག་འཛིན་རྣམ་བཞི་མཁའ་འགྲོ་སྡེ་བཞི་དང་༔ དཔའ་བོ་གིང་བཞི་རིག་འཛིན་ལྷ་ཚོགས་གསལ༔ ནུབ་བྱང་གསང་བདག་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཁམ་སྨུག་ཞལ་གསུམ་ཕྱག་དྲུག་པ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ་བོ་དང་༔ གཡོན་གསུམ་ཐོད་ཁྲག་ཀླུ་བརྒྱད་མགོ་བོ་བསྣམས༔ ཞབས་བཞི་སྡེ་བརྒྱད་དྲེགས་པའི་གདན་ལ་བརྫིས༔ ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་གཡོན་ནས་འཁྲིལ༔ མཐིང་ནག་རྡོ་རྗེ་ཐོད་ཁྲག་ཡབ་ལ་འཁྱུད༔ ཞབས་གཡོན་ཡབ་ཀྱི་སྐེད་འཁྲིལ་གཡས་བརྐྱང་མནན༔ དུར་ཁྲོད་ཆས་བརྒྱད་འཇིགས་པའི་རྒྱན་ཆས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་བརྐྱང༔ རྡོ་རྗེ་ཐོར་གཙུག་སྦྲུལ་རིགས་ལྔ་ཡིས་བརྒྱན༔ སྙན་གོང་སེང་གེ་ཁྱུང་གི་ཚྭ་ཚྭ་འཕྲོ༔ སྤྱན་གཉིས་ཉི་ཟླའི་འོད་ཀྱིས་སྲིད་གསུམ་བསྲེགས༔ ཡབ་ཡུམ་དགྱེས་པ་བསྐྱེད་པའི་རྗེས་ཆགས་སྒྲས༔ བསྐུལ་བའི་མཁའ་གསང་སྦྱོར་བས་སེམས་སྤྲིན་ལས༔ ཕྱོགས་བཅུ་ཀུན་ཏུ་པད་ཉི་ཞིང་རྐྱང་གདན༔ དབང་ཕྱུག་ཨུ་མ་ལ་སོགས་དྲེགས་དཔོན་སྡེ༔ སུམ་ཅུ་བརྟན་མ་བཅུ་གཉིས་ལ་སོགས་པ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་གསལ༔ བྱང་ཤར་སྟོབས་ལྡན་ནག་པོ་ཆར་སྤྲིན་མདོག༔ ཞལ་གསུམ་ཕྱག་དྲུག་གཡས་ལྗང་གཡོན་སེར་ཞལ༔ ཞབས་བཞི་བདུད་དང་རཱུ་ཏྲའི་གདན་ལ་བརྫིས༔ གཡས་ཕྱག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས༔ གཡོན་ཕྱག་ཐོད་ཁྲག་ཀླུ་བརྒྱད་ཙིཏྟ་གཡོན༔ འབྱུང་ལྔའི་བདག་མོ་མཐིང་ནག་གཡོན་ནས་འཁྲིལ༔ ཕྱག་གཡས་མཁར་བཏེག་དམོད་པའི་ཕྱག་རྒྱ་མཛད༔ ཕྱག་གཡོན་སར་གཏད་ཀླུ་གདོན་ཟིལ་གྱིས་མནན༔ ཞབས་གཡོན་ཡབ་འཁྱུད་གཡས་པས་རཱུ་ཏྲ་མནན༔ ཡབ་ཡུམ་དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ རྒྱབ་གཞོང་རྡོ་རྗེའི་གཤོག་པ་མཁའ་ལ་བརྐྱང་༔ སྣང་སྟོང་གཉིས་མེད་འཇའ་ཚོན་ཅི་བཞིན་པ༔ སྔགས་བདག་དྲེགས་པ་བཅོ་བརྒྱད་ཚོགས་ཀྱིས་བསྐོར༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་གསལ༔ ཀུན་གྱི་སྤྱི་བོར་ཡེ་ཤེས་ཁྱུང་གིས་བརྒྱན༔ མ་རིག་རྟེན་འབྲེལ་བཅུ་གཉིས་ཟས་སུ་ཟ༔ རྭ་བར་དགོས་འདོད་འབྱུང་བའི་ནོར་བུ་ལས༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབས༔ དཔལ་ཆེན་ཡབ་ཡུམ་གཉིས་མེད་ལྷ་ཡི་འཁོར༔ ཤར་ཕྱོགས་རཀྴ་ཧེ་རུ་ཡབ་ཡུམ་མཐིང་༔ ལྷོ་ཕྱོགས་གུ་ཧྱ་ཧེ་རུ་ཡབ་ཡུམ་སེར༔ ནུབ་ཕྱོགས་བྷི་ཤ་ཧེ་རུ་ཡབ་ཡུམ་དམར༔ བྱང་ཕྱོགས་ཡཀྴ་ཧེ་རུ་ཡབ་ཡུམ་ལྗང་༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བོ་ཡབ་ཡུམ་རྣམས༔ དུར་ཁྲོད་ཆས་རྫོགས་འཇིགས་པའི་གད་རྒྱངས་སྒྲོགས༔ རྒྱབ་གཞུང་རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ རང་རང་འཇིགས་པའི་ཕྱག་མཚན་སྣ་ཚོགས་བསྣམས༔ ཞབས་བཞི་མི་སྲུན་ཕོ་མོའི་གདན་ལ་བརྫིས༔ ཁྲག་ཁྱམས་དབང་མོ་ཉི་ཤུ་རྩ་བརྒྱད་དང་༔ གིང་དང་ལང་ཀ་བྲན་གཡོག་ཕོ་ཉ་འབུམ༔ ལྕེ་སྤྱང་མ་བརྒྱད་སྣང་སྲིད་དྲེགས་པའི་ཚོགས༔ མ་འདྲེས་ལྷ་མིའི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ ཤར་སྒོར་པྲཛྙཱ་ཏ་ཀྲྀཏ་ཁྲོ་བོའི་རྒྱལ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞབས་འདོར་སྟབས༔ ཕྱག་གཉིས་ལྕགས་ཀྱུ་ཐོད་པ་ཁྲག་བཀང་བསྣམས༔ དུར་ཁྲོད་ཆས་རྫོགས་བམ་ཉི་པད་གདན་བརྗིད༔ ལྷོ་སྒོར་ཡ་མན་ཏ་ཀྲྀད་ཁྲོ་བོའི་རྒྱལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་ཞབས་འདོར་སྟབས༔ ཕྱག་གཉིས་ཞགས་པ་ཐོད་པ་ཁྲག་བཀང་བསྣམས༔ དུར་ཁྲོད་ཆས་རྫོགས་བམ་ཉི་པད་གདན་བརྗིད༔ ནུབ་སྒོར་པདྨ་ཏ་ཀྲྀཏ་ཁྲོ་བོའི་རྒྱལ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ཞབས་འདོར་སྟབས༔ ཕྱག་གཉིས་ལྕགས་སྒྲོག་ཐོད་པ་ཁྲག་བཀང་བསྣམས༔ དུར་ཁྲོད་ཆས་རྫོགས་བམ་ཉི་པད་གདན་བརྗིད༔ བྱང་སྒོར་བིགྷྣཱན་ཏ་ཀྲྀད་ཁྲོ་བོའི་རྒྱལ༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་ཞབས་འདོར་སྟབས༔ ཕྱག་གཉིས་དྲིལ་བུ་ཐོད་པ་ཁྲག་བཀང་བསྣམས༔ དུར་ཁྲོད་ཆས་རྫོགས་བམ་ཉི་པད་གདན་བརྗིད༔ རང་སྣང་དབྱེར་མེད་ཡུམ་དང་གཉིས་མེད་སྦྱོར༔ ལྷ་ཚོགས་རྣམས་ཀྱི་སྤྱི་བོར་འཁོར་ལོའི་ལྟེར༔ ཨོཾ་ཡིག་མཚན་པའི་སྐུ་ཡི་དངོས་གྲུབ་བསྐུལ༔ མགྲིན་པར་པདྨ་དམར་པོའི་ལྟེ་བ་རུ༔ ཨཱཿཡིག་དམར་གསལ་གསུང་གི་དངོས་གྲུབ་བསྐུལ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་དགུའི་ལྟེར༔ ཧཱུྃ་ཡིག་མཚན་པའི་ཐུགས་ཀྱི་དངོས་གྲུབ་བསྐུལ༔ ཁྱད་པར་ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས༔ དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་བཞེངས༔ མཚོ་ལ་ཁ་ཆར་བབ་པ་ཅི་བཞིན་དུ༔ སིབ་སིབ་ཐིམ་པས་དབང་དང་དངོས་གྲུབ་ཐོབ༔ སྒོ་གསུམ་ཡེ་ཤེས་ལྷ་ཡི་རོལ་པར་འཕོས༔ ཡེ་ནས་གཉིས་མེད་ཆོས་སྐུ་ཆེན་པོར་སངས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ལྟར་མཆོག་ཐུན་དངོས་གྲུབ་ཐོབ་པའི་ལུང་༔ མདུན་བསྐྱེད་དངོས་གྲུབ་འབྱུང་གནས་ཞེས་བྱ་བ༔ སྐལ་བཟང་དམ་པ་རྣམས་ཀྱི་ཉམས་སུ་ལོངས༔ འབད་མེད་དངོས་གྲུབ་ཐོབ་འགྱུར་རྡོ་རྗེའི་ཚིག༔ སྣང་བ་ལྷ་དང་སྒྲ་གྲགས་སྔགས་སུ་སྦྱངས༔ དྲན་རྟོག་འོད་གསལ་ཆོས་ཉིད་འཁོར་ལོར་སྦྱངས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བདེ་བ་ཆེ༔ མ་བཅོས་རང་རིག་སྐུ་གསུམ་ཀློང་དུ་རྫོགས༔ འདས་དང་མ་འོངས་ད་ལྟར་བཞུགས་པ་ཡི༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྒྱ་མཚོ་མ་ལུས་རྫོགས་པའི་དབྱིངས༔ ཀུན་ཏུ་བཟང་པོའི་ཆོས་ཉིད་རྨད་པོ་ཆེ༔ བསམ་གྱིས་མི་ཁྱབ་འོད་གསལ་རྫོགས་པ་ཆེ༔ སྐུ་དང་ཡེ་ཤེས་ཡོན་ཏན་འབྱུང་བའི་གནས༔ རིག་སྟོང་མཉམ་ཉིད་བློ་འདས་ཆེན་པོའི་ངང་༔ མངོན་འགྱུར་འདི་ནི་ཆོས་རྣམས་ཀུན་གྱི་བཅུད༔ གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་ནི༔ ཡེ་ནས་རིག་སྟོང་ཆོས་ཉིད་འཁོར་ལོར་རྫོགས༔ དགོངས་གཞི་དེར་བྱས་དགོངས་པ་ཅན་དུ་ནི༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་༔ ཀྲི་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ༔ མ་ཧཱ་ཨ་ནུ་ཨ་ཏི་རིམ་གསུམ་པོ༔ གང་ཟག་བློ་ལ་ལྟོས་ནས་ཐ་དད་བསྟན༔ མཐར་ཐུག་ཀུན་ཀྱང་གཞི་དབྱིངས་རྒྱུད་ཀྱི་སྙིང་༔ འབྲས་བུ་བླ་མེད་ཆེན་པོ་འདིར་སྤྱོད་ནས༔ སངས་རྒྱས་ཐོབ་ལས་གཞན་དུ་མ་ཡིན་ནོ༔ དེ་ཕྱིར་རིག་པའི་རང་མདངས་ལྷ་རུ་ཤར༔ ལྷ་རྣམས་སྐུ་གསུམ་རྫོགས་པའི་དཀྱིལ་འཁོར་སྒྲུབ༔ མ་བཙལ་ཡེ་རྫོགས་གྱད་ཀྱི་ལྷར་བསྒོམ་མོ༔ ཚུལ་བཞིན་ལྡན་པའི་རྣལ་འབྱོར་གང་ཞིག་གིས༔ ལོ་གསུམ་ཟླ་གསུམ་ཉམས་ལེན་གཅིག་དྲིལ་ན༔ གྲུབ་རྟགས་མངོན་དུ་འབྱུང་བར་ཐེ་ཚོམ་མེད༔ རྣམ་གཡེང་ལེ་ལོ་ཇག་པའི་དུས་འདའ་ཞིང་༔ ལྷ་མི་བསྒོམ་ཞིང་ཏིང་འཛིན་གནད་མི་ལྡན༔ ཁ་ཡེངས་མིག་ཡེངས་བཟླས་ཆོག་ཙམ་བྱས་པས༔ འབྲས་བུ་རེ་སྨོན་བྱེད་པ་ཨ་ཐང་ཆད༔ ལས་ངན་རྒྱུ་ལ་རང་གིས་སྤྱོད་བཞིན་དུ༔ གྲུབ་འབྲས་མ་རྙེད་ལྷ་ལ་ཡི་ཆད་བྱེད༔ སྡུག་ཡུས་གྱེར་ཞིང་གཏེར་ཆོས་རྫུན་མར་བྱེད༔ རང་ལན་མི་བལྟ་ཆོས་དང་བླ་མར་གཤེ༔ དམ་ཚིག་མི་སྲུང་སྔགས་པར་ཁས་འཆེ་ཡང་༔ འབྲས་བུ་བསྒྱུར་མི་བཏུབ་པ་ཆུ་བཤིགས་མར༔ དེས་ན་དམ་ཚིག་ལྡན་པའི་རྣལ་འབྱོར་རེ༔ ཉིན་སྐར་ཙམ་ཞིག་མཆིས་ན་འདི་ལྟར་སྒྲུབ༔ རྡོ་རྗེའི་བླ་མ་དཔྲལ་བའི་མིག་བཞིན་བསྟེན༔ དམ་ཚིག་སྡོམ་པ་སྲོག་གི་གཏའ་རུ་ཟུངས༔ ཚེ་གཅིག་དབེན་པའི་རི་ལ་བསྒྲུབ་ཚུགས་ཟུངས༔ བསྐྱེད་རྫོགས་དབྱེར་མེད་དོན་ལ་མཉམ་པར་ཞོག༔ གང་ཤར་གང་སྣང་ཆོས་ཉིད་རོལ་པར་བལྟ༔ གཏད་མེད་ངང་ནས་ཧཱུྃ་གི་སྣང་གླུ་ལེན༔ མ་བཅོས་རྒྱལ་པོ་སྙེམས་ཁྲལ་དོན་ལ་བསླབ༔ འཁོར་འདས་དབྱེར་མེད་རྫོགས་པའི་ལྟ་ཕུག་ཟུངས༔ གསལ་སྟོང་དབྱེར་མེད་བསྒོམ་པའི་ངང་ལ་ཞོག༔ རེ་དོགས་ཀུན་བྲལ་སྤྱོད་པའི་ངང་ལ་གནས༔ འཛིན་ཞེན་འཁྲུལ་སྣང་ཆོས་སྐུར་མ་དག་པར༔ ནག་ཆང་སྤྱོད་དང་བག་མེད་སྤྱོད་པ་སྤོངས༔ བསྐྱེད་རྫོགས་གདིང་མེད་གསང་སྔགས་བོན་མ་གྱེར༔ གྲུབ་མཐའ་ཕྱོགས་རིས་རང་གི་རྒྱུད་མ་བཅིངས༔ ལོག་འཚོའི་ཟས་ལ་སྲེད་པའི་ཞེན་ཐག་ཆོད༔ ཆོས་བརྒྱད་ཇག་པའི་དབང་དུ་ཡང་མི་བཏང་༔ གཏམ་སྙན་ངོ་བསྟོད་ཚིག་གི་རྗེས་མ་འབྲངས༔ འདུ་ལོང་ཟང་ཟིང་རྙེད་འཚོལ་ཆགས་སྡང་སྤོངས༔ རང་བསྟོད་གཞན་སྨད་མི་དགེའི་ལས་མ་གསོགས༔ ཚུལ་ཆོས་ཟོལ་ཟོག་སྙིགས་མའི་འགྲོ་མ་བསླུ༔ རྣམ་སྨིན་དཀར་ནག་ལས་ཀྱི་རྗེས་སུ་འབྲང་༔ བྱ་བྱེད་མང་པོ་འདི་ཕྱིར་སྡུག་ལ་སྦྱོར༔ གཅིག་མ་འགྲུབ་པར་ཀུན་ལ་སྤྱོད་ཟེར་ནས༔ དངོས་གྲུབ་ཐོབ་འདོད་རེ་བ་མགོ་རེ་འཁོར༔ རྩ་རླུང་ཐིག་ལེ་གནད་དུ་མ་འབྱོངས་པར༔ གསང་སྔགས་ཡིན་ཟེར་ཆགས་སྦྱོར་ལམ་དུ་བྱེད༔ དམྱལ་བའི་རྒྱུ་བསྒྲུབ་འབྲས་བུ་སྡུག་བསྔལ་འབྱུང་༔ རང་དོན་ཕུག་བཅུག་གཞན་དོན་བྱེད་ཟེར་ནས༔ མིག་ཟླུམ་ལུས་བཅོས་ངག་སྐན་ཆོས་འཆད་ཀྱང་༔ རང་རྒྱུད་མ་གྲོལ་གཞན་ལ་ཕན་མི་ཐོགས༔ ལོང་བའི་དེད་དཔོན་ལྟ་བུས་འགྲོ་མི་སྒྲོལ༔ རང་གཞན་གཉིས་ཀྱང་ངན་སོང་འོབ་ཏུ་ལྟུང་༔ དེ་འདྲའི་སྤྱོད་པ་ནམ་ཡང་མི་བྱེད་པར༔ རང་དོན་ཆོས་སྐུ་མངོན་དུ་མ་གྱུར་བར༔ བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་འདིར་བརྩོན་ན༔ གཞན་དོན་ཞོར་ལ་འབྱུང་ཞིང་རང་དོན་གྲུབ༔ ནམ་ཞིག་གདོད་མའི་ནང་དབྱིངས་ཆེན་པོ་རུ༔ མངོན་སངས་རྒྱས་ཚེ་ཉི་མཁར་གནས་པའི་ཚེ༔ འོད་དང་འོད་ཟེར་རང་བཞིན་ཤུགས་འབྱུང་ལྟར༔ འབད་པ་མེད་པར་སྤྲུལ་པ་རྣམ་བཞི་ཡིས༔ ཁམས་གསུམ་འཁོར་བ་དོང་ནས་མ་སྤྲུག་བར༔ འགྲོ་བའི་དོན་ཀུན་མཛད་པ་ཉེ་བར་སྟོན༔ ཚེ་དང་སྒྲུབ་པ་མཉམ་མཛོད་རྗེས་འཇུག་རྣམས༔ ངས་ནི་ཚེ་གཅིག་སྒྲུབ་པ་ལྷུར་བླངས་ནས༔ བསྐྱེད་རྫོགས་ཟབ་མོའི་ཤིང་རྟ་ལ་འཛེགས་ནས༔ ཚེ་གཅིག་འཕོ་བ་ཆེན་པོའི་སྐུ་བརྙེས་པས༔ འཁོར་བ་ཅི་སྲིད་རྒྱལ་བའི་ཕྲིན་ལས་བསྒྲུབ༔ བྱང་ཆུབ་སེམས་ཀྱི་འབྲས་བུ་སྨིན་པ་ཡིན༔ ས་མ་ཡ༔ བཀའ་འདི་བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ མདོ་ཁམས་ཤྭ་བྲག་རྡོ་རྗེ་ཅན་མགུལ་སྦོས༔ མ་འོངས་སྙིགས་མ་ལྔ་བདོའི་དུས་ཤར་ཚེ༔ ཨོ་རྒྱན་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་དང་༔ གཉིས་མེད་རྣལ་འབྱོར་ཞིག་པོ་བདུད་འཇོམས་གླིང་༔ ངེས་མེད་སྤྱོད་པས་འགྲོ་བ་ཐབས་ཀྱིས་འདུལཿསྐར་ཚོགས་གྲངས་ཀྱི་གདུལ་བྱ་དཔལ་རིར་འདྲེན་༔ སྐྱེས་བུ་དེ་ལ་སྤྲད་པའི་གཉེར་བྱང་གྱིས༔ ལུང་ཟིན་ཆོས་བདག་ཤར་ནས་དྷརྨའི་མཚན༔ ཤར་ལྷོ་མཁྱེན་མིང་ལྷོ་ཕྱོགས་རྒྱལ་མཚན་དང་༔ མ་ཧཱ་དང་ནི་སྣ་ཚོགས་རང་གྲོལ་མཚན༔ ནུབ་ནས་བྷ་ཏྲ་མ་ཧཱ་སུ་ཁ་དང་༔ བྱང་ནས་རྣམ་པར་རྒྱལ་དང་སངྒྷའི་མཚན༔ དེ་སོགས་ཆོས་བདག་གཙོ་བོ་ཉེར་ལྔ་དང་༔ ཕྲན་སྟོང་རིག་འཛིན་ཐོབ་པ་བཅུ་གསུམ་ཙམ༔ འབྲེལ་ཚད་དོན་ལྡན་རྣལ་འབྱོར་བརྒྱ་ཕྲག་བརྒྱད༔ ལམ་སྣ་ཟིན་པ་ལྔ་སྟོང་ཙམ་དུ་འབྱུང་༔ ཆོས་འདི་འཛམ་གླིང་ཕྱེད་ཆ་ཁྱབ་པ་ཡིས༔ རྟེན་འབྲེལ་མཐུ་དང་ལྡན་ན་ལོ་བརྒྱའི་བར༔ མཐའ་དམག་དུས་ཀྱི་འཁྲུག་པ་ཞི་བར་འགྱུར༔ དགོན་སྡེ་གང་གིས་ཉམས་སུ་བླང་ན་ཡང་༔ དེ་ཕྱོགས་གྲྭ་ཚན་དམངས་རྣམས་བདེ་སྐྱིད་ལྡན༔ བདེ་ལེགས་འབྲས་བུའི་དཔལ་རྒྱས་མི་ཕྱུགས་ནད༔ ཀུན་ཞི་བསམ་པའི་དོན་རྣམས་འབད་མེད་འགྲུབ༔ སྨོན་ལོག་བཀའ་འདིའི་སྣོད་དུ་མ་གྱུར་པ༔ ཨ་བྷྱི་སུཪྻ་དམན་མོ་ཛ་ཏྲི་དང་༔ ངང་མོའི་ཁྱུ་ནས་དགེ་བཙུན་དྷརྨ་གཉིས༔ རལ་ནག་ཁུར་ལྕི་ཨརྠ་ས་མན་པ༔ དེ་སོགས་བདུད་པོ་ལྔ་བདུན་དག་ལ་ནི༔ རླུང་ཕྱོགས་ཙམ་དུ་མ་བསྒྲགས་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ དབྱིངས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ རྒྱ་བདུན་གྱིས་ནི་ལེགས་པར་བཏབ་བྱས་ཏེ༔ ཕྱེ་ཡི་སྲུང་མ་རྔ་རོལ་སྟག་རྩེ་དང་༔ ནང་གི་སྲུང་མ་གཡུ་ཡི་ཕྲེང་བ་ཅན༔ སྒོས་ཀྱི་སྲུང་མ་མ་བདུན་སྲིང་བཞིར་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ཞེས་པ་འདི་ཉིད་ཤིང་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་པའི་ཚེ།ནམ་མཁའ་ནས་རྔ་གླིང་རོལ་མོའི་སྒྲ་ལྡིར་དྲུ་བཟང་གིས་ལུང་པ་ཁྱབ།གླ་བ་རྙིས་ཟིན་པ་བཀྲོལ་བ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དུས་ཚིགས་དང་བསྟུན་ཏེ་སྤྱན་དྲངས་ཏེ་མཐར་སྨོན་ལམ་ལས་ཀྱིས་འབྲེས་བའི་སྐྱེས་བུ་དམ་ཆོས་ཀྱི་བདག་པོ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་གྱིས་གསེར་དངུལ་གཡུ་བྱུར་ལྷ་གོས་བཅས་ལན་གྲངས་དུ་མར་བསྐུལ་བ་དང་།མཁྱེན་རབ་རྒྱ་མཚོས་ཀྱང་ཤིན་ཏུ་དགོས་གལ་གྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས་རཱུ་ཏྲའི་སྙིང་ལྤགས་ཤོག་སེར་བྱ་ཁྲའི་གཟུགས་ཅན་གྱི་ངོས་ནས་ཨོ་རྒྱན་གྱི་ཕྱག་བྲིས་རྒྱ་སྐད་ལྟར་བྲིས་པ་ལས་ལྷག་ཆད་མེད་པར་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གར་དབང་བདུད་འཇོམས་གླིང་པས་བསྒྱུར་བའོ།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།