ཚོགས་བསྡུས་ལེ་ཚན་བཞི།

From Dudjom Wiki
Revision as of 16:37, 24 February 2026 by Jeremi (talk | contribs) (Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།")
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-23-A-038
Wylie title tshogs bsdus le tshan bzhi
Location bdud 'joms rin po che'i bka' 'bum
Volume 23, Text 38, Pages 543-544 (Folios 1a1 to 1b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Tshogs bsdus le tshan bzhi. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 543-544. Kalimpong: Dupjung Lama, 1979-1985.
Side notes Recto: tshogs bsdus   Verso: sna tshogs skor
More details More details
Genre Feast Offering - tshogs mchod - tshogs kyi 'khor lo

[edit]
༄༅། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། བདེ་སྐྱོང་ཡེ་ཤེས་ཀ་པཱ་ལར། །བཟའ་བཏུང་ལོངས་སྤྱོད་འདོད་ཡོན་སྤྲིན། །ཟག་མེད་ཚོགས་ཀྱི་འཁོར་ལོར་ཤར། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །ཁྱད་པར་རྒྱལ་ཡུམ་མཚོ་རྒྱལ་མ། །འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས། །རྒྱུད་གསུམ་དམ་ཅན་རྒྱ་མཚོར་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས། །གཟུང་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ། །ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་པའང་མི་དབང་རིག་འཛིན་མཆོག་གི་བཞེད་དོན་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། ། ། ། ༈ ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཟག་མེད་བདུད་རྩིའི་ཚོགས་མཆོད་འདི། །རྩ་གསུམ་ལྷ་ལ་དགྱེས་པར་འབུལ། །ཉམས་ཆགས་ཀུན་བཤགས་བར་ཆད་སྒྲོལ། །ཕྲིན་ལས་མྱུར་སྒྲུབ་དངོས་གྲུབ་སྩོལ། །གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་པའང་བུདྡྷའི་གསུང་ངོར་ཛྙཱ་ནས་སོ།། །། ༈ ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གུ་རུ་རྩ་གསུམ་ལྷ་ཚོགས་ལ། །འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ། །དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། །ཉོན་མོངས་དགྲ་བགེགས་ཞལ་དུ་བསྟབ། །ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད། །ཚོགས་གཉིས་མྱུར་རྫོགས་དངོས་གྲུབ་སྩོལ། །གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཛྙཱ་ནས་སོ།། །། ༈ ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཟག་མེད་འདོད་ཡོན་བདུད་རྩིའི་ཚོགས་མཆོད་འདི། །རྩ་གསུམ་ལྷ་ཚོགས་རྣམས་ལ་དགྱེས་པར་འབུལ། །ཉམས་ཆག་ཀུན་བཤགས་བར་ཆད་དགྲ་བགེགས་སྒྲོལ། །ཕྲིན་ལས་མྱུར་སྒྲུབ་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་པའང་རྡོ་རྗེ་འཛིན་པ་ཨོ་རྒྱན་གསང་སྔགས་བསྟན་འཛིན་གྱི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།