གསོལ་འདེབས་རིགས།

From Dudjom Wiki
Revision as of 21:28, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-001
Wylie title gsol 'debs rigs
Location phrin las nor bu'i gsung 'bum
Volume 3, Text 1, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Gsol 'debs rigs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །གསོལ་འདེབས་རིགས་བཞུགས་སོ། །

༄༅། །ན་མོ་གུ་རུ། ནམ་ཡང་སྐྱེ་འགག་མེད་པ་ཆོས་སྐུའི་ཐུགས། །ཆོས་སྐུའི་བླ་མ་བླ་མ་ཀུན་གྱི་གཞི། །གཞི་མེད་རྩ་བྲལ་བདེ་སྟོང་རྡོ་རྗེ་སེམས། །ཕྲིན་ལས་ནོར་བུའི་ཞབས་ལ་གསོལ་བ་འདེབས། །འདི་ཕྱི་བར་དོ་མེད་པ་ཆོས་ཀྱི་དབྱིངས། །ཆོས་སྐུ་སྟོང་ཆེན་དབྱིངས་ཀྱི་ངང་ཉིད་དུ། །སྣང་སྲིད་འཁོར་འདས་སྣང་བ་ཅི་ཡང་ཤར། །དག་ཆེན་ཆོས་ཉིད་རོལ་པའི་རང་རྩལ་དུ། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་གྱུར་ཏེ། །གཞན་སྣང་འཁོར་བ་གནས་དུས་གང་ནས་ཀྱང་། །རྡུལ་ཕྲན་ཙམ་ཡང་བཙལ་གྱིས་མི་རྙེད་པ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པར་ཤོག །ཅེས་སྔ་འགྱུར་རྫོགས་པ་ཆེན་པོའི་བསྟན་པ་སྤྱི་དང་ཁྱད་པར་ཁྲག་འཐུང་བདུད་འཇོམས་གླིང་པ་སྐུ་འཕྲེང་གོང་འོག་གི་བསྟན་པའི་བརྒྱུད་པ་འཛིན་པ་ལ་ཐང་ལྷོད་མེད་པའི་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པ་གཏེར་སྟོན་དྲག་སྔགས་གླིང་པའི་རྣམ་འཕྲུལ་རིག་འཛིན་ནམ་མཁའ་རྒྱལ་མཚན་མཆོག་ནས་ནན་ཏན་ཆེན་པོས་བསྐུལ་མ་གནང་བ་བཞིན་ཧོར་ཟླ་དྲུག་པའི་ཚེས་བཅུ་ཆེན་མོའི་ཚོགས་ཀྱི་མཆོད་པའི་སྤྲིན་ཕུང་སྤྲོས་པའི་རྗེས་ཐོགས་སུ་བྲིས་ཏེ་ཕུལ་བའོ།། །། ༈ སངས་རྒྱས་གོ་འཕང་ཇི་བཞིན་ཐོབ་འདོད་ན། །ཕྱི་གཙང་ནང་གཙང་པདྨའི་སྦུབས་ལྟ་བུའི། །ལུང་རྟོགས་ཡོན་ཏན་དཔལ་གྱིས་ཕྱུག་པ་ཡི། །བླ་མ་དག་ལ་བརྟེན་པ་ལས་བྱུང་གི། །ནུབ་རེ་བཞིན་དུ་ཆང་གིས་ར་བཟི་ནས། །མནའ་བོའི་དུར་ཁྲོད་རོ་བཞིན་ཉལ་བྱེད་པ༑ ༑ཁྱི་ལུད་དར་བསྟུམ་འདྲ་བའི་བླ་མ་ལ། །གསོལ་བ་བཏབ་པས་བྱིན་རླབས་ཅི་ཞིག་བྱུང་། །ཨོཾ་མ་ཎི་པདྨེ་ཧཱུྃ། ཁང་གསར་དབང་ཕྱུག་ལགས་སུ་ཕྲིན་ལས་ནོར་བུ་ནས་ཕུལ།། །། ༈ ན་མོ་གུ་རུ།མཉམ་ཉིད་སྲིད་ཞིའི་འཇིགས་པ་མེད་པའི་ཐུགས། །ཆོས་ཉིད་རང་སྒྲའི་ཆོས་མཆོག་སྒྲོགས་པའི་གསུང་། །གཞོམ་བྲལ་རྡོ་རྗེའི་སྐུ་མངའ་པདྨ་འབྱུང་། །དབྱེར་མེད་རིག་འཛིན་བླ་མར་གསོལ་བ་འདེབས། །ལྟ་བ་ཡེ་བཏང་ཡེ་བབས་ཆེན་པོའི་ངང་། །བསྒོམ་པ་མ་བསྒོམ་ཆོས་ཉིད་དྲན་པའི་ངང་། །སྤྱོད་པ་མ་བཅོས་ཤུགས་འབྱུང་རང་གྲོལ་ངང་། །འབྲས་བུ་མ་བསྒྲུབས་ཀུན་ཏུ་བཟང་པོའི་ངང་། །ཨོཾ་ས་མནྟ་བྷ་དྲ་ཧཱུྃ༔ ཨ་ཨ་ཨཱ༔ ཅེས་རང་ལ་རིང་ནས་བརྩེ་བས་བསྐྱངས་པའི་བླ་མ་བསོད་ནམས་ཚེ་རིང་ནས་ནི་ལམ་དར་གྱིས་སྣ་དྲངས་ཏེ་བསྐུལ་མ་གནང་བའི་ངོར་ཕྲིན་ལས་ནོར་བུས་ཐོལ་བྱུང་དུ་བྲིས་ཏེ་ཕུལ་བའོ།། །། ༈ ཨེ་མ་ཧོཿ སྐྱེ་མེད་དབྱིངས་སུ་རྟག་བཞུགས་པ། །སྐྱེ་འཆིའི་སྣང་བ་དག་པའི་སྐུ། །སྟོང་གསལ་བདེ་ཆེན་འོད་ཀྱི་ལུས། །མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར། །སྣང་མཛད་སངས་རྒྱས་པདྨ་སྐྱེས། །གྲགས་ཚད་ཐོས་གྲོལ་པདྨའི་གསུང་། །དྲན་རྟོག་ནམ་མཁའི་རང་བཞིན་ཏེ། །དག་མཉམ་ཆེན་པོར་འབྱམས་ཀླས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་མ་ཎི་སརྦ་རཏྣ་མ་ཧཱ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པ་འདི་ནི་ལོ་མང་དྲིན་གྱིས་བསྐྱངས་པའི་ཨ་རིའི་རྣལ་འབྱོར་མ་སི་སྦིལ་ཟེར་བའམ་ཆོས་མིང་དུ་པདྨ་གསལ་སྒྲོན་ཟེར་བ་ནས་མོ་རང་གཟུགས་ཁམས་ཡུན་རིང་ནད་ཀྱིས་གདུངས་པས་སྤྲོས་བཅས་ཉམས་ལེན་ཁམས་ཀྱིས་ལྕོགས་པ་མི་འདུག་ན་ཤིན་ཏུ་སྤྲོས་མེད་འཁྱེར་བདེ་བ་ཁྱེད་ཀྱི་མིང་སྒྲ་འཁོད་པ་ཞིག་ཅིས་ཀྱང་འབྲི་དགོས་ཞེས་བསྐུལ་བའི་ངོར་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་ཕྲིན་ལས་ནོར་བུ་ནས་དེ་འཕྲལ་བྲིས་པའོ།། །། ༈ ཨེ་མ་ཧོཿ སྐྱེ་མེད་དབྱིངས་སུ་རྟག་བཞུགས་པས། །འཆི་བ་བཙལ་ཀྱང་མི་རྙེད་ཅིང་། །རང་འོད་བདེ་བ་ཆེན་པོའི་ཡུམ། །དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་དང་། །གཉིས་སུ་མེད་པར་མཉམ་སྦྱོར་ཞིང་། །སྣང་ཚད་སངས་རྒྱས་པདྨ་སྐྱེས། །གྲགས་ཚད་བཛྲ་གུ་རུའི་སྒྲ། །དྲན་རྟོག་ནམ་མཁའི་རང་བཞིན་ངང་། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །མཉམ་པ་ཆེན་པོར་འབྱམས་ཀླས་སོ། །ཨོཾ་ཨཱཿ ཧཱུྃ་ཛྙཱ་ན་བཛྲ་གུ་རུ་ཀརྨ་མ་ཎི་སིདྡྷི་ཧཱུྃ༔ ཞེས་པ་འདི་ནི་ལོ་མང་ནས་འདྲིས་པའི་ཡབ་རྗེ་བདུད་འཇོམས་རིན་པོ་ཆེའི་ཞལ་སློབ་ཨ་རི་བ་ཨོ་རྒྱན་སྒྲོལ་མ་ནས་འཚོ་བའི་འདུ་བྱེད་མ་སྟོངས་བར་དུ་ཤིན་ཏུ་ཉམས་སུ་བསྟར་བདེ་བའི་སྤྲོས་མེད་ཀྱི་གདམས་པ་ཉུང་བསྡུས་ཤིག་ཅི་ནས་ཀྱང་བྲིས་ཤིག་ཅེས་ལྷ་རེག་རྟེན་དང་བཅས་ཏེ་བསྐུལ་བའི་ངོར་ཕྲིན་ལས་ནོར་བུས་དེ་མ་ཐག་ཏུ་བྲིས་པ་དགེ། །། ༈ བསྟོད་ར་མི་ཡིས་བཏང་ན་བསྟོད་ར་ཡིན། །རང་གིས་རང་ལ་བསྟོད་ར་ཐ་མ་ཡིན། །ཞེས་བཤད་སྲོལ་ཡོད་པ་ལྟར་རང་གིས་རང་ལ་ཟོལ་བསྟོད་ཀྱིས་བྲིས་པའི་གསོལ་འདེབས་ལ་འགྲེལ་བཤད་བྱེད་པ་འོས་སུ་མཆིས་པ་མི་འདུག་ཀྱང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་འབྱུང་བ་ལ་ཡིད་ཕྱོགས་ནས་འགྲེལ་པ་བསྡུས་ཙམ་ཞིག་བྱས་ན། ཨེ༵་མ༵་ཧོ༵༔ སྟེ་ངོ་མཚར་ཆེའོ། །དེ་ཡང་སངས་རྒྱས་ཀྱིས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཞེས་གསུངས་པས་སྔོན་གྱི་བདེ་བར་གཤེགས་པའམ་སུ་ག་ཐ་སྟེ་སངས་རྒྱས་རྣམས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལས་ཡང་དག་པར་འདས་པའི་ས་ལ་ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་པ་སྟེ། ཚུལ་ཇི་ལྟ་བུས་ཞེ་ན་སྐྱེ་བ་མེ༵ད་པ་ཆོས་ཀྱི་སྐུའི་དབྱིང༵ས་སུ༵་གཤེགས་ཤིང་བཞུགས་པ་སྟེ། དེའི་དབྱིངས་སུ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་སེམས་མ་དང་བཅས་པ་རྟག༵་ཏུ་གཡོ་བ་མེད་པར་བཞུག༵ས་པ༵ས། སེམས་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྡུལ་ཙམ་ཡང་མ་གྲུབ་པས་འཆི༵་བ༵་ཞེས་བྱ་བ་བཙ༵ལ་ཀྱང༵་མི༵་རྙེད༵་ཅིང༵་། དབྱིངས་སྐྱེ་བ་མེད་པ་ངོ་བོ་སྟོང་པའི་ཡེ་ཤེས་རྫས་སུ་རྡུལ་ཕྲ་རབ་ཙམ་དུའང་གྲུབ་པ་མེད་ཀྱང་། དེའི་རང་གདངས་སམ་རང་བཞིན་གསལ་བའི་ཡོན་ཏན་ནམ་ཡང་འགགས་པ་མེད་པ་ར༵ང་འོ༵ད་བདེ༵་བ༵་ཆེ༵ན་པོ༵འི་ཡུམ༵་གནས་གསུམ་གྱི་མཁའ་འགྲོའི་གཙོ་མོ་དབྱི༵ངས་ཕྱུག༵་ཡེ༵་ཤེ༵ས་མཚོ༵་རྒྱལ༵་དུ་སྙན་པར་གྲགས་པའི་དཔལ་འབར་བ་དང༵་ལྷན་ཅིག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རང་བཞིན་དུ་གཉིས༵་སུ༵་མེ༵ད་པ༵ར་མཉམ༵་པར་སྦྱོར༵་ཞིང༵་། སེམས་ཅན་རྣམས་རྟག་ཏུ་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པས་མ་དག་པའི་སྣང་བ། ཐར་པ་དོན་དུ་གཉེར་ཞིང་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ལ་བདེ་གསལ་མི་རྟོག་པ་ལ་སོགས་ཉམས་ཀྱི་སྣང་བ། སངས་རྒྱས་རྣམས་དག་དང་མ་དག་པའི་འདུ་ཤེས་ཡོངས་སུ་ཟད་པས་དག་པའི་སྣང་བ་འབའ་ཞིག་སྟེ་སྣང༵་བ་ལ་ཚ༵ད་བཟུང་དུ་མེད་པ་ལས། འདིར་བདག་གི་སྣང་བ་ས༵ངས་རྒྱས༵་ཐམས་ཅད་ཀྱི་གསུང་སྣང་བ་མཐའ་ཡས་པདྨའི་རིགས་དྷ་ན་ཀོ་ཤའི་མཚོ་གླིང་དུ་པདྨའི་སྡོང་པོ་ལས་འཁྲུངས་པ་སངས་རྒྱས་པ༵དྨ༵་སྐྱེས༵་ཀྱི་སྐུ་ཞི་བ་དང་།ཁྲོ་བོ་དང་། ཞི་མ་ཁྲོ་ལ་སོགས་ཐུགས་རྗེའི་རོལ་རྩལ་མ་འགགས་པའི་སྐུ་དང་ཞིང་ཁམས་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་འཆར་བ་དང་། ཕྱི་སྣོད་ས་ཆུ་མེ་རླུང་ལ་སོགས་འབྱུང་བ་བཞིའི་སྒྲ་དང་། ནང་བཅུད་སྐྱེ་འགྲོའི་ངག་གི་སྒྲ་གྲ༷གས་ཚ༷ད་ཐམས་ཅད་བཛྲ༷་སྟེ་གྲགས་སྟོང་སྐྱེ་བ་མེད་པ་ཆོས་ཉིད་ཀྱི་རང་སྒྲ། དེ་ལས་ཐར་པའི་ལམ་སྟོན་པའི་གུ༷་རུ༷་སྟེ་བླ་མའི་གསུང་གི་སྒྲ༷་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ཏུ་གྲགས་ཤིང་། དེ་ལས་ཇི་སྐད་དུ་རིག་འཛིན་དགའ་རབ་རྡོ་རྗེས། གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ལས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས་པས་གཞི་ཡི་རིག་པ་གདོད་ནས་རྣམ་པར་དག་པ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་ངང་དེ་ནི་ནམ་མཁའ་བཞིན་དུ་མངོན་དུ་མི་སྣང་ལ་ཀུན་ལ་ཁྱབ་པ་སྟེ། དེ་ཉིད་ལས་ལམ་གྱི་རིག་པ་བཅར་ཕོག་ཏུ་ངོ་འཕྲོད་པའམ་དྲ༷ན་པའི་རྟོག༷་པ་ཤར་བ་ན་ནམ་མཁའི་རི་མོ་ཤར་གྲོལ་རིས་མེད་ནམ༷་མཁ༷འི་ར༷ང་བཞི༷ན་གྱི་ང༷ང་ལ་དག་པ་དེ་ནི་རྒྱ་མཚོའི་གཏིང་ནས་ནོར་བུརྙེད་པ་དང་འདྲ་བ་སྟེ། དེ་ཡང་སུས་ཀྱང་མ་བཅོས་མ་བྱས་པ་ཆོས་ཀྱི་སྐུ་སྟེ། དེ་ནི་དུ༷ས་གསུ༷མ་ས༷ངས་རྒྱས༷་ཀུན༷་གྱི་ཐུག༷ས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ལྟ་བུའི་ངོ་བོ་ཡེ་དག་གི་ཡོན་ཏན་མངོན་དུ་གྱུར་པས། གློ་བུར་གྱི་སྒྲིབ་པ་ཐམས་ཅད་མ་སྦྱང་རང་སར་དག་པས་དག༷་པ༷་གཉིས༷་ལྡ༷ན་ཆོ༷ས་ཀྱི༷་སྐུ༵་བདེ་སྡུག་བཟང་ངན་འཁོར་འདས་ལ་སོགས་པའི་སྣང་བ་ཐམས་ཅད་ཆོས་སྐུའི་ཀློང་དུ་མཐོ་དམན་མེད་པར་མཉམ༵་པ༵་ཆེ༵ན་པོ༵ར་འབྱམ༵ས་ཀླ༵ས་སོ༵། །ཨོ༵ྃ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ས་བོན། ཨཱ༔ སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ས་བོན། ཧཱུྃ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ས་བོན་ཏེ། རྡོ་རྗེ་གསུམ་གྱི་ས་བོན་བརྗོད་པས་ཐོག་དྲངས་ཏེ། ཛྙཱ་ན༵་སྟེ་ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་འཕྲོ་གཞི་ཆོས་དབྱིངས་ཡེ་ཤེས་ཀྱི་རྣམ་པ་རྣམ་བཅས་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་གི་རྣམ་པར་རོལ་ཞིང་། དེ་ཡང་ངོ་བོ་དབྱེར་མི་ཕྱེད་པ་ལས་རྣམ་པ་གཟུགས་སྐུའི་བཀོད་པ་ཅི་ཡང་སྣང་བས་རྣམ་པར་སྣང་མཛད། དུས་གསུམ་ཀུན་ཏུ་འཁོར་འདས་ཀྱི་སྣང་བ་གང་གི་ཕྱོགས་སུའང་ནམ་ཡང་མ་ལྷུང་བས་མི་བསྐྱོད་པ། སྲིད་ཞིའི་དགོས་འདོད་མ་ལུས་པ་འབྱུང་བས་རིན་ཆེན་འབྱུང་ལྡན། སྲིད་ན་གནས་ཀྱང་སྲིད་པའི་བདེ་བ་ལ་ནམ་ཡང་མ་ཆགས་པ་མྱ་ངན་ལས་འདས་པའི་ས་ལ་རྟག་ཏུ་གནས་པ། མྱ་ངན་ལས་འདས་ཀྱང་རང་དོན་ཞི་བདེ་ཕྱོགས་གཅིག་ལ་ནམ་ཡང་མ་ཆགས་པ་འགྲོ་བའི་དོན་དུ་སྲིད་པ་ཉེ་བར་བཟུང་བ་པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱི་དྲི་མས་ནམ་ཡང་མ་གོས་པ་ལྟ་བུ་པདྨའི་རིགས། འདུ་བྱེད་ཀྱི་དྲན་པ་ལ་བརྟེན་ནས་འབད་རྩོལ་མ་དགོས་པར་གཞན་ལ་ཕན་པའི་བྱ་བ་ཐམས་ཅད་འབད་རྩོལ་མེད་པར་གྲུབ་པས་བྱ་གྲུབ་ཡེ་ཤེས་ཀྱི་རང་རྩལ་དོན་ཡོད་གྲུབ་པ་སྟེ་ཡེ་ཤེས་ལྔ་དང་དེ་དག་གི་རོལ་རྩལ་རྒྱལ་བ་རིགས་ལྔའི་སྐུ་དང་ཞིང་ཁམས། དེ་དག་ཐམས་ཅད་ཀྱང་བཛྲ༵་སྟེ་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་སྟེ་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་དགོངས་པ་ལས་ངེས་པ་ལྔ་ལྡན་གྱི་ཆོས་ལ་དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པར་ལོངས་སུ་སྤྱོད་པ་ལས་མ་གཡོས་བཞིན་དུ་གུ་རུ་སྟེ་གཟུགས་སྐུའི་མཐར་ཐུག་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ། དེ་ལས་ཀརྨ༵་སྟེ་འགྲོ་བ་འདུལ་བའི་ཕྲིན་ལས་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པས་གདུལ་བར་བྱ་བའི་ཡུལ་རྣམས་རང་རང་གི་སྐལ་བ་བཞིན་ལྷ་དང་མིའི་ལུས་རྟེན་ལ་སོགས་པ་ལམ་གྱི་རྟེན་ལ་འགོད་པ། རང་རང་གི་སྐལ་བ་དང་འཚམས་པའི་ཐར་པའི་ལམ་ལ་འགོད་པ། སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་སངས་རྒྱས་ཀྱི་གོ་འཕང་སྟེ་ལམ་གྱི་འབྲས་བུ་ལ་འགོད་པའི་ཕྲིན་ལས་ནམ་ཡང་དུས་ལས་མི་ཡོལ་བས་མ༵་ཎི༵་སྟེ་དགོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ་ཇི་བཞིན་ལས། སི༵དྡྷི་སྟེ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཧཱུྃ་སྟེ་བདག་གི་རྒྱུད་ལ་འཇུག་པར་ཤོག་ཅིག ཅེས་པ་འདིའང་བརྩེ་ལྡན་ཕུན་ཚོགས་རྒྱལ་མཚན་ནས་བསྐུལ་བ་བཞིན་བླ་མ་ཕུར་པ་སོགས་རང་ལ་ར་གན་གསེར་དུ་མཐོང་བའི་རྗེས་འཇུག་རྣམས་ཀྱི་དོན་དུ་སུག་བྲིས་སུ་བགྱི་བ་པོ་ནི་ཕྲིན་ལས་ནོར་བུའོ།། །། ༈ པདྨ་རཱ་གའི་མདོག་ལྡན་འོད་དཔག་མེད། །པདྨའི་སྦུབས་ལས་འཁྲུངས་པ་སྤྲུལ་པའི་སྐུ། །པདྨ་ཀ་རའི་ཐུགས་ཀྱི་གདུང་འཛིན་པ། །ཕྲིན་ལས་ནོར་བུའི་ཞབས་ལ་གསོལ་བ་འདེབས། །ལྷུན་གྲུབ་རིག་འཛིན་པདྨའི་རྒྱལ་ཐབས་ལ། །མཉམ་པ་ཉིད་དུ་མངའ་དབང་འབྱོར་ན་ཡང་། །རྣམ་སྨིན་རིག་འཛིན་གཟུགས་ཀྱི་གཟུགས་བཟུང་སྟེ། །ལྷུན་གྲུབ་རིག་འཛིན་པདམའི་བསྟན་པ་སྤེལ། །ཁྱེད་ལ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །སྣང་བ་ཐམས་ཅད་ཁྱེད་ཀྱི་སྐུ་གསུང་ཐུགས། །ཀུན་ཏུ་བཟང་པོའི་དཔལ་ལ་དབང་འབྱོར་ནས། །འགྲོ་ཀུན་ཁྱེད་ཀྱི་ས་ལ་འགོད་པར་ཤོག །ཅེས་པ་འདི་ནི་རང་ལ་རིང་ནས་མཉེས་གཤིན་གྱི་བརྩེ་བ་ཆེན་པོས་བསྐྱངས་པའི་ཁང་གསར་དབང་ཕྱུག་ལགས་ནས་དད་པའི་གསོས་སུ་ཐེབས་པའི་གསོལ་འདེབས་ཤིག་ངེས་པར་བྲིས་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་མ་གནང་བའི་ངོར་དད་པ་ཅན་གྱི་ཚོགས་མི་གཅོག་པའི་སླད་དུ་བྲིས་པ་སྟེ། དེ་ཡང་རང་ལུས་ལས་ཀྱི་ལུས་ལ་སེམས་ཡི་དམ་གྱི་ལྷ་སྐུ་རུ་སྨིན་པ་མཚན་ཉིད་གསུམ་ལྡན་རྣམ་སྨིན་རིག་འཛིན་དུ་ཁས་འཆེ་བ་དང་། ལྷུན་གྲུབ་རིག་འཛིན་པདྨའི་རྒྱལ་ཐབས་ལ་མངའ་དབང་འབྱོར་བ་ཟེར་བ་སོགས་བཔྲལ་བ་ཤིན་ཏུ་འཐུག་པོའི་གཏམ་ལྟ་བུར་སོང་ཡང་ལུང་རིགས་དང་འགལ་བའི་ཉེས་པ་འགའ་ཡང་མེད་དེ། ཅིའི་ཕྱིར་ན་བླ་མའི་བྱིན་རླབས་འཇུག་པ་ནི་དད་པ་ལ་རག་ལས་ཤིང་། དད་པ་ནི་བླ་མའི་ཡོན་ཏན་བསམ་པ་ལས་བྱུང་བ་ཡིན་ཕྱིར། དེ་ཁོ་ན་ལ་རྒྱུ་མཚན་དུ་བྱས་ཏེ་ཕྲིན་ལས་ནོར་བུ་ནས་བྲིས་པའོ།། །། ༈ རབ་འབྱམས་རྒྱལ་བའི་ཕྲིན་ལས་རྫོགས་པའི་གཟུགས། །དགོས་འབྱུང་ནོར་བུ་ཕལ་གྱིས་དོ་མིན་པ། །རང་རིག་རྣམ་དག་སྐུ་གསུམ་རིན་ཆེན་གླིང་། །མངོན་སུམ་རང་ངོ་སྤྲོད་པའི་བླ་མ་ལ། །དུས་གསུམ་འདུ་འབྲལ་མེད་པར་གསོལ་བ་འདེབས། །ལྟ་བ་ཡུལ་ལས་འདས་པ་རིག་པའི་ཐོག །མ་བཅོས་ཇི་བཞིན་བཞག་པའི་བསྒོམ་པ་དང་། །སྤྱོད་པ་བླང་དོར་མེད་པའི་ངང་བསྐྱངས་པས། །བྲལ་ཐོབ་སྤང་བའི་འབྲས་བུ་མངོན་འགྱུར་ཤོག །ཅེས་པའང་རང་ལ་བོང་བ་གསེར་དུ་གཟིགས་པའི་དག་པའི་སྣང་བ་མཆོག་ཏུ་དཀར་བ་རྣལ་འབྱོར་པ་ངག་དབང་སངས་རྒྱས་ཀྱིས་བསྐུལ་བའི་ངོར་མདོ་ཤོར་བ་ཕྲིན་ལས་ནོར་བུས་གང་དྲན་ཐོལ་བྱུང་དུ་བྲིས་ཏེ་ཕུལ་བ་དགེ། །། ༈ སངས་རྒྱས་ཀུན་དངོས་འཆི་མེད་པདྨ་འབྱུང་། །ཞིང་འདིར་སྤྲུལ་པའི་ཚུལ་འཛིན་ཀློང་ཆེན་རྗེ། །གང་གི་ཡང་སྲིད་ཕྲིན་ལས་ནོར་བུ་ལ། །གསོལ་བ་འདེབས་སོ་འབྲལ་མེད་བྱིན་གྱིས་རློབས། །ཞེས་པའང་དོན་གཉེར་ཅན་གྱི་ངོར་ཕྲིན་ལས་ནོར་བུས་བྲིས་པའོ།། །། ༈ ན་མོ་གུ་རུ། ཆོས་ཅན་འཁྲུལ་པའི་རྟོག་ཚོགས་གང་ཤར་ཡང་། །ཆོས་ཉིད་དྲི་མེད་བྱང་ཆུབ་སེམས་ཀྱི་གཤིས། །རིག་སྟོང་རྡོ་རྗེ་སེམས་དཔའི་དགོངས་ཀློང་དུ། །གྲོལ་མཛད་དྲིན་ཅན་བླ་མའི་ཞབས་ལ་འདུད། །གཏི་མུག་མ་རིག་མུན་པའི་གཉིད་ལས་སངས། །སྤང་རྟོགས་ཡོན་ཏན་འོད་ཀྱི་སྣང་བ་རྒྱས། །སངས་རྒྱས་ཞེས་སུ་གྲགས་པའི་དཔལ་འབར་བའི། །གོ་འཕང་གང་ཞིག་བདག་གིས་བསྒྲུབ་འདོད་པས། །དེ་ཕྱིར་མི་ལུས་རིན་ཆེན་རྙེད་པའི་ཚེ༵། །རི༵ང་དུ་འཚོ་ཞིང་དེ་ཡི་སྙིང་པོ་ནི། །རྫོགས་པ་ཆེན་པོ་རང་སྣང་རིས་མེད་དོན། །རྟོགས་པའི་གདིང་དང་ལྡ༵ན་པར་བྱིན་གྱིས་རློབས། །སྤང་བྱ་འཇིག་རྟེན་ཆོས་ལ་ལྟ་ཅི་སྨོས། །བླང་བྱ་དམ་པའི་ཆོས་ཀྱི་སྣང་བ་ལའང་། །ཆགས་འཛིན་ཞིག་པའི་དྲན་པའི་སོ་ཚུགས་ནས། །ཀུན་བཟང་ཆོས་སྐུའི་ཆོས་ལ་དབང་འབྱོར་ཤོག །ཅེས་ཕྲན་ལ་བོང་བ་གསེར་དུ་གཟིགས་ཤིང་། ནང་དུ་ཡང་དག་འཇོག་ལ་ཀུན་ཏུ་དགའ་བ་དགེ་ཚེ་རིང་རྟོགས་ལྡན་ནས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་མ་གནང་ངོར་ཕྲིན་ལས་ནོར་བུ་ནས་སུག་བྲིས་སུ་བྲིས་ཏེ་ཕུལ་བ་གུ་རུ་པདྨའི་བྱིན་རླབས་ཀྱིས་དོན་དང་ལྡན་པར་གྱུར་ཅིག། །། ༈ བལྟ་ན་རབ་སྡུག་ཞི་བའི་ཚུལ་དགུའི་གཟུགས། །དྲི་མེད་སྟོན་ཀའི་ནམ་མཁའ་དྭངས་པའི་རྒྱན། །དཀར་གསལ་ཟླ་བའི་ངོས་ལ་ཉེར་བརྟེན་པ། །ཚེ་སྦྱིན་ལྷ་མོས་ཚེ་དབང་བྱིན་ཆེན་ཕོབས། །སྔོན་བསགས་ལས་སྨོན་རྟེན་འབྲེལ་བཟང་པོའི་སྟོབས། །ཐེག་ཆེན་ཆོས་ཀྱི་ཕྱོགས་སུ་རབ་སད་པས། །བྱམས་དང་སྙིང་རྗེས་སེམས་ཉིད་ལེགས་དུལ་བ། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། ། (Guru Yoga Tara) ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། སྲིད་ཞིའི་འཇིགས་བྲལ་པདྨ་ཐོད་ཕྲེང་གི། །ཡེ་ཤེས་མངོན་རྫོགས་དཀྱིལ་འཁོར་ཀུན་གྱི་བདག །རྡོ་རྗེ་སྙིང་པོའི་བསྟན་པ་གསལ་མཛད་པ། །འགྲོ་འདུལ་གླིང་པའི་ཞབས་ལ་གསོལ་བ་འདེབ། །གང་དང་གང་གི་རིང་ལུགས་ཚུལ་བཞིན་དུ། །ཚང་ལ་མ་ནོར་འཛིན་པའི་སྐྱེས་བུ་ཡི། །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཞིང་། །བཞེད་དགུའི་འབད་པ་མ་ལུས་འགྲུབ་གྱུར་ཅིག །ཟབ་ལས་ཆེ་ཟབ་མཁའ་འགྲོའི་ཐུགས་བཅུད་དུ། །གངས་ཅན་མཁས་གྲུབ་རྒྱ་མཚོས་བསྔགས་པའི་ཆོས། །བདུད་འཇོམས་དཔའ་བོའི་དགོངས་གཏེར་ནམ་མཁའི་མཛོད། །མཐའ་ཀླས་གདུལ་བྱའི་སྐྱེས་སུ་ཐོབ་པར་ཤོག །བདག་ཀྱང་དེང་བཟུང་སྲིད་པ་ཇི་སྲིད་བར། །སྐྱབས་གཅིག་བླ་མ་མཆོག་དང་མི་འབྲལ་ཞིང་། །མཉེས་པ་གསུམ་གྱི་སྲི་ཞུ་ལེགས་འགྲུབ་སྟེ། །མཁའ་མཉམ་འགྲོ་བའི་དོན་ལ་དབང་འབྱོར་ཤོག །ཅེས་པ་ནི་ཚུལ་འདིའི་བསྟན་ལ་མི་ཕྱེད་པའི་དད་པ་ཐོབ་པ། སྨིན་པ་དགེ་སློང་ཀློང་གསལ་རྡོ་རྗེ་ནས་ལྷ་རེག་རྟེན་དང་བཅས་ཏེ། གསུང་གི་ནན་ཏན་བསྐུལ་ངོར་རྨོངས་ཟོབ་ཕྲིན་ལས་ནོར་བུས་གང་དྲན་བྲིས་ཏེ་ཕུལ་བ་ཆོས་མཐུན་གྱི་ཐུགས་བཞེད་འབད་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས། དགེའོ།། །།