TTDL-ZABTER-12-NA-023

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-023

༠༠༠༠༠བརྡ་ཡིག༡༠༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གནོད་སྦྱིན་རྣམ་སྲས་རིགས་ལྔའི་གསོལ་མཆོད་འདོད་ཡོན་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༡༠༧འདི་ལ་མཆོད་རྫས་ཅི་འབྱོར་བཤམས༔ ཨོཾ་བཛྲ་ཨ་མྲྀ་ཏས་སྦྱངས༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་སྐུ་གསུང་ཐུགས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་ལྡན་གྱིས་འཁོར་འདས་ཐམས་ཅད་ཁྱབ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ འདོད་ཡོན་སྣ་ཚོགས་ཀྱི་འདུ་འཕྲོ་དང་མཆོད་ཡུལ་ལྷའི་བཞེད་པའི་ཟུག་རྔུ་སེལ་ནུས་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧཱུྃ་ཛཿབྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ ས་བརྒྱད་བྱང་ཆུབ་སེམས་དཔའ་རྣམ་ཐོས་སྲས༔ ཛམ་ལྷ་རིགས་བཞི་འཁོར་དང་བཅས་པ་རྣམས༔ དད་དང་དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཨོཾ་ཨཱཿཧཱུྃ༔ ཡེ་ཤེས་བྷནྡྷ་རིན་ཆེན་སྣོད་མཆོག་ཏུ༔ ཟག་མེད་ཡེ་ཤེས་བདུད་རྩི་རྒྱ་མཚོ་དང་༔ ཉེས་སྐྱོན་ཟུག་རྔུ་སེལ་བའི་བདེ་སྟོང་རོ༔ འདོད་ཡོན་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་འདིས༔ རྒྱལ་ཆེན་རྣམ་སྲས་ཡབ་ཡུམ་གསོལ་ཞིང་མཆོད༔ ཛམ་དཀར་སྡེ་ལྔ་འཁོར་བཅས་གསོལ་ཞིང་མཆོད༔ ཛམ་སེར་ཡབ་ཡུམ་འཁོར་བཅས་གསོལ་ཞིང་མཆོད༔ ཛམ་དམར་དབང་གི་མངའ་བདག་གསོལ་ཞིང་མཆོད༔ ཛམ་ནག་གཏུམ་དྲག་འཁོར་བཅས་གསོལ་ཞིང་མཆོད༔ ནོར་རྒྱུན་ལྷ་མོ་མཆེད་ལྔ་གསོལ་ཞིང་མཆོད༔ ནོར་ལྷ་གཏེར་བདག་ཡབ་ཡུམ་གསོལ་ཞིང་མཆོད༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བདག་ནི་དད་ཅིང་མོས་པས་ཁྱེད་བསྒྲུབ་བོ༔ བརྩེ་བར་དགོངས་ཤིང་ཡལ་བར་དོར་མི་འཚལ༔ མདོར་ན་ཞལ་བཞེས་དམ་ཚིག་དམ་བཅའ་དང་༔ བྱང་ཆུབ་ཐུགས་བསྐྱེད་དཔའ་གདིངས་འདོར་རམ་ཅི༔ མ་གཡེལ་མ་འགྱངས་ནོར་ལྷ་གཏེར་བདག་རྣམས༔ བརྟེན་ནོ་བསྒྲུབ་བོ་དམ་ཚིག་གཉན་པོ་དཔང་༔ བདག་དང་དབྱེར་མེད་གྲོགས་མཛོད་དངོས་གྲུབ་སྩོལ༔ འབད་རྩོལ་མི་དགོས་ནོར་བུ་དཔག་བསམ་བཞིན༔ རྒྱུན་བཟང་གང་གཱ་ནུབ་མེད་ལྷུན་པོ་ལྟར༔ འགྱུར་མེད་རབ་ཏུ་བརྟན་པའི་ཕྲིན་ལས་མཛོད༔ བཛྲ་ས་མ་ཡ༔ ཞེས་བརྗོད༔ ཡང་ཡང་གསོལ་མཆོད་འདི་ལ་རབ་བརྩོན་པའི༔ ཚེ་གཅིག་བསྒྲུབ་པ་ལྷུར་ལེན་སྐལ་ལྡན་གྱི༔ གང་ཟག་ཕོ་མོའི་སྐལ་པར་བསྔགས་པ་འདི༔ འདོད་སྲེད་ཞགས་པས་དམ་བཅིང་གཡེལ་བ་མཁན༔ ཆོས་བརྒྱུད་རེ་རློམ་ཟོག་པོའི་རིགས་རྣམས་ལ༔ མ་བསྔགས་སྐུལ་མིན་དངོས་གྲུབ་ཆུ་བྲུབ་བརྡ༔ བསྒོམ་སྒྲུབ་སྐལ་ལྡན་པར་ངས་འདི་བསྟན༔ གསང་མིང་བཀའ་རྒྱ་སྲིད་རྒྱལ་མ་ཡིས་མཛོད༔ ལོག་སྤྱོད་ཟོག་པོའི་རིགས་ལ་རྒྱ་ཡིས་ཐོབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་དགོངས་གཏེར་ནམ་མཁའི་བརྡ་རིས་འདི།།རི་ཕུག་བྲག་དང་འདྲེས་པའི་དབེན་ཁྲོད་དུ།།སྔགས་འཆང་གླིང་པ་བདུད་འཇོམས་རྡོ་རྗེ་ངས།།པདྨའི་དཀོར་མཛོད་ཡངས་པའི་གཏེར་མཛོད་ནས།།མ་འགགས་འོད་གསལ་ཡིག་མེད་ཀློང་རྒྱ་ལས།།བཤུས་ཏེ་གྲགས་པ་རྡོ་རྗེས་བསྐུལ་བཞིན་གཉེར།།ཡི་གེ་རིས་བྱེད་སྦས་པའི་རྣལ་འབྱོར་པ།།ངག་དབང་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ།།དགེའོ།།།།