TTDL-ZABTER-15-BA-031
TTDL-ZABTER-15-BA-031
ཧཱུྃ༔ སྣང་སྲིད་འཁོར་བའི་ཆོས་སོ་ཅོག༔ སྤྲོས་བྲལ་སྟོང་ཉིད་ཆེན་པོར་ཨཱཿསྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་རྣམ་པར་འཇོམས་པའི་སྐུ༔ ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ༔ ཞི་མ་ཁྲོ་འཛུམ་གཟི་འོད་འབར༔ ཕྱག་གཡས་རྡོ་རྗེ་རྒྱ་གྲམ་བསྣམས༔ གཡོན་པར་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ འཇའ་འོད་མེ་དཔུང་ཀློང་དུ་གསལ༔ སྤྲུལ་པའི་ཁྲོ་བཅུ་སྒོ་སྐྱོང་བཞི༔ རྡོ་རྗེ་མེ་འབར་དཔག་མེད་པས༔ སྣང་སྲིད་ཁམས་རྣམས་ཡོངས་གང་སྟེ༔ གྲིབ་གདོན་ནད་འདྲེ་གནོད་བྱེད་རྣམས༔ ཐལ་བ་བུན་བུན་བསྲེགས་པར་བསྒོམ༔ ན་མོ་རཏྣ་ཏྲ་ཡ་ཡཱ་སོགས༔ དམིགས་པའི་གནད་དང་ལྡན་པས་བཟླ༔ བདུད་འཇོམས་པས་སོ།།དགེའོ།ལེགས་སོ།།།།