TTDL-ZABTER-18-TSHA-026
TTDL-ZABTER-18-TSHA-026
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །ཁྱོད་ངེས་པར་དམ་ཆོས་བསྒྲུབ་འདོད་ན། །ཕ་བླ་མར་མོས་གུས་འབྲལ་མེད་དང་། །མཆེད་ལྕམ་ལ་བརྩེ་གདུང་བརྟན་པ་དང་། །མ་འགྲོ་ལ་སྙིང་རྗེ་ཕན་སེམས་དང་། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེ་ཤེས་ནས་རྟག་འཛིན་གཅོད་པ་རྣམས། །ཆོས་གདམས་པའི་རྩ་བར་ཟུངས་དང་གནད། །སེམས་བརྡལ་ཁྱབ་སྤྲོས་བྲལ་གཞིའི་རིག་པ། །དེ་མངོན་གྱུར་ཆོས་སྐུའི་ཡོ་ལངས་ཡིན། །སྒོམ་སྟོང་ཉིད་ཉམས་ལེན་རྩ་བར་ཟུངས་། །དུས་གསུམ་དུ་ཐང་ལྷོད་མེད་པ་ཡིས། །རྒྱུད་ཆོས་དང་འདྲེས་པ་གནད་དུ་ཟུངས། །ཆོས་གདམས་པ་ཆུད་དུ་མི་ཟ་བར། །དོན་ཉམས་སུ་ལོངས་དང་བླ་མ་མཁྱེན། །དམ་སྡོམ་པ་ངོ་ལྐོག་མེད་པར་སྲུངས། །ལྷ་ཡི་དམ་དཔའ་བོ་མཁའ་འགྲོ་མཉེས། །ཆོས་སྙིང་པོའི་སྒྲུབ་ལ་དྲིལ་ནུས་ན། །རང་འཆི་ཁ་འགྱོད་མེད་མི་ཁྲེལ་གནད། །ལར་འཇིག་རྟེན་འཁོར་བའི་བྱ་བྱེད་ཆོས། །ཀུན་རྨི་ལམ་གནས་སྐབས་ལྟ་བུར་ལྟོས། །མི་ཁྱུ་ནས་བུད་དང་བྱ་བཏང་ཡིན། །གནད་འདི་དག་རྒྱུད་ལ་འདྲེས་གྱུར་ན། །ཆོས་ཀུན་གྱི་སྙིང་པོ་དེ་ལས་མེད། །དེ་སེམས་ལ་ཞོག་དང་སྙིང་གཏམ་ཡིན། །ཁྱོད་ཐར་ལམ་ཐོབ་པའི་རྟེན་འབྲེལ་ཡོད། །ཅེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷུན་གྲུབ་མཚོ་ལ་གདམས་པའོ། །དགེའོ། །། །