TTDL-ZABTER-18-TSHA-040

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-040

བསོད་ནམས་བཀྲ་ཤིས་ལ་གདམས་པའི་གླུ་དབྱངས་གསལ་བའི་མེ་ལོང་བཞུགས། །རྗེ་དུས་གསུམ་སངས་རྒྱས་འདུས་པའི་ཞལ། །མགོན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ངའི་བརྒྱུད་འཛིན་བུ་སློབ་རྗེས་སུ་ཟུངས། །སྔོན་སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི། །ཁྱོད་སྐལ་པ་བཟང་པོའི་བན་ཆུང་ཉོན། །ངས་གདམས་པའི་ཡང་སྙིང་སྟེར་བའི་ཡུལ། །གྲངས་མང་དུ་མཆིས་ཀྱང་ཁྱོད་འདྲ་དཀོན། །ངས་ཡང་བརྩེས་ཁ་ད་མང་བརྗོད་ཀྱང་། །དོན་དམ་ཚིག་ཐུབ་པ་ཁྱོད་འདྲ་དཀོན། །ངས་གཅེས་སྤྲས་ཕན་སེམས་ཡུལ་མང་ཡང་། །དྲིན་དྲན་པའི་སྐྱེས་བུ་ཁྱོད་འདྲ་དཀོན། །ཆོས་རྫོགས་ཆེན་ཟེར་བ་མང་ན་ཡང་། །དོན་ཉམས་སུ་ལེན་པ་ཁྱོད་འདྲ་དཀོན། །ཚུལ་མཛེས་ཆོས་བླ་མིང་གྲངས་མང་ཡང་། །དོན་མ་འཛོལ་བླ་མ་ཁྱོད་འདྲ་དཀོན། །ཕྱི་ཆོས་གཟུགས་བྱེད་པ་མང་ན་ཡང་། །ཟོལ་མེད་པའི་ཆོས་པ་ཁྱོད་འདྲ་དཀོན། །རྙེད་ཚོལ་ཕྱིར་ཆ་ལུགས་མཛེས་མང་ཡང་། །ཆོག་ཤེས་པའི་སྐལ་ལྡན་ཁྱོད་འདྲ་དཀོན། །ཁས་ཆོས་བཤད་སྨྲ་མི་གྲངས་མང་ཡང་། །ཚེ་མི་རྟག་དྲན་པ་ཁྱོད་འདྲ་དཀོན། །སྔོན་འདས་དུས་སྤྱོད་པ་དེ་ལེགས་ཀྱང་། །ཕྱིས་ཆེ་འདོད་གྲགས་འདོད་གཡོ་སྒྱུ་དང་། །སེམས་ང་རྒྱལ་ཁེངས་སེམས་མ་ཆེ་བར། །རྒྱུད་ཐུལ་ལ་སྤྱོད་པ་མ་འཆོལ་རེམ། །དུས་སྔར་བཞིན་ངེས་འབྱུང་སྐྱོ་ཤས་དང་། །དད་དམ་ཚིག་བརྩོན་འགྲུས་མ་ཞན་རེམ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེ་རྟག་འཛིན་བཙན་ཕྱུག་ལྡན་འདོད་སྤོང་། །ངས་སྔར་གྱི་ལབ་མོ་ཅི་བཞིན་དུ། །ད་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །དཔེ་རྒྱ་མཚོའི་ནང་གི་གཟའ་སྐར་བཞིན། །རང་རིག་པའི་དབྱིངས་སུ་འུབ་ཆུབ་པའི། །ཚུལ་མ་འཕྱུག་ལྟ་བའི་རྒྱལ་པོ་ལགས། །སེམས་བློ་ཡིད་བཅོས་བསྒྱུར་འཛིན་བྲལ་གྱི། །དབྱིངས་ཆོས་ཉིད་ངང་བཞག་བསྒོམ་པའི་མཆོག།ལྟ་སྤྱོད་པ་གཅིག་ཕྱོགས་གཅིག་ཤོར་གྱི། །ལམ་ལོག་པར་མ་འཆོལ་སྤྱོད་པ་ཡིན། །གཞི་ཆོས་ཉིད་མངོན་སུམ་མཐོང་བའི་མཐར། །ཉམས་གོང་འཕེལ་ཆེན་པོ་མ་འཕྱུག་པའི། །ཚུལ་ད་ལྟ་ཁྱོད་ལ་ཤར་བ་དེ། །དབྱིངས་ཐིག་ལེ་མངོན་དང་མི་མངོན་ལ། །འདི་ཡིན་མིན་བསམ་མནོ་མ་བཏང་ཞིག།བློ་ཐེ་ཚོམ་མ་བྱེད་སྐལ་ལྡན་བུ། །མི་གཞན་གྱི་ཁ་ཚོད་མ་བརྟག་ལས། །རང་ཉམས་ལེན་ཟོངས་ལ་བསྒྱུར་ཉེན་ཡོད། །དུས་དེང་སང་རྫོགས་ཆེན་སྐད་མང་ཡང་། །ཚུལ་ཇི་བཞིན་རྟོགས་པ་ཉིན་སྐར་ཙམ། །ཁྱོད་ཉམས་ལེན་ཞན་དུ་སོང་བ་མིན། །རང་ཆོས་ཉིད་བློ་འདས་གཤིས་ཐོག་ཏུ། །ཕེབས་གྱུར་ན་མྱོང་ཞེན་རྡུལ་ཙམ་མེད། །ཡིད་ཐེ་ཚོམ་ཆོད་ཅིག་རིགས་ཀྱི་བུ། །ངས་བསྟན་པའི་འོད་གསལ་གསང་ཆེན་ལམ། །ཁྱོད་ཉམས་སུ་ལེན་པར་མ་ཞན་ན། །ཚེ་འདི་རུ་འཇའ་ལུས་འཕོ་ཆེན་ཐོབ། །དོན་གྲུབ་ཐོབ་རྒྱལ་པོ་དེ་ལ་ཡོད། །ལར་དེང་སང་དུས་ཀྱི་བན་སྨྱོན་འགས།དུས་དང་པོ་འཁོར་བ་བློས་བཏང་སྐད། །ཡང་བར་དུ་གདམས་པ་ཉམས་ལེན་བྱེད། །མཐར་བདུད་ཀྱིས་བསླུས་ནས་བསྟན་བཅོས་རྩོམ། །ང་གཏེར་སྟོན་ཡིན་སྐད་སྒར་ཆེན་སྒྲུབ། །མཐར་སྡུག་རོག་བུད་མེད་གྲོགས་སུ་བརྟེན། །ལས་ལན་ཆགས་དྭ་ཕྲུག་མང་དུ་ཐོན། །དེའི་དུས་སུ་ལྟོ་རྒྱབ་མི་འོང་ནས། །སོས་དལ་དུས་མེད་པར་གྲོང་ཡུལ་དུ། །ཁྱི་བཞིན་དུ་ཉུལ་ལ་ལྟད་མོ་ལྟོས། །ཟས་གསོན་གཤིན་ལག་སྦྲེལ་དོམ་མང་བླངས། །འཆིའི་ནང་པར་འགྱོད་ཆེན་སྙིང་ལ་གཟེར། །བྲང་ལག་པས་བྲད་ཅིང་འཕྲ་ཤད་བྱེད། །ཁོང་གྲུབ་ཆེན་ཤི་བའི་རོ་ལ་ལྟོས། །ཡང་ཅིག་ན་སྙིང་རུས་ཞེ་སྡང་གི། །ཤུར་བློ་ལ་བཏག་ནས་རོ་ཚུག་བཟུང་། །དྲི་ཟ་བའི་རིགས་སུ་གྱུར་པ་ན། །དེས་བསྟན་པའི་བླ་བཙོང་རྐང་ཡང་འདྲེན། །ལས་དེ་འདྲ་མ་འཆོལ་རིགས་ཀྱི་བུ། །ངས་ཤིན་ཏུ་བརྩེ་བའི་སྙིང་གཏམ་ཡིན། །དོན་བློ་ལ་འཆོང་དང་གདམས་ངག་ཡིན། །ཕ་གྲུབ་ཆེན་བརྒྱ་དང་མཇལ་ན་ཡང་། །གནད་ཟབ་པ་འདི་ལས་ལྷག་པ་མེད། །དེ་སྙིང་ལ་འཆོངས་ཤིག་ཕ་ཡི་བུ། །ཞེས་པ་འདི་སློབ་བུའི་མཆོག་གྱུར་དེ་ལ་གདམས་པའོ། །། །