TTDL-ZABTER-18-TSHA-062

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-062

ཨེ་མ་ཧོ།གདོད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྷ། །ཡུལ་དང་གཞན་དབང་གནས་སུ་མ་གྱུར་པའི། །སྒྱུ་འཕྲུལ་འཁོར་ལོའི་དབང་ཕྱུག་པདྨར་སྐྱེས། །འདུ་འབྲལ་མེད་པར་ཆོས་ཉིད་ཀློང་དུ་རོལ། །སྣང་སྲིད་འཁོར་འདས་རང་རྒྱུད་གོལ་ཞེན་གྱིས། །དབང་གྱུར་རྟོགས་ལྡན་རློམ་པའི་སྙིང་ཁམས་ཅན། །རྨོངས་པའི་ཐ་ཤལ་བླུན་པོའི་ཕུག་ཐུག་བདག།བླ་མར་མཐོང་ནས་ཞལ་གདམས་རེ་བ་ཁྱོད། །ཟངས་ལྕགས་བཏུལ་སར་ཀུ་ཀུས་རེ་ལྟོས་འདྲ། །སྨྲས་ཀྱང་མི་ཕན་ཅིས་ཀྱང་ཐབས་མེད་ན། །རྒན་པོས་ཐང་ཚད་འདོམས་པའི་སྙིང་གཏམ་སྨྲ། །ཁྱིམ་ཆུང་གནས་ནས་མི་དྲན་དགུ་དྲན་ཏེ། །བྱ་བ་བཏང་ནས་ཡུལ་ནས་ཡུལ་དུ་ཕྱིན། །ཁྱིམ་ཆེན་ཕུགས་སུ་མགོ་འཁོར་མང་སྲིད་པས། །དེ་འདྲ་མ་བྱེད་ཐོག་མཐའ་མཉམ་པ་གལ། །སྡོད་སར་མི་ཚུགས་ཁྱི་བཞིན་ཉུག་ཉུག་ཉུལ། །འགྲོ་དུས་མི་ལྕོག་ཏིག་ཏིག་སྡོད་པ་མང་། །འདི་ཡང་བདུད་ཀྱི་འབངས་སུ་གྱུར་བའི་ལྟས། །ཚེ་འདིར་མཁོ་བའི་སོ་ནམ་ལ་ཡང་བྲོས། །ཕྱི་མར་མཁོ་བའི་བསྙེན་སྒྲུབ་ལ་ཡང་སུན། །ནམ་འཆི་ཆ་མེད་ཙམ་ཡང་མི་དྲན་པའི། །འདི་ཕྱི་གཉིས་ཀའི་སྐལ་ཆད་དྲེད་པོ་ལ། །བསམ་མནོ་ཞིབ་ཏུ་ཐོང་ལ་དོན་གཉེར་གལ། །གྲོང་ཡུལ་སྡོད་ཚེ་དབེན་པར་སྡོད་སྙིང་འདོད། །རྩེ་གཅིག་སྡོད་ཚེ་འགྲོ་སྙིང་འདོད་ནས་རྩིང་། །དེ་ལྟར་རྣམ་རྟོག་རྗེས་སུ་འབྲང་བ་ཡི། །ཆོས་འདོད་སྐྱེས་བུ་ཅོལ་ཆུང་སྡུག་རེ་བསྔལ། །མཁས་པར་རློམ་ཡང་རང་རྒྱུད་མི་ཐུལ་དང་། །རྟོག་ལྡན་རློམ་ཡང་བདེན་ཞེན་དམ་པྲིང་ངེ་། །འདི་གཉིས་ང་རྒྱལ་རང་ཕུང་གཞི་མ་ཡིན། །སེམས་ཀྱི་རྣམ་རྟོག་བཟང་ངན་སྣ་ཚོགས་ཀུན། །སྨྱོན་པའི་ཁ་བཞིན་ཆལ་ཆོལ་སྨྲ་བ་དང་། །མཆོག་དམན་བཟང་ངན་བསྟོད་སྨད་སྨྲ་བ་སྔ། །འདིས་ནི་རང་མཚང་སྟོན་དང་མི་བདེའི་གཞི། །སེམས་ཀྱི་རྣམ་རྟོག་ཆུ་རྒྱུན་དྲག་འབབས་བཞིན། །སུས་ཀྱང་དེ་དོན་འགྲུབ་པ་དཀའ་ལས་མོད། །མཁོ་མཁོ་དགོས་དགོས་གསོག་འཇོག་མང་མ་དྲག།འདིར་སྣང་མཐོང་ཚོར་སྐད་ཅིག་སྣང་ཉམས་ཡིན། །བསྟོད་སྨད་ཕྱོགས་ལ་དགའ་སྡུག་འཛིན་ཞེན་སྤོངས། །བདེ་སྡུག་རེས་མོས་ཆུ་ཡི་གཉེར་མ་འདྲ། །མཐའ་གཅིག་ངེས་པ་མེད་པའི་ཚུལ་ལ་ལྟོས། །མཐོ་ཧར་དམའ་འབབ་མ་བྱེད་ཚད་དུ་སྡོད། །མིག་སྐྱོན་ཅན་གྱིས་ཕྱིན་ཅི་ལོག་མཐོང་བཞིན། །རང་སྐྱོན་ཆེ་ལྟས་གྲོགས་ཀུན་སྐྱོན་ཅན་མཐོང་། །རང་ལ་ལྟད་མོ་ལྟོས་ཤིག་སྙིང་གི་བུ། །དུས་ངན་ཐ་མའི་མི་ལ་འགྲོགས་བདེ་མེད། །རང་ཉིད་གཅིག་པུར་སྡོད་དང་སྙིང་གཏམ་ཡིན། །ཅ་ཅོ་བདེན་བདེན་འདྲ་བའི་བསླུ་ཚིག་མང་། །རང་ཚོད་རང་གིས་ཟུངས་དང་ཕོ་རབ་ཡིན། །ནམ་ཕུག་ཐུབ་པའི་མི་ཞིག་མེད་ངེས་ན། །འདུས་བྱས་མི་རྟག་པ་ཡི་ཚུལ་ལ་ལྟོས། །འདི་སྣང་བྱ་སྤྱོད་ཟིན་དུས་ཚད་བཟུང་གང་། །དོན་མེད་ལས་ཀ་འདི་ལ་སུན་པར་གྱིས། །ལོང་བ་བཞིན་དུ་རབ་རིབ་ལྟད་མོ་སྤོངས། །ལྐུག་པ་བཞིན་དུ་ཅ་ཅོའི་ལབ་མོ་སྤོངས། །འོན་པ་བཞིན་དུ་བཟང་ངན་སྒྲར་ཞེན་ཆོད། །ཞ་བོ་བཞིན་དུ་སྡོད་སར་ཚུགས་བརྟན་མཛོད། །མཛེ་ཕོ་བཞིན་དུ་དམན་ས་ཟུངས་དང་བརྟན། །འདི་དག་ཕྱི་ཡི་སྒོ་གསུམ་བཅོས་པའི་ཆོས། །བླ་མར་མོས་གུས་གསོལ་འདེབས་འབྲལ་མེད་བསྒོམ། །དམ་ཚིག་གཉན་པོ་དཔྲལ་བའི་མིག་ལྟར་སྲུངས། །མཆེད་ལྕམ་རྣམས་ལ་བརྩེ་གདུང་དྲག་པོ་དང་། །འགྲོ་བ་ཀུན་ལ་སྙོམས་པའི་བྱང་སེམས་བསྒོམ། །འདུས་བྱས་མི་རྟག་པ་ཡི་ཚུལ་མ་བརྗེད། །རང་ལ་དཔེ་ལོང་གཞན་ལ་ཡུས་མ་ཆེ། །རང་གིས་མི་འདོད་པ་ཡི་བྱ་བྱེད་རིགས། །གཞན་དག་ལ་ཡང་དེ་ལྟར་མཐུན་མིན་ཏེ། །ཐམས་ཅད་རང་ལ་དཔེ་བཙུགས་གདམས་ངག་གནད། །ཆོས་དང་འཇིག་རྟེན་ཀུན་གྱི་གནད་གཅིག་ཡིན། །ཀིའི་ཀིའི།སངས་རྒྱས་བཟང་པོས་མ་བྱས། །སེམས་ཅན་ངན་པས་མ་བསླད། །ད་ལྟའི་རིག་སྟོང་ཁྱབ་བརྡལ། །རང་བབ་ཅོག་བཞག་འདི་ཀོ། །འཁོར་འདས་འུབ་ཆུབ་རོལ་པར། །གཉིས་མེད་རྫོགས་པ་དེ་ཀ། །སེམས་ཅན་འཁྲུལ་བའི་སྣང་ཆར། །ཉིན་སྣང་མཚན་སྣང་འདི་ཕྱི། །ཡུལ་དང་ཡུལ་ཅན་བདེན་འཛིན། །དོན་ལ་གནས་འགྱུར་ཙམ་ལས། །སྔ་བོར་ཕྱིར་ཕྱིན་མེད་ངེས། །གཞི་ཀློང་སྣང་ཆའི་སྒྱུ་འཕྲུལ། །གཉིས་འཛིན་བརྟས་པས་བསླུ་ཐལ། །ཧིའི་ཧིའི།རྒྱུ་འབྲས་ངེས་དོན་ཨེ་ཡིན། །ཀུན་ཏུ་བཟང་པོ་ཆོས་ཅན། །སྐྱེས་འཆི་ངེས་པ་ཨེ་ཡིན། །འགྲོ་སའི་ས་ཕྱོགས་གང་ལགས། །ངན་སོང་རང་རྒྱུད་ཨེ་ཡོད། །དམྱལ་བའི་སྣོད་བཅུད་ག་རེ། །སངས་རྒྱས་གནས་ཡུལ་ཨེ་བདེན། །སྣོད་བཅུད་ངོ་མ་ཨེ་རེད། །སྟོན་འཁོར་ཐ་དད་ངེས་སེམས། །མི་ཡི་གཟུགས་མཚན་ཅན་ནམ། །ཧེ་ཧེ།ཨ་ཅང་སེམས་ལ་བལྟས་ན། །རང་ལས་གང་གིས་བཅོས་མེད། །གཞི་རྩ་རྒྱུ་རྐྱེན་བརྟག་ན། །འཁོར་འདས་རང་ལས་མི་གཞན། །ཚུལ་དང་ཆོ་ག་བརྟག་ན། །འདི་ཕྱི་སྣང་བའི་རང་ཀློང་། །གནས་འགྱུར་ཙམ་ལས་མ་མཐོང་། །སངས་རྒྱས་རང་ཚུལ་ཤེས་ན། །གནས་ལུགས་རང་གཞིའི་ཞལ་རས། །འགྲོ་ཡུལ་འགྲོ་མཁན་གཉིས་ཀའི། །རྫུན་ཕུག་གཏིང་ནས་རྡིབ་ཐལ། །ཕྱི་མིན་ནང་དུ་མ་ཡིན། །འཁོར་འདས་རྫོགས་པ་ཆེན་པོའི། །ཞལ་རས་མཐོང་ན་དེར་ཞོག།ཆོས་གཞན་གྲོལ་རྒྱུ་ལས་མེད། །སངས་རྒྱས་ངོ་མ་ལོས་ཡིན། །ཀུན་ཏུ་བཟང་པོའི་རང་གཞི། །གདམས་ངག་གཞན་ནས་མི་ཡོང་། །ཁྱབ་བརྡལ་ངང་ལ་ཆམ་ཞོག།ཅེས་པ་འདི་ཀུན་དགའི་ངོར་དྲེད་རྒན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨྲས་པའོ། །། །