TTDL-ZABTER-18-TSHA-069
TTDL-ZABTER-18-TSHA-069
ཐུགས་མཆོག་ལ་གདམས་པའི་གླུ་དབྱངས་དཔེ་ཡི་མེ་ལོང་བཞུགས་སོ། །དུས་གསུམ་སངས་རྒྱས་འདུས་པའི་དཔལ། །ཨོ་རྒྱན་ཆེན་པོས་རྗེས་སུ་ཟུངས། །བསྐལ་པ་བཟང་པོའི་བན་ཆུང་ཁྱོད། །རྒྱལ་ཁམས་ཡོངས་ལ་ལྟད་མོ་ལྟོས། །གཞན་སྐྱོན་འཆར་བའི་མེ་ལོང་ལ། །བལྟས་པས་ལྟད་མོ་མིག་ལ་མངོན། །མཐོང་བའི་རྐྱེན་ལ་སྐྱུག་རེ་བྲོ། །རང་རྒྱུད་དེ་ལྟར་མི་འཆོལ་གལ། །ཐོབ་ཀྱིས་འཕྲོག་པའི་བླ་གཟུགས་འགས། །གཤིན་པོའི་རོ་དོམ་ཡང་ཡང་ལེན། །ཟླ་གཅིག་མཚམས་སྒྲུབ་བྱེད་ཁོམ་མེད། །རྣམ་སྨིན་རང་གི་ཕྲག་ལ་བཀལ། །འབད་རྩོལ་བྱས་ལ་སུས་དྲིན་དྲན། །དེ་ཚོའི་ལད་མོ་མ་བྱེད་རེམ། །བཟའ་མིའི་ཁ་དཔོན་བླ་ཆུང་འགས། །དལ་མེད་གྲོང་ཡུལ་ཀུན་ཏུ་རྒྱུ། །གཞན་ལ་དབང་བསྐུར་གླ་རྔན་བླངས། །རང་འདོད་བྱ་ཁྱི་ལས་ཀྱང་ཆེ། །ཐ་མ་གཅིག་པུར་ངན་འགྲོར་འཁྱམས། །དེ་འདྲའི་ལད་མོ་མ་བྱེད་རེམ། །བྲེལ་ཚུལ་ཆེ་བའི་གཏོ་པ་འགས། །བསྐྱེད་དང་དམིགས་གསལ་མི་ཤེས་ཀྱང་། །རྔ་རོལ་ཚིག་གྱེར་མཛེས་ཆོས་གཟབ། །རློམ་སེམས་གཡོ་སྒྱུས་རྒྱུད་གང་ནས། །མི་ཚེ་སྟོང་ཟད་འདྲེ་རུ་ཟ། །དེ་འདྲའི་ལད་མོ་མ་བྱེད་རེམ། །ཕོ་ཚོད་ཆེ་བའི་གཅོད་པ་འགས། །ལྷ་འདྲེ་རང་རྒྱུད་པ་རུ་བཟུང་། །གྲོང་ཡུལ་ཀུན་ཏུ་བར་མེད་རྒྱུ། །ཟས་ནོར་ཆོག་ཤེས་མེད་པར་འཚོལ། །ཐ་མ་བག་ཆགས་འདྲེ་རུ་འཁྲུལ། །དེ་འདྲའི་ལད་མོ་མ་བྱེད་རེམ། །སྙིང་ཁམས་མཐོ་བའི་དཔོན་བླ་འགས། །ལྷ་གྲལ་འགྲིམ་ནས་མཐོ་སར་རློམ། །མི་གྲལ་འགྲིམ་ནས་གྱོད་ཁ་རྩོད། །མཐོ་ལ་ཕྲག་དོག་དམའ་ལ་སྡང་། །སྦྲུལ་གདུག་སེམས་འཆང་དམྱལ་བར་འགྲོ། །དེ་འདྲའི་ལད་མོ་མ་བྱེད་རེམ། །ལས་མཐའ་ལོག་པའི་བན་དྲེད་འགས། །གོས་དམར་གྱོན་ནས་དཀོར་ལ་རྒྱུ། །མི་ནག་ཆས་འཛིན་ཚོང་དུས་འགྲིམ། །རང་སྡུག་རང་གིས་ཉོས་ནས་མཐར། །འདི་ཕྱི་གཉིས་ཕུང་རྙེད་ལ་ལྟོས། །དེ་འདྲའི་ལད་མོ་མ་བྱེད་རེམ། །བློ་ཉེས་བྱེད་པའི་བྱ་བྲལ་འགས། །ཁྱིམ་ཆུང་སྤང་ནས་ཁྱིམ་ཆེན་བཟུང་། །ཚེ་གཅིག་རྙེད་ཚོལ་དག་ལ་ཟད། །ཐ་མ་འཁོར་བའི་གཏིང་རྡོར་གྱུར། །ཕ་ཡུལ་སྤང་བ་དོན་མེད་མངོན། །དེ་འདྲའི་ལད་མོ་མ་བྱེད་རེམ། །གཞན་མགོ་བསྐོར་བའི་གཏེར་བརྫུ་འགས། །མོ་གྲོགས་བཀུག་ནས་སྟོབས་རྒྱ་བསྐྱེད། །བསྟན་དང་འགྲོ་བའི་དོན་གཉེར་མེད། །སྒྲུབ་ལ་མི་བརྩོན་རང་མགོ་འཁོར། །ཚེ་གཅིག་ཟས་ནོར་འཚོལ་ལ་ཟད། །དེ་འདྲའི་ལད་མོ་མ་བྱེད་རེམ། །འདི་ཕྱིའི་སྐལ་ཆད་བན་སྨྱོན་འགས། །སྐྱེས་ནས་ཤི་ལ་མ་ཐུག་བར། །ཚོགས་གྲལ་འགྲིམ་ནས་དཀོར་ཟས་སྤྱོད། །རང་ཁྱིམ་བཟུང་ནས་ཕྱུག་ལུག་སྐྱོང་། །མི་ཚེ་སྟོང་ཟད་ཕ་རོལ་འཁྱམས། །དེ་འདྲའི་ལད་མོ་མ་བྱེད་རེམ། །གྲུབ་ཐོབ་སྐད་པའི་གྲུབ་བརྫུ་འགས། །མིག་གཅེར་ལྷ་འདྲེ་འདི་ན་ཟེར། །ལམ་ཁར་འཁྱམས་པའི་ཁྱི་ལྟོག་བཞིན། །ཟས་ནོར་དག་ལ་འདོད་སྲེད་རྔམས། །ཐ་མ་བདུད་དང་རཱུ་དྲཱར་འཁྲུལ། །དེ་འདྲའི་ལད་མོ་མ་བྱེད་རེམ། །དེ་ལྟར་ཀླད་མེད་མགོ་སྟོང་ཚོའི། །རྗེས་སུ་མ་འབྲང་སྐལ་ལྡན་བུ། །དཀའ་བ་དང་དུ་བླངས་ནས་སུ། །གཏན་གྱི་བདེ་བ་དག་ལ་འབུང་། །ངལ་བ་ཁྱད་དུ་བསད་བྱས་ནས། །མཐའ་མེད་འཁོར་བ་སྤང་བར་མཛོད། །རྣམ་གཡེང་ལེ་ལོ་སྤང་བྱས་ནས། །མི་རྟག་འཆི་བ་མ་བརྗེད་བསྒོམ། །མི་ཡི་གྲལ་འཛིན་སྤང་བྱས་ནས། །ལྷ་གྲལ་ངེས་པར་སླེབ་མཛོད་ཅིག།སྐྱ་མིན་སེར་མིན་བསམ་སྤྱོད་སྤོངས། །ཟོལ་མེད་བཙུན་པ་ཞིག་ལ་རེམ། །ན་དགའ་ཤི་སྐྱིད་ཞིག་བྱུང་ན། །སུ་མ་མགུ་ཡང་ཕོ་རབ་ཡིན། །རང་མགོ་ཐོན་པ་ཞིག་བྱུང་ན། །གཞན་གྱིས་བརྙས་ཀྱང་ཁྱུ་མཆོག་ཡིན། །ཁྱོད་ཀྱི་ད་སྔོན་བསམ་སྤྱོད་བཞིན། །ཐོག་མཐའ་མཉམ་པ་ཞིག་བྱུང་ན། །མི་ཁྲེལ་གསུམ་གྱི་ངང་དུ་གྱུར། །ཚེ་འདིར་སངས་རྒྱས་ལ་ཐང་མེད། །རྫོགས་པ་ཆེན་པོ་གཞི་མངོན་གྱུར། །མྱུར་ལམ་ཐོད་རྒལ་གནད་བསྣུན་ན། །འབྲས་བུ་འཇའ་ལུས་འཕོ་ཆེན་དུ། །ཚེ་འདིར་གྲོལ་བར་གདོན་མི་ཟ། །མར་མེ་མཛད་ཀྱི་ཞལ་ཆེམས་ཡིན། །ཤཱཀྱ་ཐུབ་པའི་ཞལ་གདམས་ཡིན། །བྱམས་པ་མགོན་པོའི་ལུང་བསྟན་ཡིན། །གཅེས་པའི་བུ་ལ་གཏད་དོ་རྒྱ། །བདུད་འཇོམས་རྡོ་རྗེའི་སྨྱོ་གླུ་ཡིན། །མ་བརྗེད་སྲོག་གི་གཏའ་རུ་ཟུངས། །ཅེས་བདུད་འཇོམས་པས་སོ། །དགེའོ། །སརྦ་མངྒ་ལཾ། །། །