TTDL-ZABTER-18-TSHA-102

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-102

བུ་ཁྱོད་རི་ཁྲོད་ཐུབ་པ་ངོ་མཚར་རོ། །ཨོ་རྒྱན་རྗེ་ལ་གསོལ་བ་རྩེ་གཅིག་ཐོབ། །བླ་མ་རྣམས་ལ་མོས་གུས་བསྙེན་མཆོད་མཛོད། །དུས་ཀུན་དམ་པའི་སྨོན་ལམ་སུམ་ཅུ་པ། །ལན་གསུམ་ཆག་མེད་འདོན་པ་གནད་དུ་བཟུང་། །རྨི་ལམ་སྣང་བ་སྣོད་བཅུད་འདོད་ཡོན་ཀུན། །རང་གི་གཞི་ལས་མི་གཞན་གཞི་ནམ་མཁའ། །དེ་བཞིན་ཉིན་སྣང་སྣོད་བཅུད་འདོད་ཡོན་ཆོས། །གཞི་དབྱིངས་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ཡིན། །ནམ་མཁའ་རྣམ་པར་དག་པ་མངོན་གྱུར་ན། །རྫོགས་ཆེན་བྱ་བ་གཞན་ན་ཡོད་མ་ཡིན། །སྙིང་པོའི་བསྒྲུབ་པ་ལྷུར་ལེན་བྱེད་ནུས་ན། །རྣལ་འབྱོར་བྱ་བ་གཞན་ན་ཡོད་མ་ཡིན། །ཐོག་མཐའ་བར་གསུམ་མཉམ་པའི་བྱ་བཏང་གི། །འཆི་དུས་བློ་ལྷག་མེད་པ་ཞིག་ལ་རེམ། །མི་རྒན་བདག་གིས་བུ་ལ་སྙིང་གཏམ་འདོམས། །མ་བརྗེད་སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཞེས་བདུད་འཇོམས་པས་སློབ་བུ་དཔལ་བཟང་ལ་གདམས་པའོ། །དགེའོ། །དགེའོ། །དགེའོ། །། །