TTDL-ZABTER-16-MA-015

From Dudjom Wiki
Revision as of 09:40, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-16-MA-015
Wylie title TTDL-ZABTER-16-MA-015.pdf
Location bdud 'joms gling pa zab gter
Volume 16, Text 15, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༥༡རྣམ་དག་སྨོན་ལམ་ཐར་བའི་ཤིང་རྟ་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔ་རུ༔ དད་མོས་དྲག་པོས་སྨོན་ལམ་འདི་བརྗོད་བྱ༔ ན་མོ༔ ཕྱོགས་བཅུ་དུས་གསུམ་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པས་བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་སྒོ་ནས་བདག་གི་སྨོན་ལམ་འགྲུབ་པའི་དཔང་པོ་རུ་དགོངས་སུ་གསོལ༔ མི་བདག་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྒོ་གསུམ་མ་རིག་པའི་དབང་དུ་གྱུར་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་སྐད་ཅིག་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག༔ དུས་ད་ནས་བཟུང་སྟེ་ཇི་སྲིད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་བདག་གི་བྱ་བ་དང་བྱེད་པ་ཐམས་ཅད་ཡང་དག་དམ་པའི་ཆོས་སུ་འགྱུར་བར་ཤོག་ཅིག༔ དུས་དང་རྣམ་པ་ཀུན་ཏུ་བདག་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྱུར་བར་ཤོག་ཅིག༔ དཔལ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ལ་སོགས་པའི་རིག་འཛིན་བརྒྱུད་པ་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རིན་པོ་ཆེ་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་འཕོ་བར་གྱུར་ཅིགཐིམ་པར་གྱུར་ཅིགཡོངས་སུ་རྫོགས་པར་གྱུར་ཅིགབདག་གི་སྒོ་གསུམ་རྡོ་རྗེ་གསུམ་གྱི་གསང་ཆེན་དུ་སྨིན་ཅིང་གྲོལ་བར་གྱུར་ཅིག༔ ངེས་འབྱུང་སྐྱོ་ཤས་དྲག་པོས་རྒྱུད་རྟག་ཏུ་བརླན་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་ངེས་མེད་ཀྱི་རི་ཁྲོད་དུ་འཇིགས་མེད་གཏན་དུ་བདེ་བའི་བཙན་ས་ཟིན་པར་གྱུར་ཅིག༔ དེར་ཕྱི་ནང་གསང་བའི་བར་ཆད་ཡུལ་རྐྱེན་ངན་པ་ཐམས་ཅད་ནམ་ཡང་མི་འབྱུང་བར་ཤོག་ཅིག༔ མཐུན་རྐྱེན་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག༔ བསྙེན་སྒྲུབ་ཀྱི་ལྷ་དང་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་འགྲུབ་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག་ཅིག༔ བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོའི་ཤུགས་དང་ལྡན་ནས་རྩེ་གཅིག་ཏུ་སྐྱོ་ངལ་མེད་པར་སྒོམ་སྒྲུབ་ཟབ་མོ་ལྷུར་ལེན་པའི་དབང་དང་སྐལ་པ་ཐོབ་པར་གྱུར་ཅིག༔ ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་མཐར་ཕྱིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཞིག་སྟེ་གཞི་དབྱིངས་ཀློང་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པར་སད་ནས་སངས་རྒྱས་པར་གྱུར་ཅིག༔ ཚེ་གཅིག་ལུས་གཅིག་འདི་ཉིད་དུ་དོན་གཉིས་ལྷུན་གྲུབ་ཀྱི་ས་རུ་གྲོལ་བ་ཐོབ་ནས་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ གལ་ཏེ་ཚེ་འདི་རུ་མ་གྲོལ་ཞིང་སྐྱེ་བ་གཞན་དུ་བརྒྱུད་ནའང་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་རིགས་དང་རུས་མཆོག་ཏུ་གྱུར་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་ཤོག་ཅིག༔ སྐྱེས་མ་ཐག་ཏུ་རྒྱུ་རྐྱེན་གང་ལའང་མི་ལྟོས་པར་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཚིག་དང་དོན་ཐམས་ཅད་ཁོང་དུ་ཆུད་ནས་གཞན་དོན་རླབས་པོ་ཆེ་འབྱུང་བར་ཤོག་ཅིག༔ ལམ་མ་ནོར་ཡང་དག་གི་དོན་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པས་རྗེས་སུ་བཟུང་སྟེ་འོད་གསལ་རྫོགས་པ་ཆེན་པོའི་ས་ལ་སྦྱོར་བར་ཤོག་ཅིག༔ བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མ་ཐོབ་ཀྱི་བར་དུ་དམ་སྲི་གདོན་བགེགས་རྒྱལ་བསེན་ལྟ་ལོག་ནག་ཕྱོགས་ཀླ་ཀློ་བདུད་སྡེ་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་གཅོད་དང་གཉའ་ནོན་དུ་འགྱུར་བར་ཤོག་ཅིག༔ དེ་དག་ཐམས་ཅད་ཚར་གཅོད་ཅིང་རྡུལ་དུ་བརླག་པར་བྱེད་པའི་དྲག་ཤུལ་སྟོབས་དབང་ནུས་པ་ཐམས་ཅད་དང་བདག་ལྡན་པར་ཤོག་ཅིག༔ བདག་གི་ཚེ་རབས་སྐྱེ་བ་ཀུན་ཏུ་སྐྱེ་འགྲོ་ཐམས་ཅད་ཀྱི་བློ་ཡིད་ཁ་ལོ་བསྒྱུར་ཏེ་ལས་ངན་པའི་ལམ་ལས་བཟློག་ཅིང་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་གཟུད་པར་ཤོག་ཅིག༔ མཐར་ཐུག་སྟོན་འཁོར་ཐམས་ཅད་ཀ་དག་གཞོན་ནུ་བུམ་སྐུའི་ཀློང་ཆེན་པོར་གཉིས་སུ་མེད་པར་སངས་རྒྱས་པར་ཤོག་ཅིག༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་བདེན་གཉིས་ཟབ་མོའི་བདེན་པའི་མཐུ་བྱིན་གྱིས༔ སྨོན་ལམ་བཏབ་པ་དེ་དག་མ་ལུས་ཤིང་ལུས་པ་མེད་པར་སྐད་ཅིག་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག༔ ཅེས་ལན་བདུན་བརྗོད༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་གྲི་ཡ་ཨ་ཝ་བྷོ་དྷ་ནི་སྭཱ་ཧཱ༔ ལན་བདུན༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་འགྲུབ་གྱུར་ཅིག༔ ལན་བདུན་བརྗོད༔ འདི་བརྗོད་མ་རྫོགས་བར་དུ་ནི༔ མི་ཚིག་གཞན་གྱིས་བར་མི་ཆོད༔ དེ་ལྟར་རྒྱུན་དུ་ཉམས་ལེན་པའི༔ སྐལ་ལྡན་གྲོལ་འགྱུར་ཐེ་ཚོམ་མེད༔ ཅེས་པ་འདི་ནི་མ་ནུས་རྨོངས་བླུན་བདུད་འཇོམས་རྡོ་རྗེས་རང་ལོ་བཅུ་དྲུག་གི་དུས་སུ་དཔལ་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ནས་སྨོན་ལམ་འདི་གཅེས་ནོར་དུ་གནང་བ་བདག་གིས་ཆགས་མེད་དུ་ཁ་ཏོན་བྱས་ཏེ་སུ་ལའང་མ་བསྟན་པར་མི་ལོ་ཉེར་དྲུག་ཏུ་བཀའ་རྒྱས་བཏབ་ནས་མཐར་ཇོ་མོ་བྱང་ཆུབ་ཆོས་ཀྱི་སྒྲོན་མ་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཡི་གེར་བྲིས་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།