TTDL-ZABTER-02-KHA-010

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-02-KHA-010
Wylie title TTDL-ZABTER-02-KHA-010.pdf
Location bdud 'joms gling pa zab gter
Volume 2, Text 10, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༢༠༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་བསྐང་བ་ན་རག་དོང་སྤྲུགས་བཞུགས་སོ༔ ༠༠༠བརྡ་ཡིག༢༠༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༢༠༨ཟབ་གསང་སྒྲུབ་པའི་རྣལ་འབྱོར་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བསྒྲིབ༔ བསྐང་ཞིང་བཤགས་པའི་ཐབས་ཟབ་མོ༔ ཉམས་སུ་ལེན་པའི་ཐབས་འདི་སྟེ༔ ཤ་ཆང་ལ་སོགས་བཟའ་བཏུང་རིགས༔ གཞན་ཡང་འདོད་ཡོན་བྱེ་བྲག་ཀུན༔ འབྱོར་ཚོགས་ཐམས་ཅད་ལེགས་པར་བཀོད༔ དེ་ནས་བསྐང་བཤགས་བྱ་བ་ལ༔ རང་ཅག་གི་མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པར་བཅས་པའི་བརྒྱུད་པ་དགུ་ལྡན་གྱི་བླ་མ་དམ་པ་ཐམས་ཅད་འདུས་པའི་ངོ་བོ་ཡི་དམ་འཇམ་དཔལ་རིགས་ལྔ་ལ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པས་བསྐོར་ནས་རང་ཅག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་བ་ཆེན་པའི་སྒོ་ནས་བཞུགས་པའི་མདུན་དུ་རང་གི་ལུས་དང་ལོངས་སྤྱོད་བསོད་ནམས་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་ཉམས་ཆག་བསྐང་བའི་ཡོན་དུ་འབུལ་བ་དང༔ ལུས་ངག་ཡིད་གསུམ་བློ་སྙིང་བྲང་གསུམ་ཐམས་ཅད་ལིང་གིས་བཀལ་ཏེ༔ སྔར་བྱས་ཀྱི་རང་བཞིན་དང་བཅས་པའི་སྡིག་པ་ལ་གནོང་འགྱོད་དྲག་པོ་བགྱིས་པ་དང་༔ སྡིག་སྒྲིབ་ཉམས་ཆག་ཐམས་ཅད་མི་འཆབ་མི་སྦེད་པའི་སྒོ་ནས་མཐོལ་བཤགས་བྱ་བ་དང་༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་པར་བགྱིད་དོ་བསམ་པ་དང་༔ ཁམས་གསུམ་སྣོད་བཅུད་བརྟན་གཡོ་ཐམས་ཅད་སྟོང་པ་ཉིད་ཀྱི་རོལ་པ་རུ་ཞིག་པར་བསམ༔ སྟོང་པའི་ངང་ལས་ནམ་མཁར་འཇའ་ཚོན་སྣང་བ་བཞིན་དུ་མཆོད་རྫས་རྣམ་པ་སྣ་ཚོགས༔ བརྟེན་རྫས་རྣམ་པ་སྣ་ཚོགས༔ བསྒྲུབ་རྫས་རྣམ་པ་སྣ་ཚོགས༔ མཐུན་རྫས་རྣམ་པ་སྣ་ཚོགས༔ བསྐང་རྫས་རྣམ་པ་སྣ་ཚོགས༔ བཟའ་བ་དང་༔ བཅའ་བ་དང་༔ བཏུང་བ་དང་༔ ལྡག་པ་དང་༔ གཞིབ་པ་དང་༔ སྤྱན་ལ་གཟུགས་མཛེས་པ་སྣ་ཚོགས༔ སྙན་ལ་སྒྲ༔ ཤངས་ལ་དྲི༔ ལྗགས་ལ་རོ༔ སྐུ་ལ་རེག་བྱ་ལ་སོགས་པའི་འདོད་ཡོན་མི་ཟད་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་མདོར་ན་འཁོར་འདས་གཉིས་ཀྱི་རིགས་སུ་གཏོགས་པ༔ སངས་རྒྱས་བྱང་སེམས་ལྷ་དང་སྲུང་མ་རྒྱ་མཚོ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་ཡིད་ལ་གང་ཤར་བ་ཐམས་ཅད་སྐད་ཅིག་གིས་སྣང་བར་བྱེད་པའི་བདག་ཉིད་ཅན་ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་ཡོངས་སུ་གང་ཞིང་ཁྱབ་པར་བསྒོམ་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས༔ ཧཱུྃ་ཧྲཱི༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ནས༔ རྩ་བ་བརྒྱུད་པའི་བླ་མ་དམ་པ་རྣམས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་མཁའ་སྤྱོད་ས་སྤྱོད་གནས་གསུམ་ནས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་དབྱིངས་དང་འཇིག་རྟེན་གནས་རྣམས་སུ༔ བཀའ་སྲུང་དྲེགས་པ་ཕོ་མོ་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་༔ རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷུན་གྲུབ་བདེ་བ་ཆེན་པོའི་ཞིང་ཁམས་ནས༔ ལོངས་སྐུ་རིགས་ལྔ་གངས་ཆེན་ཐུགས་དམ་བསྐང་༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ ཀ་དག་སྤྲོས་མཐའ་བྲལ་བའི་ཞིང་ཁམས་ནས༔ རིག་འཛིན་ཤྲཱི་སིདྷའི་ཐུགས་དམ་བསྐང་༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་ཐུགས་དམ་བསྐང་༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ རིགས་བདག་བླ་མ་དམ་པའི་ཐུགས་དམ་བསྐང་༔ འོག་མིན་རྣམ་པར་མཛེས་པའི་ཞིང་ཁམས་ནས༔ མགོན་པོ་འཇམ་དཔལ་དབྱངས་ཀྱི་ཐུགས་དམ་བསྐང་༔ མེ་ལོང་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་རྡོ་རྗེ་རྣོན་པོའི་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་ཡོན་ཏན་རྒྱལ་པོའི་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་བདེ་ཆེན་རྒྱལ་པོའི་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དབྱངས་བདུད་འདུལ་དཔའ་བོའི་ཐུགས་དམ་བསྐང་༔ རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ ཡུམ་ཆེན་དབྱངས་ཅན་རིགས་ལྔའི་ཐུགས་དམ་བསྐང་༔ ཚད་མེད་རྣམ་བཞིས་འཁོར་བ་གནས་ནས་འདྲེན༔ འཇིགས་བྱེད་གཤིན་རྗེ་གཤེད་བཞིའི་ཐུགས་དམ་བསྐང་༔ མཁའ་སྤྱོད་བདེ་བ་ཆེན་པོའི་ཕོ་བྲང་ནས༔ འབུམ་ཕྲག་ཡངས་བའི་མཁའ་འགྲོའི་ཐུགས་དམ་བསྐང་༔ ཁམས་གསུམ་དབང་དུ་བསྡུས་པའི་དཀྱིལ་འཁོར་ནས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གནོད་སྦྱིན་ཤན་པ་དམར་ནག་ཐུགས་དམ་བསྐང་༔ ཞིང་བཅུའི་བསྟན་དགྲ་ཆོམ་ལ་འབེབས་མཛད་པའི༔ དྲང་སྲོང་གཟའ་བདུད་རྒྱལ་པོའི་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་སྲུང་དགེ་འདུན་སྡེ་སྐྱོང་བའི༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ དམ་ཅན་བཀའ་ཡི་སྲུང་མ་འཁོར་དང་བཅས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་གི་སྒོ་གསུམ་བག་མེད་དབང་གྱུར་པས༔ ཉན་ཐོས་འདུལ་ཁྲིམས་བྱང་སེམས་བསླབ་བྱ་དང་༔ གསང་སྔགས་དམ་ཚིག་རྩ་བ་ཡན་ལག་གི༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ མི་གསང་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ མ་རིག་འཁྲུལ་པའི་དབང་དུ་གྱུར་པ་ཡི༔ གཟུང་དང་འཛིན་པའི་ཡུལ་ལ་མངོན་ཞེན་ཅིང་༔ ལས་དང་ཉོན་མོངས་འཁྲུལ་པའི་ཉེས་བྱས་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ མདོར་ན་ཚེ་རབས་ཐོག་མ་མེད་དུས་ནས༔ ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་གྱིས༔ མི་དགེ་སྡིག་པའི་ལས་རྣམས་ཅི་བསགས་པ༔ མགོན་པོ་ཁྱེད་ཀྱི་དྲུང་དུ་བཤགས་པར་བགྱི༔ བྱམས་མགོན་ཐུགས་རྗེ་ཆེན་པོ་ཁྱེད་རྣམས་ཀྱིས༔ ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི༔ སྐལ་བ་ངན་པ་བདག་ལ་བརྩེར་དགོངས་ལ༔ བཟོད་པར་བཞེས་ལ་དག་ཅིང་ཚངས་པར་སྩོལ༔ ད་རེས་རྨི་ལམ་གནས་སྐབས་ཙམ་ཞིག་ཏུ༔ དཀར་པོའི་དགེ་འབྲས་ཕྲ་མོའི་རྣམ་སྨིན་གྱིས༔ མགོན་ཁྱོད་དྲན་ནས་བསྒྲུབ་ལ་བརྩོན་དུས་འདིར༔ ཐུགས་དགོངས་མཁྱེན་པའི་ཡེ་ཤེས་རྒྱུད་ལ་སྤོར༔ ལས་ངན་འཁྲུལ་པའི་ལམ་ལས་ད་བཟློག་འཚལ༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི༔ རང་ངོ་རང་ཞལ་སྤྲོད་ལ་རང་ཐོག་ཏུ༔ མངོན་སངས་རྒྱས་པར་བྱིན་གྱིས་བརླབས་མཛོད་ཅིག༔ བདག་ནི་རིང་པོར་མི་ཐོག་ཚེ་འདི་རུ༔ གདོད་མའི་མགོན་པོའི་གཞི་དབྱིངས་སངས་རྒྱས་ཏེ༔ སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་ཀྱིས༔ གང་འདུལ་ཐབས་དང་ཤེས་རབ་དུ་མ་ཡིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༔ དེ་ལྟར་བསྐང་བཤགས་སྨོན་ལམ་སྟོབས་ཆེན་དང་༔ གསང་སྔགས་ཟབ་མོའི་ཐབས་དང་རྟེན་འབྲེལ་དང་༔ ན་རག་དོང་སྤྲུགས་ཡང་སྙིང་འདི་བརྗོད་མཐུས༔ འགྲོ་ཀུན་སྒྲིབ་གཉིས་དྲི་མ་དག་གྱུར་ཅིག༔ ཨོཾ་བཛྲ་སཏྭ་ས་མ་ཡ༴སོགསཡི་གེ་བརྒྱ་པ་ཅི་མང་བརྗོད༔ གཉེན་པོ་སྟོབས་བཞིའི་ཡན་ལག་ཚང་བྱས་ཏེ༔ བསྐང་བཤགས་སྨོན་ལས་འདིར་བརྩོན་རྣལ་འབྱོར་པའི༔ ཉམས་ཆག་ཉེས་ལྟུང་ཀུན་དག་གཙང་མར་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པའི་འདིའང་སློབ་བུ་ཀུན་བཟང་ཆོས་གྲགས་དང་དགེ་འདུན་རྒྱ་མཚོ་གཉིས་ཀྱི་ངོར།།བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།