TTDL-ZABTER-03-GA-026

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-026
Wylie title TTDL-ZABTER-03-GA-026.pdf
Location bdud 'joms gling pa zab gter
Volume 3, Text 26, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ་ཡང་ཁྲོས་མ་ཧཱ་ཀཱ་ལའི་སྲེག་བླུགས་ཡེ་ཤེས་མེ་ལྕེ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༨༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཡང་ཁྲོས་མ་ཧཱ་ཀཱ་ལ་ཡི༔ སྲེག་བླུགས་ཡེ་ཤེས་མེ་ལྕེ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ རྟ་མགྲིན་ནག་པོའི་རྣལ་འབྱོར་ལ༔ དགྲ་དང་གོད་ཡམས་གདོན་འབྱུང་ཚེ༔ རང་ཉིད་རྟ་མགྲིན་ནག་པོ་ཡི༔ སྒོམ་བཟླས་སྔོན་སོང་མདུན་བསྐྱེད་ལ༔ མེ་དལ་གྲུ་གསུམ་འབར་བའི་སྟེང་༔ དྲག་པོའི་རྩང་གིས་ཧོམ་ཁུང་བརྩིགས༔ འབུལ་རྫས་འབྲུ་སྣ་ལིངྒ་བསགས༔ མདུན་དུ་རྟ་མགྲིན་ནག་པོ་ཡི༔ ཁམས་གསུམ་རོལ་པའི་ཞལ་ཧོམ་དུ༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ བཀུག་སྟེ་རྐང་མཐིལ་སྐྱ་ལྷག་གི༔ མགོ་མཇུག་ལོག་ནས་སོང་བར་བསམ༔ མིང་བྱང་ལིངྒ་སྔགས་ཀྱིས་བསྟབ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ དམར་གཏོར་ཁྲག་གིས་བྱུགས་པའང་འབུལ༔ དེ་ལྟར་དམིགས་པ་གནད་དུ་གཅེས༔ ས་མ་ཡ༔ དེ་ནས་གཞུང་དུ་འཇུག་པ་ལ༔ སྐྱབས་སེམས་མཚམས་བཅད་སྔོན་སོང་ནས༔ དཀྱིལ་འཁོར་ཆེན་པོའི་བྱ་བ་ནི༔ སྔགས་ཀྱི་སྣང་སྲིད་དག་པར་སྦྱངས༔ རྩ་བའི་སྔགས་ནི་ལན་གསུམ་བརྗོད༔ མདུན་དུ་གྲུ་གསུམ་དམར་ནག་འབར་བའི་ཨེ་ཀློང་དྲེགས་པ་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་དུ༔ པདྨ་ཉི་མ་བམ་གྱི་སྟེང་དུ་ཧྲཱིཿཡིག་དམར་ནག་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ༔ ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་ཧྲཱིཿལ་ཐིམ༔ མར་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས༔ དེ་དག་གི་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཧྲཱིཿལ་ཐིམ་པས་དེ་གནས་སུ་གྱུར་པ་ལས༔ བཅོམ་ལྡན་འདས་རྟ་མགྲིན་ཡང་ཁྲོས་ནག་པོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྡེ་བརྒྱད་དྲེགས་པ་ཕོ་མོའི་སྟེང་དུ་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ གཡས་ཀྱི་དང་པོས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་༔ འོག་མས་ལྕགས་ཀྱུས་ཁམས་གསུམ་འགུགས་པ༔ གཡོན་གྱི་དང་པོ་ཐོད་ཁྲག་དང་འོག་མས་སྦྲུལ་ཞགས་བསྣམས་ནས་ཁམས་གསུམ་ཁྲག་ཏུ་རོལ་ཞིང་སྣང་སྲིད་ཐམས་ཅད་རྟོག་མེད་མཉམ་པ་ཉིད་དུ་འཆིང་བར་བྱེད་པ༔ སྐུ་ལ་བེར་ནག་གསོལ་ཞིང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་དུ་འདྲིལ་བ༔ མཆེ་བ་ཟླ་ལྟར་གཙིགས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་འབར་ཞིང་མེ་ཡི་ཚྭ་ཚྭ་མགར་གྱི་ཚྭ་ཞགས་ལྟར་དུ་འཕྲོས་ནས་གནོད་བྱེད་ཐམས་ཅད་བསྲེགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུགས་པས་གནོད་བྱེད་ཐམས་ཅད་བརྒྱལ་ཞིང་འབོགས་པ༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲིགས་པས་སྲིད་གསུམ་སྔངས་ཤིང་འདར་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་ལྷང་ལྷང་མཚེར་ནས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རང་གདངས་རིགས་བཞིའི་ཁྲག་འཐུང་ཁྲོས་མ་སྒོ་སྐྱོང་དང་བཅས་པ་ངོ་བོ་སོ་སོར་མི་གཞན་པ་ལས༔ རྣམ་པ་མ་འདྲེས་ཡོངས་རྫོགས་ཉི་མ་དག་འོད་ཟེར་བཞིན་དུ་རང་ཤར་རང་གསལ་ཆེན་པོའི་བདག་ཉིད་ཅན་དུ་གྱུར༔ དེ་དག་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ལས་འོད་དང་འོད་ཟེར་རབ་ཏུ་འཕྲོས་པས་རྟ་མགྲིན་པདྨ་དབང་གི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ རྩ་སྔགས་མཐར༔ བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་པདྨ་ཡང་ཁྲོས་སྐུ༔ གསང་ཆེན་གསུང་གི་འཁོར་ལོ་ཡོངས་རྫོགས་ལྷ༔ མ་ལུས་སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ རྟ་མགྲིན་ཡང་ཁྲོས་ལྷ་ཚོགས་སྤྱན་འདྲེན་ནོ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ བདག་ཅག་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་སྲོག་བདག་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ གོད་འདྲེ་འགོང་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ མི་ནད་ཕྱུགས་ནད་འཇོམས་ཕྱིར་གཤེགས་སུ་གསོལ༔ བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ་ཛཿཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿམ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ ཆེ་མཆོག་པདྨ་ཡང་ཁྲོས་ནག་པོ་ཆེ༔ དམ་ཚིག་ཡེ་ཤེས་གཉིས་མེད་རོ་གཅིག་རོལ༔ མཉམ་སྤྱོར་བདེ་བ་ཆེན་པོའི་ཏིང་འཛིན་བསྐྱེད༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ སྲིད་གསུམ་གདུག་པ་མ་ལུས་འཇོམས་མཛད་པ༔ ཆེ་བའི་ཆེ་མཆོག་པདྨ་ཡང་ཁྲོས་སྐུ༔ གཉིས་མེད་འཁོར་གྱི་རོལ་པ་རྫོགས་པའི་ལྷར༔ གར་གྱི་ཉམས་འགྱུར་རོལ་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོས་སྲིད་པ་གསུམ་བཀང་ནས༔ རྟ་མགྲིན་ཡང་ཁྲོས་དཀྱིལ་འཁོར་ལྷ་ལ་འབུལ༔ དགྲ་བགེགས་ལོག་འདྲེན་མ་ལུས་ལྷག་མེད་རོལ༔ ཨརྒྷཾ་པཱདྱཾ་སོགས་ནསཤཔྡ་སརྦ་དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱིཿགཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག༔ མི་ཟད་ཡེ་ཤེས་བདུད་རྩིར་བྱིན་རླབས་ནས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་ཞལ་དུ་འབུལ༔ བརྣག་པའི་དགྲ་བགེགས་དཔུང་བཅས་ལྷག་མེད་རོལ༔ ཨོཾ་རཱུ་པ་ཤཔྡ་སོགས་སྤཪྴེ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱིཿསྨན་གཏོར་རཀྟ་མཆོད་པའི་ཡོ་བྱད་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོ་རབ་སྤེལ་ནས༔ རྟ་མགྲིན་ཡང་ཁྲོས་དཀྱིལ་འཁོར་ལྷ་ལ་འབུལ༔ བརྣག་པའི་དགྲ་བགེགས་མ་ལུས་ལྷག་མེད་རོལ༔ ཨོཾ་ཨཱཿསརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་སརྦ་ཛྭ་ལ་རཾ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿདུས་གསུམ་རྒྱལ་ཀུན་གསུང་གི་ངོ་བོ་ཉིད༔ ཆེ་བའི་ཆེ་མཆོག་པདྨ་དབང་གི་ལྷ༔ རབ་འཇིགས་རྔམས་བརྗིད་དྲག་པོའི་སྐུར་སྟོན་པ༔ རྟ་མགྲིན་ཡང་ཁྲོས་འཁོར་དང་བཅས་ལ་བསྟོད༔ ཁྱེད་ལ་བསྟོད་ཅིང་གུས་པས་གསོལ་འདེབས་ནི༔ མ་ཉེས་རང་སར་འདུག་པའི་རྣལ་འབྱོར་ལ༔ སྡང་བའི་དགྲ་བགེགས་མཁྱེན་བཞིན་མ་ཤོར་བར༔ དྲག་པོ་མེ་ཧོམ་འབར་བའི་ཞལ་དུ་བཞེས༔ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་མཛོད༔ དེ་ནས་བསྲེག་རྫས་ལིངྒ་མཉམ་པར་དགྲ་བགེགས་སུ་དམིགས་ནས་འབུལ་བ་ནི༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོ་འཁོར་དང་བཅས༔ མ་གཡེལ་ཐུགས་དམ་གཉན་པོའི་དུས་ལ་བབ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་རྣམས༔ མ་ལུས་བསྒྲལ་ནས་ལྷག་མ་མ་ལུས་པར༔ འབུལ་རྫས་འདི་དང་གཉིས་སུ་མེད་པར་རོལ༔ དེ་ནས་འབུལ་བ་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཁཱ་ཧི༔ ལན་བརྒྱ་སྟོང་སོགས་ཀྱིས་འབུལ་བའི་སྐབས་སུ༔ སྣང་སྲིད་ཁམས་ཀྱི་གནོད་བྱེད་དགྲ་བགེགས་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་འབྲས་བུ་ཕུལ་གྱིས་བཅུས་པ་བཞིན་དུ་དགང་གཟར་གྱིས་བཅུས་ཏེ་པདྨ་དྲག་པོའི་ཞལ་ཧོམ་དུ་སིབ་སིབ་ཀྱིས་ཐིམ་པར་བསྒོམ་སྟེ་བཅུས་ཚུལ་བྱས་ཏེ་བསྟབ་བོ༔ མཐར་ཡང་རྣམ་ལྔ་འདོད་ཡོན་སྨན་གཏོར་རཀྟ་རྣམས་གོང་ལྟར་ཕུལ་ནས་བསྟོད་དོ༔ དེ་ནས་མེ་ཐུན་འགྱེད་ན་མཚམས་འདིར་བྱ༔ དེ་མིན་སྲེག་བླུགས་རྐྱང་པར་གཤེགས་གསོལ་འདི་ལྟར་བྱ༔ ཧཱུྃ༔ དབང་ཆེན་ཡང་ཁྲོས་དཀྱིལ་འཁོར་ལྷ༔ ཆོས་སྐུ་སྐྱེ་མེད་དབྱིངས་སུ་བསྡུ༔ དོན་ལ་ངོ་བོ་མཐའ་བྲལ་ཀློང་༔ ལྷ་དང་རང་སྣང་གཅིག་ཏུ་འདྲེས༔ ཨ་ཨཱཿཕཊ༔ དེ་ནས་མེ་ཡི་ཚ་ཟེར་འགྱེད་འདོད་ན༔ ཧཱུྃ༔ དབུས་ནས་ཡང་ཁྲོས་ནག་པོ་ལ༔ ཆོས་དབྱིངས་ཡེ་ཤེས་མེ་འབར་བས༔ གཏི་མུག་ལས་བྱུང་ལྷ་འདྲེ་གདོན༔ ནད་དང་སྡུག་བསྔལ་རྒྱུ་འབྲས་བཅས༔ མ་ལུས་རྗེས་ཤུལ་མེད་པར་རཾ༔ ཤར་ཕྱོགས་རྡོ་རྗེ་ཡང་ཁྲོས་ལ༔ མེ་ལོང་ཡེ་ཤེས་མེ་འབར་བས༔ ཞེ་སྡང་ལས་གྱུར་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ལྷོ་ཕྱོགས་རཏྣ་ཡང་ཁྲོས་ལ༔ མཉམ་ཉིད་ཡེ་ཤེས་མེ་འབར་བས༔ ང་རྒྱལ་ལས་བྱུང་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ནུབ་ནས་པདྨ་ཡང་ཁྲོས་ལ༔ སོར་རྟོག་ཡེ་ཤེས་མེ་འབར་བས༔ འདོད་ཆགས་ལས་བྱུང་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ བྱང་ནས་ལས་ཀྱི་ཡང་ཁྲོས་ལ༔ བྱ་གྲུབ་ཡེ་ཤེས་མེ་འབར་བས༔ ཕྲག་དོག་ལས་བྱུང་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ཕྱོགས་བཞི་ཕྲིན་ལས་ལས་ཀྱི་སྒོར༔ ཡེ་ཤེས་སྒོ་མ་རྣམ་བཞི་ལ༔ ཚད་མེད་བཞི་ཡི་མེ་འབར་བས༔ སྐྱེ་གནས་བཞི་ལས་སྐྱེས་པ་ཡི༔ གདོན་བགེགས་མི་མཐུན་ཕྱོགས་རྣམས་ཀུན༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དུ་ཏྲི་རཱུ་དྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་སོད་རཾ་རཾ༔ རྦད་རཾ་རཾ༔ ཐུཾ་རི་ལི་ལི་རཾ་རཾ༔ ཨེ་ཧུར་ཐུཾ་ཛྭ་ལ་རཾ་རཾ༔ ཛྭ་ལ་རཾ་རཾ༔ ཧཱུྃ་བཞིའི་སྔགས་བརྗོད་མེ་ཐུན་བརྒྱབ༔ སྣང་སྲིད་ཀྱི་ཁམས་ཐམས་ཅད་རྟ་མགྲིན་རིགས་ལྔའི་མེའི་དབལ་གྱིས་ཁྱབ་ནས་གནོད་བྱེད་ནད་གདོན་བར་ཆད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་གཞོམ་པར་བསམ་མོ༔ མཐར་བསྡུ་རིམ་རྗེས་ཀྱི་སྤྱོད་པ་ཐམས་ཅད་རྫོགས་པར་བྱའོ༔ སྲུང་འཁོར་ཡང་བསྒོམ༔ འདི་ནི་རྣལ་འབྱོར་དམ་པའི་ལམ༔ གོད་ཡམས་སྣ་ཚོགས་འབྱུང་དུས་དང་༔ རྟ་དྲེལ་ནད་སྣ་ལང་བ་དང་༔ འགོང་གཤེད་ཕྱུགས་ལ་གཟན་པ་དང་༔ མི་ལ་ནད་རིམས་གཉན་ལ་ཁ༔ ན་ཚ་རྒྱུན་དུ་བྱུང་བ་དང་༔ སྣ་ཚོགས་གདོན་གྱིས་ཉེས་པ་དང་༔ བྱད་ཕུར་རྦོད་གཏོང་འབྱུང་བའི་ཚེ༔ དམིགས་གནད་དེ་ལ་གཟིར་ནས་བྱ༔ རྣལ་འབྱོར་བསྐྱེད་རྫོགས་གདིང་ལྡན་ན༔ རྡོ་རྗེ་ཡིན་ཡང་འཇིག་པར་ནུས༔ འདི་ཡིས་མི་ཐུབ་གང་ཡང་མེད༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ གསང་བ་བརྡ་ཡི་རིས་སུ་ཐོབས༔ ཁམས་ཀྱི་རྡོ་རྗེ་བྲག་ལ་སྦོས༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ལྡན་བུ་ལ་བརྩེ་བས་སྐྱོངས༔ དམ་ཉམས་བྱུང་ན་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེ་ཁམས་ཡུལ་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅུ་གསུམ་ལ་བཀའ་རྒྱ་བྱས་ནས་མཐར་སྨར་མདོ་དགའ་བ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་སོ།།ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བར།།དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ།།ཨྠིྀ།།དགེའོ།།དགེའོ།།དགེའོ།སརྦ་མངྒ་ལཾ།།།།༈མདུན་དུ་རྟ་མགྲིན་ནག་པོ་ཡི༔ ཁམས་གསུམ་རོལ་པའི་ཞལ་ཧོམ་དུ༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ བཀུག་སྟེ་རྐང་མཐིལ་སྐྱ་ལྷག་གིས༔ མགོ་མཇུག་ལོག་ནས་སོང་བར་བསམ༔ འགུགས་པ་སོགས་བརྗོད༔ སྲེག་བླུགས་ལས་སོ།།།།